དགེ་རྒྱས་རྫོང་གི་དེ་སྔའི“བྲག་ཕུག་སློབ་གྲྭའི”ནང་ལྗོངས།
ཤིན་ཧྭ་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གུར་གསུམ་ནི་གཞུང་ལས་སྒྲུབ་ས་དང་འཚོ་བ་སྐྱེལ་སའི་ས་ཆ་ཡོངས་རྫོགས་ཡིན་ལ། རང་བྱུང་བྲག་ཕུག་ནང་ནག་པང་ཞིག་བཞག་པ་ན“སློབ་གྲྭ”ཞིག་ཏུ་འགྱུར…… བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གིས་ལོ་རྒྱུས་ཀྱི་པར་རྙིང་པ་ལྟར་མངའ་རིས(དགེ་རྒྱས)ཀྱི་ཐད་གཏོགས་མཛོད་ཀྱི་གནའ་ཤུལ་ཁག་གཅིག་སླར་གསོ་བྱས་ཏེ་ལྟ་སྐོར་དུ་ཡོང་མཁན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མངའ་རིས་པ་རྒན་རབས་ཚོས་དཀའ་སྤྱད་འབད་བརྩོན་དང་རང་སྟོབས་རང་སྤེལ་གྱི་འབད་འཐབ་སྙིང་སྟོབས་ཚོར་ཐུབ་པ་བྱས་ཏེ། དུས་རབས་གསར་པར་བོད་སྐྲུན་བོད་དར་གྱི་བསམ་པའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།
“འཐབ་འཛིང་པ་ཀྲའོ་ལིའུ་ཀྲུའུ་ཡག་རྭ་ཤང་དུ་ཇག་པ་བཅུ་ལྷག་ཙམ་དང་དམར་འཛིང་བྱས་ནས། ལུས་ལ་རྨས་སྐྱོན་ཚབས་ཆེན་ཕོག་མོད། འོན་ཀྱང་ཁོས་སྔོན་ལ་སྨན་བཅོས་མ་བྱས་པར། རྟ་བཞོན་ནས་ཇག་པའི་གནོད་འཚེ་སྙན་སེང་ཞུ་བར་བསྐྱོད། རྟ་ཤི་ན་ནོར་བཞོན་པ་དང་། ནོར་བཞོན་ཐབས་མེད་དུས་མེ་མདའ་འཁར་བ་བྱས་ནས། གོམ་པ་གང་རེ་གང་རེ་བྱས་ནས་མདུན་དུ་བསྐྱོད་དེ་མཐར་གནས་ཚུལ་དེ་སྙན་སེང་ཞུ་ཐུབ་པ་དང་རང་ཉིད་ཀྱང་རྨས་སྐྱོན་ཚབས་ཆེ་དྲགས་པས་སྐུ་གཤེགས་པ་རེད།” འགྲེལ་བཤད་རྒྱག་མཁན་གྱིས་གཏམ་རྒྱུད་འདི་བཤད་སྐབས། 2017ལོར་བོད་ལྗོངས་སུ་ལས་ཀ་བྱེད་པར་ཡོང་མཁན་དགེ་རྒྱས་རྫོང་ཞིང་འབྲོག་ཅུས་ཀྱི་ལས་བྱེད་པ་ལི་ལུང་གིས་དེ་གར་མིག་ཆུ་ཤོར་བ་རེད།
ལི་ལུང་གིས“དེ་སྔོན་གྱི་ཆ་རྐྱེན་དེ་འདྲ་སྡུག་རུང་། སྔོན་བྱོན་པ་རྣམས་ཀྱིས་ལས་ཀ་དེ་འདྲའི་ཡག་པོ་སྒྲུབ་ཐུབ་པ་དང་དད་མོས་དེ་འདྲའི་བརྟན་པོ་ཡིན་དོན་ཅི་རེད”ཅེས་བཤད་པ་དང་། “དད་མོས་ནི་དངོས་པོའི་ཆ་རྐྱེན་དང་འབྲེལ་བ་མེད་ལ། དེ་ནི་མིའི་སེམས་གཏིང་གི་བརྟན་སྲུང་རྣམ་དག་དེ་རེད། རྒན་རབས་པ་རྣམས་ཀྱིས་ད་ལྟའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ། ཁོང་ཚོས་མངོན་པའི་དད་མོས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་བའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དེ་ནི་ང་ཚོ་གཞོན་རབས་ཚོར་མཚོན་ན་ལྕག་སྐུལ་ཡག་ཤོས་དེ་རེད། འདིས་ང་ཚོར་འདི་རུ་ལང་ཚོ་སྐྱེས་སུ་ཕུལ་ནས། མང་ཚོགས་ཀྱིས་འཚོ་བ་སྐྱིད་པོ་རོལ་རྒྱུར་སྣེ་ཁྲིད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད”ཅེས་མུ་མཐུད་ནས་བཤད་པ་རེད།
རྟེན་གཞིའི་སྒྲོག་འགྲེལ་པ། དགེ་རྒྱས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རོན་ཀྲེན་ཀྲེན་གྱིས“ན་ནིང་ལོ་མཇུག་ཏུ་བསྐྲུན་ཚུན་དེ་གར་ལས་བྱེད་པ་དང་མང་ཚོགས་མང་པོར་སྣེ་ལེན་ཞུས་ཡོད། མི་མང་པོ་ཞིག་གིས་ཉན་བཞིན་ཉན་བཞིན་ངུས་བྱུང་ལ། རྒྱུན་མི་ཆད་པར་མིག་ཆུ་ཕྱིས་པ་རེད”ཅེས་བཤད་པ་དང་། “ངས་ཐེངས་མང་པོར་བཤད་མྱོང་མོད། འོན་ཀྱང་སྔོན་ཆད་གསར་བརྗེའི་སྔོན་གཤེགས་དཔའ་བོས་ད་ཆའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ཆེད་རང་སྲོག་བློས་བཏང་བའི་དཔའ་ངར་གྱི་བྱས་རྗེས་གླེང་སྐབས་ད་དུང་དབང་མེད་དུ་སྣ་སྐྱུར་ལངས་ཀྱི་ཡོད”ཅེས་བཤད་པ་རེད།
ས་ཆ་གཅིག་ཏུ་ལོ་བཅུ་ཕྲག་ཁ་ཤས་གོང་གི་ལུང་སྟོང་གི་རྣམ་པ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་བསྡུར་བ་ཆེན་པོ་བྱུང་ཡོད་ལ། ལྟ་སྐོར་དུ་ཡོང་མཁན་མང་ཚོགས་ཀྱིས་རང་དབང་མེད་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཚོ་བའི་འགྱུར་ལྡོག་ལ་ཚོར་བ་ཟབ་མོ་བྱུང་ཡོད། རྟེན་གཞིའི་ནང་གི“བྲག་ཕུག་སློབ་གྲྭ”སྟེ་རང་བྱུང་བྲག་ཕུག་ཅིག་གི་ནང་དུ་ནག་པང་ཞིག་བཞག་ཡོད་པ་དེས། དགེ་རྒྱས་གྲོང་རྡལ་ཟན་བུ་གྲོང་ཚོའི་བུད་མེད་འཐུས་ཚོགས་ཀྱི་ཀྲུའུ་རེན་ཉི་མར་ལྟ་སྐོར་བྱས་རྗེས་མྱོང་ཚོར་ཟབ་མོ་བྱུང་བཅུག་ཡོད། ཁོང་གིས“ད་ཆ་ངའི་ཚ་བོ་དང་ཚ་མོ་ཚང་མ་སློབ་གྲྭར་འགྲོ་གི་ཡོད། སློབ་ཁང་དཀར་ཆ་དོད་ལ་ཟ་རྒྱུ་སྤྱོད་རྒྱུ་ཚང་མ་ཧ་ཅང་བཟང་པོ་ཡོད་པ་རེད”ཅེས་བཤད་པ་དང་། “སྔོན་ཆད་ལ་ལྟོས་ནས་ད་ལྟ་དང་བསྡུར་ན། ངས་སེམས་གཏིང་ནས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་ཚེ་འབྱུང་འགྱུར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་ངེས་རེད་ཅེས་བསམ་གྱི་ཡོད”ཅེས་བཤད་པ་རེད།
ལོ་70ལྷག་ཙམ་ལ་སླེབས་པའི་མང་ཚོགས་ཚེ་རིང་འཇིགས་མེད་ཀྱིས་ལས་གྲྭའི་རུ་ཁག་ཆེ་ཆུང་ཁག་གི་ནང་ལས་ཀ་བྱེད་ཀྱི་ཡོད་པས་ཡོང་འབབ་ཆེན་པོ་ཡོད་པ་རེད། ཁོང་གིས་རྫོང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཙུགས་པ་ཤེས་དུས། རང་འགུལ་ངང་དེ་གར་སྲུང་རྒྱུའི་བླང་བྱ་བཏོན་ནས་རང་མོས་ངང་ལྟ་སྐོར་དུ་ཡོང་མཁན་མང་ཚོགས་ལ་སྒྲོག་འགྲེལ་བྱེད་པ་རེད། “དངུལ་ལོར་གྱི་ཐོབ་ཐང་དང་བསྡུར་ན་ངས་ད་ལྟའི་སེམས་ཁམས་ཀྱི་བློ་ཡིད་ཚིམ་པོ་ཡོང་རྒྱུར་དེ་བས་དོ་སྣང་བྱེད་ཀྱི་ཡོད། སྔོན་ཆད་ང་ཚོའི་ཏང་དང་ང་ཚོའི་ལས་བྱེད་པ་རྣམས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་གང་ཐུབ་བྱེད་པ་དང་། ཐ་ན་རང་སྲོག་བློས་བཏང་བར་མི་འཛེམ་པའི་གཏམ་རྒྱུད་ཚང་མར་བཤད་ཐུབ་པས་ང་ཡིད་ཚིམ་བྱུང”ཞེས་ཚེ་རིང་འཇིགས་མེད་ཀྱིས་བཤད་པ་རེད།
རྟེན་གཞིར་ཆ་ཚང་སོར་འཇོག་བྱས་པའི་ས་ཁང་ཞིག་གི་གྱང་ངོས་སུ། སྐབས་དེ་དུས་འདི་གར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱིས་རྡོ་ཐལ་དཀར་པོས་བྱུགས་པའི“བདེ་སྐྱིད་དགེ་རྒྱས་སུ་ཡོད”ཅེས་པའི་སྦྱར་ཡིག་དེ་བས་མངོན་གསལ་དོད་པོ་ཡོད། ད་ཆ། དགེ་རྒྱས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་དེས་སྔོན་བྱོན་པ་ཚོའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད་དེ། ཡངས་ཤིང་གྲལ་འགྲིག་པའི་རྫོང་གྲོང་གི་ཁྲོམ་གཞུང་དང་། སློབ་གྲྭའི་ནང་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་། མང་ཚོགས་དབུལ་སྒྲོལ་ཐུབ་རྗེས་ངོ་གདོང་ནས་འཕྱུར་བའི་འཛུམ་མདངས……དེ་དག་ཚང་མས་མི་རྣམས་ལ་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་དགེ་རྒྱས་ཀྱི་འབྱུང་འགྱུར་དེ་བས་འོད་ཟེར་ལྡན་པ་ཞིག་ཡོང་ངེས་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
དགེ་རྒྱས་རྫོང་གི་མང་ཚོགས་དང་བྱིས་པ་ཚོ“བདེ་སྐྱིད་དགེ་རྒྱས་སུ་ཡོད”ཅེས་པའི་སྦྱར་ཡིག་འོག་རྩེད་མོ་རྩེ་བཞིན་པ།
http://tibet.people.com.cn/15827347.html