ཞི་ཅིན་ཕིང་གིས་ཀྲུང་གོ་ཟློས་གར་སློབ་གླིང་གི་དགེ་སློབ་རྣམས་ལ་འཕྲིན་ལན་བསྐུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-27


        ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཟློས་གར་སློབ་གླིང་གི་དགེ་སློབ་རྣམས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོས་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་རེ་བ་ནན་མོ་བཏོན།
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་རྒྱུར། ཁྱོད་ཚོ་རྒན་དར་གཞོན་བྱིས་མི་རབས་བཞི་ཡི་དགེ་སློབ་རྣམས་ཀྱིས་འཕྲིན་ཡིག་བསྐུར་ཡོང་བ་དེ་ལས་ཀྲུང་གོ་ཟློས་གར་སློབ་གླིང་གིས་སློབ་སྒྲུབ་ཐད་ནས་བླངས་པའི་གྲུབ་འབྲས་མངོན་པར་བྱས་པ་དང་། ཟློས་གར་སྒྱུ་རྩལ་བརྒྱུད་སྤྲོད་གང་ལེགས་བྱས་པར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ལ། ཁྱོད་ཚོ་དང་དེ་མིན་སློབ་གླིང་ཡོངས་ཀྱི་དགེ་སློབ་ཚང་མར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་ཡིན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཟློས་གར་ནི་ཀྲུང་ཧྭ་རིག་གནས་ཀྱི་གཅེས་ནོར་རྩ་ཆེན་ཡིན་པས། ཟློས་གར་ལས་དོན་དར་རྒྱས་གོང་འཕེལ་དུ་གཏོང་བའི་གནད་འགག་ནི་མི་ལ་རག་ལས་ཡོད། ཀྲུང་གོ་ཟློས་གར་སློབ་གླིང་གིས་སློབ་གྲྭ་བཙུགས་ནས་ལོ་བདུན་ཅུ་འཁོར་བ་འགོ་ཚུགས་ས་གསར་བ་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་ལེགས་པའི་མི་སྐྱེད་སྲིང་བྱེད་པའི་གཞི་རྩའི་ལས་འགན་དངོས་འབེབས་བྱེད་དགོས་ལ། རྒྱ་ཆེའི་དགེ་སློབ་རྣམས་ལ་སྣེ་ཁྲིད་བྱས་ཏེ་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། གོམས་སྲོལ་བཟང་བོ་དར་སྤེལ་བྱེད་པ། དྲང་བདེན་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་སྒྱུ་རྩལ་གྱི་དོན་སྙིང་འཚོལ་ཞིབ་བྱེད་པ་དང་མི་དམངས་ལ་ཞབས་ཞུ་སྒྲུབ་སྐབས་སྒྱུ་རྩལ་གྱི་སེམས་འདུན་མི་བརྗེད་པར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
        ཀྲུང་གོ་ཟློས་གར་སློབ་གླིང་སྟེ་རིག་གནས་པུའུ་ཟློས་གར་སྒྱུར་བཅོས་ཅུའུ་ཟློས་གར་ཚོད་ལྟའི་སློབ་གྲྭ་ནི་གཅིག་དགུ་ལྔ་བཅུ་ལོར་བཙུགས་པ་དང་དེ་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱིས་བཙུགས་པའི་ཟློས་གར་སློབ་གསོའི་ལས་ཁུངས་དང་པོ་ཡིན། ཉེ་སྔོན་ཀྲུང་གོ་ཟློས་གར་སློབ་གླིང་གི་དགེ་སློབ་ཁ་ཤས་ཀྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ལོ་ངོ་བདུན་ཅུའི་རིང་གི་སློབ་གླིང་འཕེལ་རྒྱས་ཀྱི་གནས་ཚུལ་ཡར་ཞུ་བྱས་ནས། ཟློས་གར་ལས་དོན་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྟོབས་ཤུགས་འདོན་པའི་ཐུན་མོང་གི་རེ་འདུན་མཚོན་པར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1