ཟླ་10ཚེས་26ཉིན། 2020ལོའི་ཀྲུང་གོ་སི་ཁྲོན་རོང་བྲག་གི་རྒྱལ་རོང་གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་དུས་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་ཀྲང་ཀུའུ་གྲོང་རྡལ(ད་ལྟའི་ཁྲེན་ཞང་གྲོང་རྡལ་)དུ་འགོ་ཚུགས། ད་ཐེངས་ཀྱི་བྱེད་སྒོར་རོང་བྲག་རྫོང་གི་གདོད་མའི་སྣོད་བཅུད་ཀྱི་མི་རིགས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་ནང་དོན་ཟབ་པ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་རོང་བྲག་རྒྱལ་རོང་གི་ཡུལ་སྲོལ་གོམས་གཤིས་གང་ལེགས་མངོན་ཡོད། མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་ཞི་མཐུན་རིག་གནས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཡོད།
ད་ཐེངས་ཀྱི་རྒྱལ་རོང་གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་དུས་ཆེན་གྱིས“གནའ་བོའི་བཙན་རྫོང་དང་བོད་ཀྱི་གྲོང་སྡེ། མཛེས་མའི་རོང—ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་གསེབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། གདོད་མའི་གླུ་གར་དང་སྐོར་བྲོ་འཁྲབ་སྟོན་རྣམ་པ་གཙོ་བོར་བཟུང་བ་རེད། བྱེད་སྒོ་སྤེལ་ཡུལ་དུ། རོང་བྲག་བུད་མེད་ཀྱི་མཛེས་སྡུག་སྟོན་པའི་ལེ་ཚན《རྒྱལ་རོང་རྒྱན་གོས་ཀྱི་འཁྲབ་སྟོན》དང་། རྒྱལ་རོང་བོད་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་སྟོན་པའི་ལེ་ཚན《གཉེན་སྟོན་སྐོར་བྲོ》 བརྗེད་པར་དཀའ་བའི་ལོ་ཟླ་གླུར་བླངས་པ་དང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་བསྟོད་གླུ་ཕུལ་པའི་ལེ་ཚན《མེས་རྒྱལ་ངས་ཁྱེད་ལ་དགའ》 བརྩེ་བ་ཟབ་མོས་ཕ་ཡུལ་ལ་རྟེན་འབྲེལ་ཞུ་བའི་ལེ་ཚན《བཀྲ་ཤིས་སྐོར་བྲོ》བཅས་དང་དེ་བཞིན་ཁྱད་ལྡན་ལེ་ཚན་གཞན་དག་ཡོད་པ་རེད།
རོང་བྲག་རྒྱལ་རོང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། སྔ་ཤོས་ནི་མི་རྣམས་ཀྱིས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཞིག་རེད། དབྱར་བསྡུའི་དུས་སམ་སྟོན་སྡུད་རྗེས་ཀྱི་ཞིང་ལས་དལ་དུས། མི་རྣམས་ཀྱིས་སོ་སོས་བསྙལ་བའི་ཆང་གསར་བ་ཁྱེར་བཞིན་མཉམ་དུ་འདུས་ནས་ཕྱོགས་གཅིག་ནས་ཆང་ཞིམ་པོ་འཐུང་བ་དང་། ཕྱོགས་གཅིག་ནས་སྐོར་བྲོ་འཁྲབ་ནས་ལོ་ལེགས་བྱུང་རྗེས་ཀྱི་ཁོམ་ལོང་དགའ་གཏོང་བྱས་པ་དང་། ལོ་གཅིག་གི་ངལ་དུབ་སེལ་བ་རེད། ཡུན་རིང་འགོར་རྗེས་གོམས་སྲོལ་དུ་ཆགས་ཏེ་རྒྱུན་འཛིན་བྱས་པས། བྱེད་སྒོའི་གཞི་ཁྱོན་ཇེ་ཆེར་གྱུར་པ་དང་། ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡུལ་སྲོལ་གོམས་གཤིས་དུས་ཆེན་དེ་ཚེས་28ཉིན་བར་སྤེལ་རྒྱུ་རེད།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་ལ“མཛེས་མའི་རོང”ཞེས་པའི་མཚན་སྙན་ཡོད། དེ་ནི་རྒྱལ་མོ་རྔུལ་ཆུའི་གྲོང་ཁྱེར་དང་པོ་ཡིན་ལ། རྒྱ་རོང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རིག་གནས་ཀྱི་ཁྱབ་ཡུལ་གཙོ་བོ་ཡིན་ཞིང་། སི་ཁྲོན་ཞིང་ཆེན་ཁྲོན་ནུབ་ཡུལ་སྐོར་སྐོར་ལམ་ཐོག་གི་འབྲེལ་མཐུད་བྱེད་ས་དང་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཀྱང་རེད། “བརྒྱ་གཅིག་ཏུ་བོད་གྲོང་སྐོར་བ་དང་། སོག་པོ་རུ་བཙན་རྫོང་ལ་ལྟ་བ། བྲག་སྟེང་དུ་མཛེས་མ་ལ་ལྟ་བ། སྤྲོ་སྣང་དུ་ཕོ་རྒོད་ལ་ལྟ་བ། གདོང་གླིང་དུ་ཆུ་ཚན་ལ་ཞུགས་པ”ཞེས་པའི་བཤད་ཚུལ་ཡོད། (http://tibet.people.com.cn/15827794.html)