རྒྱ་གར་དང་ཨ་མེ་རི་ཁས་གྲོས་མཐུན་བཀོད་དེ་དམག་དོན་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-29


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་དང་ཨ་མེ་རི་ཁས་ཚེས27ཉིན་དྷི་ལེ་གསར་བ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་ཡུལ་དུས་ཀྱི་གསང་འཕྲིན་མཉམ་སྤྱོད་བྱེད་པའི་གཞི་རྩའི་བརྗེ་རེས་དང་མཉམ་ལས་གྲོས་མཐུན་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས། 
        གཞི་རྩའི་བརྗེ་རེས་དང་མཉམ་ལས་གྲོས་མཐུན་ལ་དམག་དོན་གྱི་སྤྱོད་སྒོ་མང་བོ་ལྡན་པ་དང་། རྒྱ་གར་ལ་ཡང་དག་པའི་ཡུལ་དུས་ཀྱི་གཞི་གྲངས་ཐོབ་ནས། འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ཆམ་ཕབ་གཏོང་བའི་ཡང་དག་རང་བཞིན་ཇེ་མཐོར་གཏོང་ཐུབ་པ་རེད། 
        རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བལྟས་ན། གཞི་རྩའི་བརྗེ་རེས་དང་མཉམ་ལས་གྲོས་མཐུན་བཀོད་པ་དེ་ལས་རྒྱ་གར་དང་ཨ་མེ་རི་ཁས་ཕྱིན་ཆད་གསང་འཕྲིན་དང་བརྡ་འཕྲིན་གཙོ་བོ་མཉམ་སྤྱོད་བྱེད་པའི་མཚོན་རྟགས་ཡིན་ལ། རྒྱ་གར་གྱིས་ཀྱང་ཨ་མེ་རི་ཁ་ནས་མི་བསྡད་མེད་པའི་གནམ་གྲུ་སོགས་ཆེས་སྔོན་ཐོན་གྱི་མཚོན་ཆ་དང་སྒྲིག་ཆས་ཉོ་བསྡུ་བྱས་ཆོག་པ་རེད། 
        ཨ་མེ་རི་ཁ་དང་དམག་དོན་མནའ་མཐུན་རྒྱལ་ཁབ་བར་དུ་རྒྱུན་པར་རྨང་གཞིའི་རང་བཞིན་གྱི་འགོག་སྲུང་མཉམ་ལས་ཡིག་ཆ་གསུམ་འགོད་སྲིད་དེ། དམག་དོན་སྒྲིག་ཆས་མཉམ་སྤྱོད་བྱེད་པའི་མཁོ་སྒྲུབ་བདེ་འཇགས་གྲོས་མཐུན་དང་། ཡུལ་དུས་ཀྱི་གསང་འཕྲིན་མཉམ་སྤྱོད་བྱེད་པའི་གཞི་རྩའི་བརྗེ་རེས་དང་མཉམ་ལས་གྲོས་མཐུན། དམག་དོན་འཕྲིན་གཏོང་མ་ལག་མཉམ་སྦྲེལ་བྱེད་པའི་འཕྲིན་གཏོང་བདེ་འཇགས་གྲོས་མཐུན་བཅས་རེད། རྒྱ་གར་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་སོ་སོར་ཉིས་སྟོང་བཅུ་དྲུག་ལོར་མཁོ་སྒྲུབ་བདེ་འཇགས་གྲོས་མཐུན་བཀོད་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་འཕྲིན་གཏོང་བདེ་འཇགས་གྲོས་མཐུན་བཀོད་པ་རེད། 
        དེ་ནི་རྒྱ་གར་དང་ཨ་མེ་རི་ཁའི་བར་གྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་ཐེངས་གསུམ་པ་རེད། དེའི་སྔོན་ཕྱོགས་གཉིས་ཀྱིས་སོ་སོར་ཉིས་སྟོང་བཅོ་བརྒྱད་ལོར་དྷི་ལེ་གསར་བ་དང་ཉིས་སྟོང་བཅུ་དགུའི་ལོར་ཝ་ཧྲིན་ཐོན་ནས་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ་བ་རེད། དེའི་གླེང་གཞི་ནི་འགོག་སྲུང་མཉམ་ལས་དང་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་སོགས་འདུས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1