དཀར་མཛེས་ཉིན་རེའི་ཚགས་པར་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ཉག་ཆུ་ཁ་སྤྱི་བདེ་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་བཏོན་ནས་རྟ་ནོར་རྐུ་ཁྱེར་བྱས་པའི་གྱོད་གཞི་རབ་རིམ་རྩད་ཆོད་བྱུང་ཞིང་། དོགས་ཡོད་ཉེས་ཅན་5འཛིན་བཟུང་བྱས་པ་དང་། གྱོད་གཞི་13རྩད་ཆོད་བྱུང་ལ། རྐུ་ཤོར་བའི་འབྲི་གཡག་49ཚུར་བླངས་པ་རེད། གྱོད་འབྲེལ་རིན་ཐང་སྒོར་ཁྲི་70ལྷག་ཙམ་ཟིན་ཡོད།
གྱོད་གཞི་སྒྲུབ་གཉེར་བྱེད་པའི་མི་དམངས་ཉེན་རྟོག་པས་དར་རྩེ་མདོ་གྲོང་ཁྱེར་འཁོར་ཡུལ་ཤང་འབྲོག་རའི་ནང་གི་འབྲི་གཡག་49ནི་ཉག་ཆུ་རྫོང་གྲོང་གསུམ་ཤང་གི་རྐུ་ཤོར་བའི་འབྲི་གཡག་ཡིན་པ་གཏན་འཁེལ་བྱས་ཡོད་ཅིང་། གྲོང་གསུམ་ཤང་གི་མི་སེར་གྱིས་དུས་ཡུན་རིང་པོར་ནོར་རྣམས་གཅིག་སྡུད་ངང་ཕྱུགས་རར་འཚོ་བཞིན་ཡོད་པའི་རྐྱེན་གྱིས། འབྲི་གཡག་རྐུ་ཤོར་བའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་མེད་པས་གྱོད་གཏུག་དུས་ཚོད་ཡག་ཤོས་ནར་འགྱངས་བྱས་པས་གྱོད་གཞི་རྩད་གཅོད་བྱེད་པའི་དཀའ་ཚད་ཆེ་རུ་བཏང་ཡོད།
གྱོད་གཞི་རབ་རིམ་དེས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བའི་རྐྱེན་གྱིས། ངེས་པར་དུ་རྩད་གཅོད་མཐར་ཕྱིན་དང་རྡུང་རྡེག་ཚ་ནན་གཏོང་དགོས། ཉག་ཆུ་ཁ་རྫོང་གི་སྤྱི་བདེ་ཅུས་ཀྱིས་མྱུར་དུ་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ནས་འགག་སྒྲོལ་བྱས་པ་རེད། ཆེད་དོན་མི་དམངས་ཉེན་རྟོག་པས་སྣེ་དེད་རྩད་གཅོད་དང་། གྱོད་གཞིར་དབྱེ་ཞིབ་ཡང་ཡང་བྱས་པ་མ་ཟད། དར་རྩེ་མདོ་དང་རྟའུ་སོགས་སུ་ཐེངས་མང་བསྐྱོད་ནས་ཁུངས་སྣེ་འཚོལ་བ་ཕྱིན་པ་རེད།
ཟླ་2རིང་འབད་བརྩོན་ལྷོད་མེད་དང་གནད་སྨིན་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། སྔ་གཞུག་ཏུ་དར་མདོ་ནས་ཡིན་པའི་པད་ཆེ་གེ་མོ་དང་བཅས་པའི་མི་ལྔ་ལ་ནག་ཉེས་བསགས་པའི་དོགས་གཞི་ཆེན་པོ་ཡོད་པ་དང་། སླར་ཡང་ཉེས་དོན་བཟོ་སྲིད་པའི་གཏན་འཁེལ་བྱས་པ་རེད།
དོགས་ཡོད་ཉེས་ཅན་གསལ་པོར་རྟོགས་ཡོད་མོད། འོན་ཀྱང་དོགས་ཡོད་ཉེས་ཅན་རྣམས་སྔ་ས་ནས་ས་ཆ་མང་པོར་བྲོས་བྱོལ་ཕྱིན་ཡོད་པ་རེད། ཉེས་གསོག་དོགས་ཅན་རྣམས་གཅིག་ཀྱང་མ་ལུས་པར་འཛིན་བཟུང་བྱས་ནས། རྡུང་རྡེག་གི་སྤུས་ཚད་ཆེ་ཤོས་སུ་གཏོང་ཆེད། ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་ལས་དོན་ཚོགས་ཆུང་ཞིག་སྔ་སྣུར་དུ་དར་རྩེ་མདོ་དང་རྟའུ་ས་ཁུལ་གཉིས་སུ་གསང་བའི་མྱུལ་ཞིབ་བྱེད་པར་བཏང་ཡོད། སྡེ་ཚན་ཁག་ནས་གོང་འོག་མཉམ་འགུལ་དང་མཉམ་སྡེབ་དམག་འཐབ་བྱས་མཐར་དོགས་ཡོད་ཉེས་ཅན་གྱི་སྦས་སྐུང་བྱ་ཡུལ་གསལ་བོར་ཤེས་པ་རེད།
ཟླ་10ཚེས་19ཉིན་གྱི་ཉིན་གུང་། ཅུས་དེའི་ཉེས་དོན་ཉེན་རྟོག་རུ་ཆེན་དང་། དམིགས་བསལ་ཉེན་རྟོག་རུ་ཆེན། མངགས་གཏོང་ཁང་སོགས་ཀྱི་མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པ་20ལྷག་ཙམ་ལམ་ཁག་ལྔ་རུ་བགོས་ནས། དར་རྩེ་མདོ་དང་རྟའུ་སོགས་ལ་བསྐྱོད་དེ་འཛིན་བཟུང་ལས་དོན་སྤེལ་བ་རེད། འཛིན་བཟུང་ཚོགས་ཆུང་གིས་འཕྲལ་དུ་འཛིན་བཟུང་བྱ་ཡུལ་ཁག་ལ་འཇབ་སྒུག་བྱས་ཡོད་ཅིང་། དར་རྩེ་མདོ་གྲོང་ཁྱེར་ལྷ་སྒང་མངགས་གཏོང་ཁང་དང་རྟའུ་རྫོང་ཉེས་དོན་ཉེན་རྟོག་རུ་ཆེན་དང་བ་སྨད་ཡན་ལག་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པར་བརྟེན་ཉིན་དེའི་ཆུ་ཚོད་17པར་དར་རྩེ་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་དུ་དོགས་ཡོད་ཉེས་ཅན་དང་པོ་དེ་འཛིན་བཟུང་བྱས་པ་དང་། དོགས་ཡོད་ཉེས་ཅན་པད་ཆེ་གེ་མོ་དང་བཅས་པའི་གཞན་དག་ཀྱང་སྔ་རྗེས་སུ་འཛིན་བཟུང་བྱས་པ་དང་། ཆུ་ཚོད་23ཙམ་ལ་རྟའུ་རྫོང་གསེར་ཁ་ཤང་གི་ཐག་རིང་ལུང་ཁུག་གྲོང་ཚོར་སྦས་པའི་ཡེ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། ད་བར་དུ་ནོར་བརྐུས་པའི་གྱོད་གཞི་རབ་རིམ་དེའི་དོགས་ཡོད་ཉེས་ཅན་ལྔ་ཚང་མ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་ཡོད་པ་རེད།
དོགས་ཡོད་ཉེས་ཅན་ལྔ་ཚང་མ་འཛིན་བཟུང་བྱས་རྗེས། ཆེད་དོན་གྱོད་གཞིའི་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་མཚན་མོར་དོགས་ཡོད་ཉེས་ཅན་ཉག་ཆུ་ཁར་ཁྲིད་ནས་འཕྲལ་སྒྲུབ་འདྲི་གཅོད་བྱས་པ་རེད། དོགས་ཡོད་ཉེས་ཅན་ལྔ་པོས་བཅའ་ཁྲིམས་ཀྱི་ཟིལ་གནོན་འོག་གྲོང་གསུམ་ཤང་དུ་འབྲི་གཡག་རྐུ་པའི་ཉེས་བསགས་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་རེད། མིག་སྔར་གྱོད་གཞི་དེ་མུ་མཐུད་སྒྲུབ་གཉེར་བྱེད་བཞིན་ཡོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།
http://tibet.people.com.cn/15827940.html