ཉིན་100ལྷག་འབད་འཐབ་བྱས་མཐར་སི་ཁྲོན་གྱིས་དཀར་མཛེས་ཀྲོའུ་ཡི་གློག་དྲའི་མངོན་མེད་རྐྱེན་ངན་ལེགས་པར་བསལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-02



 
     ཀྲུང་དབྱང་རླུང་འཕྲིན་དྲ་བ་ཁྲེང་ཏུའུ་ནས་ཟླ་10ཚེས་27ཉིན་གནས་ཚུལ་འབྱོར་གསལ། “ཆན་ཧྥུའུ་500ཟིན་པའི་ཀན་ཆའོ་སྐུད་ལམ་ལ་གློག་གཏོང་རྒྱུ་ལེགས་གྲུབ་བྱུང་ནས་ཚོད་ལྟའི་འཁོར་རྒྱུག་གི་དུས་མཚམས་སུ་སླེབས་ཡོད” ཟླ་10ཚེས་26ཉིན་གྱི་དགོང་མོར་ས་བབ་མཐོ་ཚད་སྨི་4700ཟིན་པའི་རྒྱུ་ལའི་རི་སྟེང་དུ་གློག་ཤུགས་མྱུར་བཟོ་བ་བརྒྱ་ཙམ་གྱིས་ཉིན་100ལྷག་འབད་འཐབ་བྱས་པ་བརྒྱུད་རྒྱལ་ཁབ་གློག་དྲའི་སི་ཁྲོན་གློག་ཤུགས་ཀུང་སིས་ཆན་ཧྥུའུ་500ཟིན་པའི་ཀན་ཆའོ་སྐུད་ལམ་གྱི་ལྕགས་སྒྲོམ་ཨང་118ལ་མྱུར་བཟོ་སྒྱུར་བཀོད་བྱས་པ་རེད། སྐུད་ལམ་བསྐྱར་གསོ་ཐུབ་ནས་གློག་བཏང་བ་བརྒྱུད་དཀར་མཛེས་ཀྲོའུ་ཡི་གྲོང་ཁྱེར་དང་རྫོང་9ཡི་མང་ཚོགས་ཁྲི་120ཡི་གློག་བེད་སྤྱོད་དང་དཀར་མཛེས་ཀྲོའུ་ཡི་གློག་དྲ་བདེ་འཇགས་ལྡན་པའི་ངང་འཁོར་སྐྱོད་བརྟན་པོ་ཡོང་བར་སླར་ཡང་འགན་ལེན་ཐུབ་ཡོད།
     དེ་གོང་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་གཏོང་གློག་སྒྱུར་ཀུང་སིའི་གློག་དྲའི་ལས་གཉེར་ཉམས་བཟོ་བས་འཆར་ཅན་བཞིན་སྐོར་ཞིབ་བྱས་པ་བརྒྱུད། ཆན་ཧྥུའུ་500ཟིན་པའི་ཀན་ཆའོ་སྐུད་ལམ་གྱི་ལྕགས་སྒྲོམ་ཨང་118ཀྱི་གཞི་གདན་བརྡིབས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཞིང་། རི་ཉིལ་བ་དང་བརྡིབས་པ་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་ཚེ་ལྕགས་སྒྲོམ་འགྱེལ་ནས་གློག་སྐུད་ཆད་ཉེན་ཡོད་ལ། དེ་ལྟར་ན་ཆན་ཧྥུའུ་500ཟིན་པའི་ཀན་ཆའོ་སྐུད་ལམ་ལས་གཉེར་མཚམས་འཇོག་བྱེད་དགོས་པ་མ་ཟད། དཀར་མཛེས་ཀྲོའུ་ཡི་གློག་དྲ་བདེ་འཇགས་ལྡན་པའི་ངང་འཁོར་སྐྱོད་བྱ་རྒྱུར་ཉེན་ཁའང་འཕྲད་རྒྱུ་ཡིན་པ་རེད།
     ཉེན་ཁའི་གནས་ཚུལ་ཤེས་རྟོགས་བྱུང་བའི་རྗེས་སུ་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀུང་སིས་འཕྲལ་སྡོམ་གྱི་སྔོན་ཇུས་ལག་ལེན་བསྟར་བ་དང་། རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་བསྐྱོད་དེ་རྩད་ཞིབ་དང་འབྲེལ་ཉེན་ཁའི་གནས་ཚུལ་གྲལ་བཤེར་བྱས་ནས་ཉེན་ཁའི་ཁུལ་བཀག་པ་རེད། རྩད་ཞིབ་གནས་ཚུལ་ལ་གཞིགས་ཏེ། འཕྲལ་སྡོམ་མྱུར་བཟོའི་ལས་ཀའི་ཇུས་གཞི་ཞིབ་ཚགས་ངང་བཟོས་ཏེ་དེ་སྔའི་ལྕགས་སྒྲོམ་ཨང་118གནས་སའི་ཉེ་འཁོར་གྱི་བདེ་འཇགས་ཡོད་སར་ལྕགས་སྒྲོམ་རྙིང་པའི་ཚབ་གསར་པ་ཞིག་འཛུགས་རྒྱུའི་འཆར་གཞི་བཀོད་ཅིང་། ལྕགས་སྒྲོམ་གསར་པའི་མཐོ་ཚད་ལ་སྨི་90.5དང་། ལྗིད་ཚད་ཏུན་206 སྒྱུར་བཀོད་གློག་གཏོང་གློག་ལམ་སྟོང་སྨི་0.63བཅས་ཡོད་པ་རེད།
     ཉེན་སེལ་གྱི་ལས་འགན་སྒྲུབ་མཁན་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་གཏོང་གློག་སྒྱུར་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ཅིང་ཝུན་ཁྲོན་གྱིས་ངོ་སྤྲོད་བྱས་དོན། ལྕགས་སྒྲོམ་གནས་སའི་ས་བབ་མཐོ་བའི་རྐྱེན་གྱིས་མཁའ་རླུང་ནང་གསོ་རླུང་འདུས་ཚད་དང་དྲོད་ཚད་དམའ་བ་དང་། ས་གཤིས་ཀྱི་ཆ་རྐྱེན་ཞན་པོ་ཡོད། གསར་དུ་བཙུགས་པའི་ལྕགས་སྒྲོམ་རྐང་པ་དེ་ལྕགས་སྒྲོམ་རྙིང་པའི་མཐའ་འཁོར་འདྲེན་སྐུད་དང་བར་ཐག་སྨི་11ལས་མེད་པས། ཆན་ཧྥུའུ་500ཟིན་པའི་ཀན་ཆའོ་སྐུད་ལམ་གྱི་གློག་ཡུན་རིང་བཀག་ནས་འཇོག་ཐབས་བྲལ་ཡོད། ད་རེས་ཨར་སྐྲུན་ལས་སྒྲུབ་ལ་ཉེན་ཁ་ལྷག་པར་ཆེ་བ་དང་། ཨར་སྐྲུན་ལས་ཀར་ཡང་དཀའ་ངལ་ཆེན་པོ་ཡོད་པ་རེད། ཉེན་སེལ་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀུང་སིས“ཚེ་སྲོག་གཙོ་བར་འཇོག་པ་དང་། ས་གནས་ས་ཐོག་གལ་ཆེར་འཛིན་རྒྱུ”མཐའ་འཁྱོངས་བྱས་ཏེ་མི་ཤུགས་དང་དངོས་ཤུགས་འཕར་མ་བཏང་བ་དང་། ལས་སྒྲུབ་དང་དོ་དམ་མི་སྣས“ལས་རེས་གཉིས་ཀྱི་ལམ་ལུགས”ཀྱི་རེས་མོས་ལས་དོན་སྤེལ་ཞིང་། ས་བབ་མཐོ་ཞིང་གྲང་བ་དང་གསོ་རླུང་དཀོན་པའི་གནས་སྟངས་འོག་ཏུ་ས་གནས་ས་ཐོག་གི་མི་སྣས་རང་ནུས་ཅི་ཡོད་བཏོན་ཏེ་ལས་ཀ་སྒྲུབ་པ་དང་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་བཅག་པ་དང་། དུས་མཚུངས་སུ་བཟང་སྒྲིག་ཡང་ཡང་དང་བློས་འགེལ་བའི་ཨར་སྐྲུན་ལག་རྩལ་གྱི་ཇུས་གཞི་བཟོས་ཏེ་བདེ་འཇགས་འགོག་སྲུང་སྤྱོད་ཆས་20ལྷག་གྲ་སྒྲིག་བྱས་པ་དང་། མཐོ་ས་ནས་ཟག་རྒྱུ་སྔོན་འགོག་དང་། ཚོར་སྐྱེན་གློག་ཆུང་བེད་སྤྱོད་ཀྱི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ནས། ཉེན་སེལ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་བདེ་འཇགས་ཚོད་འཛིན་བྱེད་པ་དང་། ཚོད་འཛིན་ཐུབ་པ། ཚོད་འཛིན་བྱེད་བཞིན་པ་བཅས་འགན་ལེན་ཐུབ་ཡོད། མཐོ་ཚད་སྨི་78དང་ལྗིད་ཚད་ཏུན་185ཟིན་པའི་ལྕགས་སྒྲོམ་རྙིང་པ་བཤིག་རྒྱུའི་ལས་ཀར་དམིགས་ནས་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་གཏོང་གློག་སྒྱུར་ཀུང་སིས་ད་དུང་ལྕགས་སྒྲོམ་ཧྲིལ་པོ་ཡུག་གཅིག་ཏུ་བསློག་རྒྱུའི་ཇུས་གཞི་བཟོས་ཤིང་། ལྕགས་སྒྲོམ་རྙིང་པ་ཁ་གཏད་ཕྱོགས་སུ་གནད་འཁེལ་ངང་བསློགས་པའི་ཚོད་འཛིན་བྱས་ནས་གློག་གཏོང་གི་སྐུད་ལམ་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད། (http://tibet.people.com.cn/15828350.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1