མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དགུན་སྒྲོལ་ཆུ་བྱ་ཁྲི་16.2ལྷག་ཙམ་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-03



     ཤིན་ཧྭ་དྲ་བ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་22ཉིན་ནས་ཚེས་27ཉིན་བར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ནང་དགུན་དུས་རི་སྐྱེས་ཆུ་བྱའི་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བ་རེད། ཁྱོན་བསྡོམས་ཆུ་བྱ་སྣ་ཁ་32དང་ཁྲི་16.2ལྷག་ཙམ་ལྟ་ཞིབ་ཚད་ལེན་བྱས་ཐུབ་ཡོད། དེ་ལོ་གོང་མའི་དུས་མཚུངས་ལས་16%འཕར་ཡོད་པ་རེད།
     ངང་པ་ནི་མཚོ་སྔོན་པོའི་དགུན་ཁའི་དུས་བྱ་གཙོ་བོ་ཡིན། སྟོན་དཔྱིད་ཀྱི་དུས་ཚིགས་སུ་རང་རྒྱལ་གྱི་བྱང་ཕྱོགས་དང་ཨུ་རུ་སུའི་ཞི་པོ་ལི་ཡ་སོགས་སུ་རྒྱུད་པ་སྤེལ་གྱི་ཡོད་པ་དང་། ལོ་རེའི་ཟླ་10པར་རྒྱུད་སྤེལ་བྱ་ཡུལ་ནས་མཚོ་སྔོན་པོར་དགུན་སྒྲོལ་བར་གནས་སྤོ་བྱེད་ཀྱི་ཡོད་ལ། ཕྱི་ལོའི་ཟླ་3པའི་ཟླ་མཇུག་དང་ཟླ་4པའི་ཟླ་སྟོད་དུ་མཚོ་སྔོན་པོའི་དར་ཁ་གྲོལ་རྗེས་བྱང་ཕྱོགས་ཀྱི་རྒྱུད་སྤེལ་བྱ་ཡུལ་དུ་སྤོས་ཀྱི་ཡོད། ད་ཐེངས་སྐོར་སྲུང་བྱེད་རིང་ངང་པ་330ལྷག་ཙམ་ལྟ་ཞིབ་ཚད་ལེན་བྱས་ཐུབ་ཡོད་ཅིང་། གྲངས་འབོར་ལོ་གོང་མའི་དུས་མཚུངས་དང་འདྲ་མཉམ་རེད། དེ་མིན་དགུན་བརྒལ་ཆུ་བྱ་གཙོ་བོ་བྱ་གག་མཆུ་དམར་དང་། བྱ་གག་མགོ་དམར། བྱ་གག་གཤོག་ལྗང་སོགས་ཡིན་པ་དག་གིས་ལྟ་ཞིབ་ཚད་ལེན་བསྡོམས་འབོར་གྱི་བརྒྱ་ཆ་84ཟིན།
     མཚོ་སྔོན་པོ་ནི་ཨེ་ཤེ་ཡ་དབུས་མ་ནས་རྒྱ་གར་དང་། ཨེ་ཤེ་ཡ་ཤར་མ་ནས་ཨོ་སི་ཁྲུ་ལི་ཡ་བར་གྱི་རྒྱལ་སྤྱིའི་ཆུ་བྱ་གནས་སྤོ་བྱེད་དུས་ཀྱི་མཚམས་ཚིགས་གལ་ཆེན་ཞིག་དང་མཚོ་བོད་ས་མཐོའི་ཆུ་བྱ་དགུན་སྒྲོལ་བྱེད་ས་གལ་ཆེན་ཞིག་རེད། ཆུ་བྱ་རིགས་95ཡོད་པ་དེས་མཚོ་བོད་ས་མཐོའི་ཁོངས་ཀྱི་ཆུ་བྱ་རིགས་ཀྱི་70%ཟིན་པ་དང་རྒྱལ་ཡོངས་ཁོངས་ཀྱི་ཆུ་བྱ་རིགས་ཀྱི་33%ཙམ་ཟིན་ཡོད།
     ལོ་རར་མཚོ་སྔོན་པོར་རྒྱུད་སྤེལ་བྱས་པའི་ཁྲུང་ཁྲུང་མགོ་ཁྲ་དང་། ཆུ་སྐྱར་མགོ་ཁྲ། ཆུ་སྐྱར། སོ་བྱ་དཀྱུས་མ་བཅས་ཀྱི་རྒྱུད་སྤེལ་ཁྱུ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་རྒྱུད་སྤེལ་ཁྱུ་ཚོགས་ཀྱི་30%ཟིན་གྱི་ཡོད། ལོ་རེའི་དཔྱིད་ཀ་དང་སྟོན་ཀ་གཉིས་སུ། གནས་སྤོ་འགྲོ་མཚམས་མཚོ་སྔོན་པོར་གནས་སྡོད་བྱས་པའི་ཆུ་བྱ་ཁྲི་10ལྷག་ཙམ་ཟིན་པ་དང་། དེའི་ནང་ཆུ་བྱ་རིགས་11ནས་14བར་གྱི་ཁྱུ་ཚོགས་ཀྱི་གྲངས་འབོར་གོ་ལ་ཧྲིལ་པོར་ཁྱབ་པའི་རིགས་ཁྱུའི་གྲངས་འབོར་གྱི་1%ཟིན་པའམ་དེ་ལས་བརྒལ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་འདབ་ཆགས་གླིང་ཕྲན་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་དང་། འདབ་ཆགས་སྐྱོབ་སྲུང་ལྟེ་གནས། སྒོང་ཕྲན་བྱ་ཁང་སོགས་རྣམ་གྲངས་ལག་བསྟར་བྱས་པར་བརྟེན་ཆུ་བྱ་འཚོ་སྡོད་ཁུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་དང་། ལྟ་ཞིབ་ཚད་ལེན་སྒྲིག་བཀོད་སྔར་ལས་འཐུས་སྒོ་ཚང་དུ་སོང་ཡོད། དེ་མིན། “འདབ་ཆགས་ལ་དགའ་བའི་དུས་རབས་གསར་པར་སྐྱེ་ཁམས་བཟང་པོ་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི“འདབ་ཆགས་ལ་དགའ་པའི་གཟའ་འཁོར”གྱི་མུ་འབྲེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བརྟེན་སྤྱི་ཚོགས་ལས་རིགས་ཁག་དང་མཚོ་སྐོར་མང་ཚོགས་ཀྱིས་འདབ་ཆགས་ལ་དགའ་བ་དང་འདབ་ཆགས་སྲུང་སྐྱོང་བྱེད་པའི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། (http://tibet.people.com.cn/15828383.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1