མཚོ་སྔོན་ཡུལ་ཤུལ་དུ་ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་ལོ་རྒྱུས་ཐོག་ཆེས་མང་ཤོས་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-04


        

        མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་ཚེས་30ཉིན་གནས་འཕྲིན་སྤེལ་དོན། ཁྲི་འདུ་རྫོང་ནགས་ཚལ་སྤྱི་བདེ་ཅུས་རྟོག་ཞིབ་ཚོགས་པས་ཉེ་ཆར་འཇའ་ཐང་དུ་ཉེ་ཆར་ཁྲུང་ཁྲུང་སྐེ་ནག་གནས་སྤོ་བྱེད་པའི་གནསཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱེད་དུས། ཁྲི་འདུ་རྫོང་འཇའ་ཐང་གི་ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་ནི་ལོ་རྒྱུས་ཐོག་ཆེས་མང་ཤོས་ཏེ་700ལྷག་ཟིན་ཡོད་པ་ཤེས་པ་རེད། འདི་ནི་2017ལོར་ཁ་གྲངས་280ལྷག་དང་། 2018ལོར་ཁ་གྲངས་400ལྷག 2019ལོར་ཁ་གྲངས་500ལྷག་ཟིན་པ་ནས་ཐེངས་དང་པོར་ཁ་གྲངས་700ཟིན་ཞིང་། ལོ་རྒྱུས་ཐོག་ཆེས་མང་ཤོས་ཀྱི་ཁ་གྲངས་སླེབས་པ་རེད།

        ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་སྣོད་བཅུད་འགྱུར་ལྡོག་ལ་ཕྱོགས་སྟོན་རང་བཞིན་ལྡན་པའི་སྲོག་ཆགས་རིགས་ཤིག་རེད་ལ། གོ་ལ་ཡོངས་ཀྱི་ཁྲུང་ཁྲུང་རིགས་བཅོ་ལྔའི་ཁྲོད་མཚོ་བོད་མཐོ་སྒང་དུ་སྐྱེས་འཕེལ་དང་འཚོ་གནས་བྱེད་པའི་ཁྲུང་ཁྲུང་གི་རིགས་ཤིག་ཀྱང་རེད།

ཉེ་བའི་ལོ་འགའི་ནང་། ཁྲི་འདུ་རྫོང་གིས་རྒྱལ་ནང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚན་ཞིབ་སྒྲིག་འཛུགས་དང་ ཧུར་ཐག་ངང་མཉམ་ལས་བྱས་ནས། འཇའ་ཐང་གི་ཁྲུང་ཁྲུང་སྐེ་ནག་དང་འབྲི་ཆུའི་འབབ་ཁོངས་ཀྱི་གསའ་དང་། དེ་བཞིན་དུ་སྐྱེས་དངོས་སྣ་མང་རངབཞིན་ཡུན་རིང་ལྟ་ཞིབ་དྲ་རྒྱ་བཙུགས་པ་རེད། ལྟ་ཞིབ་བྱས་འབྲས་ལས་མངོན་གསལ། ཁྲུང་ཁྲུང་སྐེ་ནག་དང་གསའ་མཚོན་བྱེད་བྱེད་པའི་ཀྲུང་གོའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྣ་མང་ཁྱུ་ཚོགས་ཀྱི་ཁ་གྲངས་ཇེ་མང་འགྲོ་བཞིན་ཡོད།


        ཐེངས་འདིར་འཇའ་ཐང་དུ་ལྟ་ཞིབ་གནས་15གཏན་འཁེལ་བྱས་པ་ལས། ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་700ལྷག་ལྟ་ཞིབ་བྱུང་ཡོད། འཇའ་ཐང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་། རྒྱ་ཆེ་ཞིང་ཁོད་ཡངས་བའི་སྣོད་བཅུད་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་བཟའ་རིགས་ཐོན་ཁུངས་ཀྱིས་ཁྲུང་ཁྲུང་སྐེ་ནག་ལ་ཐུན་མོང་མ་ཡིན་པའི་འཚོ་སྡོད་བྱེད་གནས་མཁོ་འདོན་བྱས་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། 2018ལོ་ནས་2020ལོའི་བར། ཁྲི་འདུ་རྫོང་དུ་བསྟུན་མར་ལོ་གསུམ་རིང་རི་སྐྱེས་སྐྱེས་འཕེལ་ལེགས་འགྲུབ་བྱུང་བའི་ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་གསར་རྙེད་བྱུང་ཞིང་། རྣམ་པ་འདི་རིགས་ནི་དེ་སྔོན་གཏན་ནས་ཐོན་མྱོང་མེད་པ་རེད། ཁྲུང་ཁྲུང་སྐེ་ནག་སྐྱེས་འཕེལ་ཡོང་བར་སྣོད་བཅུད་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ལེགས་པོ་དགོས་ཤིང་། རི་སྐྱེས་ཁྲུང་ཁྲུང་སྐེ་ནག་སྐྱེས་འཕེལ་འཚོ་གནས་ཚད་ནི་རང་བྱུང་ཁམས་སུ་ཧ་ཅང་དམའ་ཞིང་། ད་ལྟ་ཁྲུང་ཁྲུང་སྐེ་ནག་ཇེ་མང་ནས་ཇེ་མང་གིས་འཇའ་ཐང་དུ་“འཚོ་སྡོད”བྱེད་ས་བདམས་པ་ལས། ཁྲི་འདུ་རྫོང་གི་སྣོད་བཅུད་དམིགས་ཚད་སྣ་ཚོགས་ལེགས་པོ་ཡོད་པ་གསལ་བཤད་བྱས་ཤིང་། མཐོ་སྒང་དུ་ཁྲུང་ཁྲུང་ཡང་བབ་སྡོད་བྱུང་བ་དང་། རང་བྱུང་ཁམས་དང་མིའི་རིགས་བར་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མངོན་པ་རེད།

http://tibet.people.com.cn/15828622.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1