ཕྱུགས་རྗེས་སྙེག་པའི་རྫི་བོ་ཞིག། ཐང་ག་འབྲི་བའི་ལྷ་བཟོར་གྱུར།།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 11-04




    ཡི་གེ་གཅིག་ཀྱང་མི་ཤེས་པའི་རྫི་བོ་ཞིག་ནས། འཛམ་ཐང་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་ཇོ་ནང་ཐང་གའི་རྒྱུན་འཛིན་པ་བཟང་བོ་ཞིག་ཏུ་གྱུར་པ་དང་། ཏང་དང་སྲིད་གཞུང་གིས་རོང་འབྲོག་མང་ཚོགས་དབུལ་བྲལ་ཐུབ་པའི་དངོས་མིན་ཤུལ་བཞག་རིག་གནས་གཏོད་པའི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཤིང་། དེ་ནི་མང་ཚོགས་ཕྱུག་འགྱུར་གྱི་གྲོགས་སུ་གྱུར་ཡོད།


    ཉེ་ཆར། གསར་འགོད་པ་འཛམ་ཐང་རྫོང་ཛམ་བྷ་ལ་དངོས་མིན་ཤུལ་བཞག་རིག་གནས་ལས་གཏོད་གླིང་དུ་བསྐྱོད་སྐབས། ལོ་30ལ་བསླེབས་པའི་ལྷ་བཟོ་གུར་མགོན་སྒེའུ་ཁུང་འགྲམ་དུ་བསྡད་དེ་བློ་རྩེ་གཅིག་སྒྲིམ་ངང་ཐང་ག་ཞིག་འབྲི་བཞིན་འདུག ཁོའི་བཟའ་ཟླ་འོད་སྐྱིད་ཀྱང་ཁང་བའི་ཟུར་ཞིག་ཏུ་བསྡད་དེ་འཚེམ་དྲུབ་ཐང་ག་སྦྱར་བཞིན་འདུག གསར་འགོད་པའི་བཅར་འདྲིར་གུར་མགོན་བཟའ་ཟླ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་བྱས།
    ཡི་གེ་གཅིག་ཀྱང་མི་ཤེས་པའི་རྫི་བོ་ཞིག་ནས། འཛམ་ཐང་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་ཇོ་ནང་ཐང་གའི་རྒྱུན་འཛིན་པ་བཟང་བོ་ཞིག་ཏུ་གྱུར་པ་དང་། ཏང་དང་སྲིད་གཞུང་གིས་རོང་འབྲོག་མང་ཚོགས་དབུལ་བྲལ་ཐུབ་པའི་དངོས་མིན་ཤུལ་བཞག་རིག་གནས་གཏོད་པའི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཤིང་། དེ་ནི་མང་ཚོགས་ཕྱུག་འགྱུར་གྱི་གྲོགས་སུ་གྱུར་ཡོད།
    ཛམ་བྷ་ལ་དངོས་མིན་ཤུལ་བཞག་རིག་གནས་ལས་གཏོད་གླིང་གི་མཐའ་འཁོར་དུ་ཐོག་ཁང་ཆུང་ཆུང་མང་བོ་བསྐྲུན་འདུག ཛམ་བྷ་ལ་རིག་གནས་ལྗོངས་སྐོར་མཛེས་ལྗོངས་ཁུལ་གྱི་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣ་ཡུས་ཧའེ་ཆིང་གིས་ངོ་སྤྲད་པ་ལྟར་ན། ཛམ་བྷ་ལའི་དངོས་མིན་ཤུལ་བཞག་རིག་གནས་ལས་གཏོད་གླིང་དུ་རིག་གནས་རྩལ་ནུས་གསོ་སྦྱོང་དང་། རིག་གནས་ལྗོངས་སྐོར། སྡོད་གནས་བཅས་གཞི་གཅིག་ཏུ་གྲུབ་ཡོད་པ་དང་། དེར་ཐང་ག་དང་།བོད་སྤོས།བོད་སྨན་སོགས་ཀྱི་ཁྲིད་སྦྱོང་ཁང་ཡོད་པར་མ་ཟད། ད་དུང་སྡོད་ཁང་285འཛུགས་སྐྲུན་བྱས་ཤིང་དེ་ལས་སྡོད་ཁང་78ལ་རིན་མི་དགོས་པར་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པར་མཁོ་འདོན་བྱས་ཏེ། ས་གནས་དེའི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱེད་པར་སྐུལ།
    གུར་མགོན་བཟའ་ཟླ་གཉིས་ཀྱི་སྡོད་ཁང་དེ་གླིང་དྲུག་པའི་ཐོག་ཁང་གསུམ་པ་རུ་ཡོད་པ་དང་། ཁང་རྩེག་གོང་འོག་གཉིས་ཡོད་ལ་སྨི་གྲུ་བཞི་མ་300འདུག ཐང་ག་བྲིས་ནས་ཡོང་འབབ་གསོག་ཐུབ་པར་མ་ཟད། ད་དུང་རིན་མི་དགོས་པར་ཁང་བ་ཆེན་པོ་ཞིག་ཏུ་སྡོད་ཐུབ་པ་སེམས་སུ་ཤར་མ་མྱོང་། ཞེས་གུར་མགོན་གྱིས་བཤད། གུར་མགོན་ནི་འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོ་ཀ་ཐོག་གྲོང་སྡེའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་། ཆུང་དུས་ནང་མི་ལ་ཕྱུགས་འཚོ་རོགས་བྱས་ཏེ་བསྡད། ཁོ་དཔེ་ཆ་ཀློག་པར་ཧ་ཅང་དགའ་མོད་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་སློབ་གྲྭར་འགྲིམ་པའི་བསྐལ་བ་མ་བྱུང་། ལོ་16ལ་སོན་དུས་ཁོ་ལ་ཁྱིམ་མིས་རྒྱབ་སྐྱོར་བྱས་ཏེ། ས་གནས་དེའི་ཐང་གའི་ཁྲིད་སྦྱོང་ཁང་དུ་ཐང་ག་འབྲི་བཞེངས་སྦྱོང་བར་སོང་། སྐབས་དེ་ནས་བཟུང་ཁོའི་ལས་དབང་ལ་འགྱུར་ལྡོག་བྱུང་།
    ཐང་གའི་ཁྲིད་སྦྱོང་ཁང་དུ་ཐང་ག་འབྲི་བཞེངས་ཀྱི་སློབ་ཚན་ཡོད་པར་མ་ཟད། ད་དུང་རྒྱ་བོད་རིག་གནས་ཀྱི་སློབ་ཚན་དང་། རྒྱའི་སྲོལ་རྒྱུན་རི་མོའི་སློབ་ཚན་བཅས་ཡོད། ཁྲིད་སྦྱོང་ཁང་གི་དགེ་རྒན་གྱི་སྣེ་ཁྲིད་འོག་གུར་མགོན་ཧྲང་ཧའེ་དང་པེ་ཅིང་སོགས་སུ་སློབ་སྦྱོང་དུ་འགྲོ་མྱོང་ལ། ཁོ་ཕུལ་བྱུང་སློབ་མ་ཞིག་ཡིན་པའི་ཆ་ནས་སློབ་མཐར་ཕྱིན་རྗེས་ཁྲིད་སྦྱོང་ཁང་དུ་བསྡད་ནས་ལས་ཀ་བྱེད་ཀྱིན་ཡོད་པས། ཟླ་རེར་གཞི་རྩའི་གླ་ཕོགས་སྒོར་3000ཡོད་པའི་ཁར་ཐང་ག་བཙོང་རིན་ཡང་བགོ་རྒྱུ་ཡོད་པས། ཁོའི་ལོ་རེའི་ཡོང་འབབ་ལ་སྒོར་ཁྲི་བཅུ་ལྷག་ཡོད། སྔོན་ཆད་ང་ཅི་ཡང་མི་ཤེས་པའི་རྫི་བོ་ཞིག་ཡིན། དབུལ་བྲལ་གནད་སྒྲོལ་ལས་ངའི་ལས་དབང་ལ་འགྱུར་ལྡོག་བྱུང་བ་རེད་ཅེས་གུར་མགོན་གྱིས་བཤད།


 ཛམ་བྷ་ལ་དངོས་མིན་ཤུལ་བཞག་རིག་གནས་ལས་གཏོད་གླིང་། 
    དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་རོང་འབྲོག་མང་ཚོགས་3000ལྷག་ལ་ཕན་ཐོགས་ཡོད། སྔོན་ཆད་འཛམ་ཐང་རྫོང་ནི་རྒྱལ་ཁབ་རིམ་པའི་དབུལ་རྫོང་ཞིག་ཡིན་མོད། འོན་ཀྱང་འཛམ་ཐང་རྫོང་ལའང་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ཡོད། འཛམ་ཐང་རྫོང་ཨུ་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲད་པ་ལྟར་ན། རྫོང་དེས་རིག་གནས་དབུལ་སྐྱོར་དེ་དབུལ་བྲལ་གནད་སྒྲོལ་གྱི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་ཁང་བཙུགས་པ་དང་རིག་གནས་ཐོན་ལས་གླིང་སོགས་བསྐྲུན་ཏེ། དབུལ་བྲལ་གནད་སྒྲོལ་ལ་མུ་མཐུད་དུ་ཤུགས་ཆེན་པོ་བསྣན། མིག་སྔར་རྫོང་ཡོངས་སུ་བོད་སྤོས་དང་། བོད་ཇ། བོད་སྨན། ཐང་ག་སོགས་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་ཁང་47ཡོད།
    དངོས་མིན་ཤུལ་བཞག་རིག་གནས་དང་ལྗོངས་སྐོར་ཟུང་འབྲེལ་བྱས་ནས་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད། ལས་གཏོད་གླིང་དེའི་འཛམ་ཐང་ཇོ་ནང་ཐང་གའི་ཁྲིད་སྦྱོང་ཁང་དུ། གསར་འགོད་པས་ལྷ་བཟོ་བ་20ལྷག་གིས་བློ་རྩེ་གཅིག་སྒྲིམ་ངང་ཐང་ག་འབྲི་བཞིན་པ་མཐོང་། ཁྲིད་སྦྱོང་ཁང་གི་དོ་དམ་མི་སྣས་ངོ་སྤྲད་པ་ལྟར་ན། ལྷ་བཟོ་བ་དེ་དག་ནི་ཁྲིད་སྦྱོང་ཁང་གི་སྐབས་དང་པོའི་མཐར་ཕྱིན་སློབ་མ་ཡིན་ལ། མང་ཆེ་བ་ནི་ཁྱིམ་ཚང་དབུལ་བོ་ཤ་སྟག་ནས་ཐོན་པ་ཡིན། དང་ཐོག་སློབ་མ་མང་ཆེ་བས་ཡིག་འབྲུ་གཅིག་ཀྱང་མི་ཤེས་མོད། ལོ་བདུན་བརྒྱད་ཀྱི་རིང་རིག་གནས་ཤེས་བྱ་དང་ཐང་ག་འབྲི་ཚུལ་སློབ་སྦྱོང་བྱས་རྗེས། ད་ལྟ་ཚང་མས་རང་རྐྱ་འཕེར་བའི་ངང་ཐང་ག་གསར་རྩོམ་བྱེད་ཐུབ།
    མ་འོངས་པར་ལས་གཏོད་གླིང་ནི་རིག་གནས་ཁྲིད་སྦྱོང་བྱ་ཡུལ་ཞིག་ཡིན་པར་མ་ཟད། ལྗོངས་སྐོར་བྱ་ཡུལ་དང་དབུལ་བྲལ་གྱི་དཔེ་སྟོན་ཁུལ་ཞིག་ཀྱང་ཡིན་ངེས་ཤིང་། A4རིམ་པའི་མཛེས་ལྗོངས་ཁུལ་ཞིག་ཏུའང་བསྐྲུན་ཐུབ་རྒྱུ་རེད། ཅེས་འཛམ་ཐང་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲད། དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་མང་ཚོགས་ཀྱི་རྒྱུད་ལ་ཤེས་བྱ་འབྱོར་བར་མ་ཟད། ཕྱུག་པོར་ཡང་གྱུར་ཡོད། རིམ་རྩིས་བྱས་ན་2019ལོའི་ལོ་མཇུག་བར་དུ་འཛམ་ཐང་རྫོང་གིས་གྲོང་སྡེ་དབུལ་བོ་44དབུལ་བྲལ་བྱུང་བ་དང་། ཁྱིམ་ཚང་2105ཡི་མི་10121དབུལ་བྲལ་བྱུང་ཡོད་པས་དབུལ་བོ་ཇེ་ཉུང་དུ་གཏོང་བའི་དམིགས་ཚད་འགྲུབ་ཡོད་ལ། འཛམ་ཐང་རྫོང་ཡོངས་ཀྱི་རོང་འབྲོག་པ་3000ལྷག་དངོས་མིན་ཤུལ་བཞག་རིག་གནས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1