༄༅།།འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

འབའ་རཏྣ་ཚང་བློ་བཟང་རྒྱལ་མཚན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-04



འབའ་རཏྣ་ཚང་བློ་བཟང་རྒྱལ་མཚན།    

 འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ། 

     སྤྱིར་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་རིག་གནས་ནི་ཁམས་པའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ལ་ངོས་འཛིན་ཆོག་ཅིང་། ས་ཁུལ་དེར་འབའ་གཞས་(པི་ཝང་གཞས)གཙོ་བོར་བྱས་པའི་ཁམས་པའི་རིག་གནས་དབྱར་མཚོ་བཞིན་དུ་རྒྱས། ཡོངས་གྲགས་སུ་འགྲོ་བའི་འབའ་གཞས་ལ་མཚོན་ན་ཐོག་མར་འབྱུང་གནས་དང་བར་དུ་འཚར་ས་མཐའ་མར་འཕེལ་རྒྱས་སོང་ཏེ། ཡུལ་ལུང་གཞན་དང་གཞན་ན་མཆེད་ཁུངས་ཀྱི་ཡུལ་དེ་ཡིན་མོད། ཡུལ་དེ་པས་གཞས་འཐེན་འཆམ་ཙམ་ལས་དེར་དཔྱད་པ་རང་བཞིན་ལྡན་པའི་ཉམས་ཞིབ་ཀྱི་དོ་དབྱིངས་མེད། དེའི་སྟེང་ཁམས་པའི་རིག་གནས་ཀྱི་མེ་ཏོག་གང་ལས་ཕོག་པའི་རིག་གནས་ཀྱི་གསེར་སྐལ་གེ་སར་རིག་གནས་ལ་མཚོན་ནའང་ས་ཁུལ་དེ་གར་ས་ཁྱབ་རྡོ་ཁྱབ་བྱུང་མྱོང་པས་གེ་སར་གྱི་རྗེས་ཤུལ་དང་གནའ་རྫས། སྒྲུང་གཏམ། གེ་སར་དང་འབྲེལ་བའི་གཏམ་རྒྱུད། གཏམ་དཔེ། གླུ་གར་དང་ཆོ་ག  ཡུལ་སྲོལ་གོམས་གཤིས་བཅས་རབ་རིམ་ལྡན། ཡིན་ནའང་དེ་དག་ལ་ཡུལ་དངོས་ལྟ་ཞིབ་དང་དཔྱད་ཐབས་རིག་པ་ཟུང་འཇུག་གི་ཉམས་ཞིབ་མཛད་མཁན་ཤིན་ཏུ་དཀོན། དེ་བས་ན་ཐེངས་འདིར་འགྲོ་བ་མིའི་རིག་ཤེས་ཡུལ་དངོས་བརྟག་དཔྱད་ཀྱི་ཐབས་ལམ་སྒོ་ནས་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཀྱི་བྱུང་རིམ། འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་ད་ལྟའི་གནས་བབས་དང་ཁྱད་ཆོས། འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཀྱི་ཉམས་ཞིབ་ཀྱི་རིན་ཐང་དང་མ་འོངས་ཉམས་ཞིབ་བསམ་གཞིགས་བཅས་ལྷན་དུ་བསྡུས་ནས་དཔྱད་རྩོམ་འདི་ཉིད་འབྲི་བའི་ཐོག་མའི་སེམས་བསྐྱེད་དོ།

འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

འབའ་རྫོང་མཁར་དུ་ཡོད་པའི་གེ་སར་ལྷ་ཁང་།

དང་པོ། འབའ་སྡེ་པ་དང་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་མཚམས་སྦྱོར་མདོར་བསྡུས།

གཅིག འབའ་སྡེ་པའི་མིང་གི་འབྱུང་གནས་རགས་བཤད།

   དགའ་ལྡན་ཕོ་བྲང་སྲིད་དབང་འཛིན་པའི་སྐབས་སུ་སྡེ་པ་ཞེས་བྱ་བའི་མིང་དེ་བེད་སྤྱོད་རྒྱ་ཆེར་བཏང་ཞིང་དགའ་ལྡན་ཕོ་བྲང་གིས་མདོ་ཁམས་ས་ཁུལ་དབང་སྒྱུར་བྱས་མ་ཐག  སྤྱི་ལོ་༡༧༠༣ལོར་རྒྱལ་དབང་ལྔ་པ་ཆེན་མོས་དགའ་ལྡན་ཕོ་བྲང་ནས་ཐད་ཀར་སྡེ་པ་བསྐོ་གཞག་མཛད་དེ་འབའ་སྡེ་མངའ་རིས་ཞིང་ཁམས་དབང་བསྒྱུར་མཛད་པར་མ་ཟད། མཉྫུ་གོང་མས་ཁང་ཤིས་ཀྱང་སྤྱི་ལོ་༡༧༡༩ལོར་འབའ་སྡེ་པ་ཐོག་སྔོན་མའམ་ནོར་བུ་ངག་བསྐོ་གཞག་མཛད་པ་དང་གྲུབ་དགོན་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་ཧོ་ཐུ་ཐོག་གི་གོ་གནས་ཀྱང་གནང་།  དུས་དེ་ནས་སྤྱི་ལོ༡༩༠༦བར་ལ་འབའ་སྡེ་པའི་མངའ་ཁོངས་ཆོས་སྲིད་གཉིས་ཀྱི་འཛིན་སྐྱོང་ལས་འགན་འབའ་སྡེ་པ་དང་གཉའ་ངོས་སྡེ་པ་གཉིས་ཀྱིས་འཁུར། འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་རྫོང་ངམ་འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་བསྡུས་མིང་འབའ་སྡེ་ཟེར་བ་དང་འབའ་སྡེ་པ་ཞེས་པ་ནི་སྲིད་འཛིན་ཁྱབ་ཁོངས་ཀྱི་མིང་དང་སྦྲེལ་ནས་བཏགས་པ་ཞིག་ཏེ། གཙང་སྡེ་པ་དང་སྡེ་པ་གཞུང་ཞེས་པའི་མིང་འདོགས་སྟངས་ལྟར་སྐབས་དེའི་འབའ་ཐང་ས་གནས་སྲིད་གཞུང་ལ་འབའ་སྡེ་པ་ཟེར་བ་དང་དེའི་ཁྱབ་ཁོངས་ཡོད་པའི་སྡེ་འབངས་ཚང་མར་འབའ་སྡེ་ཞེས་ཟེར།( ཡུལ་དེའི་མི་ལ་འབའ་པ་ཞེས་བདག་སྒྲ་སྦྱོར་)འབའ་སྡེ་དང་འབའ་ཐང་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཙམ་ལས་ཁྱད་པར་མེད་ལ། འབའ་ཐང་ཞེས་བྱ་བའི་མིང་དེ་རྒྱལ་དབང་རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལས་གསལ་པོ་འཁོད་འདུག་པས་དུས་ཕྱིའི་རྒྱ་ནག་སྐད་དུ(巴塘)ཞེས་བྱ་བ་བོད་ལ་འགྱུར་བ་ཞིག་ཡིན་ག་ལ་སྲིད།

འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

འབའ་རྫོང་མཁར་དུ་ཡོད་པའི་གེ་སར་ལྷ་ཁང་།

 གཉིས། འབའ་སྡེ་པའི་སྲིད་འཛིན་ས་ཁུལ་མཚམས་སྦྱོར་མདོར་བསྡུས། 

   སྤྱི་ལོ༡༧༠༣ལོར་རྒྱལ་དབང་ལྔ་པ་ཆེན་པོས་འབྲས་སྤུངས་བློ་གསལ་གླིང་དཔེ་བཞག་ནས་འབའ་ཆོས་སྡེ་དགོན་པ་ཕྱག་བཏབ་འཆར་ནས་བཟུང་ནས། ད་བར་དུ་ལོ་ངོ་སུམ་བརྒྱ་ལྷག་རིང་འདས་ཟིན་ཐོན། སྐབས་རེར་མངའ་ཁོངས་ཆེ་རུ་སོང་བ་དང་། སྐབས་རེར་མངའ་ཁོངས་ཆུང་དུ་ཆགས་པ་སོགས་དར་རྒུད་སྣ་ཚོགས་བྱུང་མྱོང་མོད།  ཡོངས་གྲགས་སུ་འགྲོ་བའི་རྫོང་ཁག་ཕྱེད་དང་དྲུག་བྱུང་ཡོད་པ་ནི་འབའ་སྡེ་རོང་རྫོང་། འབའ་རི་བྱོན་རྫོང་། འབའ་ཚྭ་ལྷོ་རྫོང་། འབའ་གླིང་གཤིས་རྫོང་། འབའ་མཐིལ་རྫོང་། འབའ་ས་དམར་རྫོང་བཅས་ཡིན། དེ་དག་ནས་ཕྱེད་ཅན་དེ་ས་དམར་རྫོང་ཡིན་ཞིང་ཕྱེད་ཀ་ཟེར་དགོས་དོན་ནི་དེའི་སྔོན་དེང་སྐབས་དཔལ་ཡུལ་རྫོང་ཁོངས་ཕལ་ཆེར་བ་འབའ་སྡེའི་མངའ་ཁོངས་ཡིན་པ་ནས་སྡེ་དགེ་རྒྱལ་པོར་ཤོར་ཏེ་རྫོང་དེའི་ཕྱེད་ཙམ་མ་གཏོགས་མ་ལྷག་པས་ས་དམར་རྫོང་ལ་རྫོང་ཕྱེད་ཀ་ཞེས་བཏགས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཡོངས་གྲགས་སུ་འབའ་ཐང་དང་སྡེ་རོང་། སྨར་ཁམས། འཇོལ་བདེ་ཆེན། དཔལ་ཡུལ། ལི་ཐང་གི་ཁྱབ་ཁོངས་སུ་རིམ་བཞིན་བགོས་ནས་དོ་དམ་བྱེད་བཞིན་ཡོད། གནས་འདིར་རྩོམ་པ་པོའི་ཉམས་ཞིབ་བྱས་དང་བྱེད་བཞིན་པའི་ཁྱབ་ཁོངས་ནི་གོང་གསལ་གྱི་འབའ་སྡེ་པའི་སྲིད་འཛིན་གྱི་ས་ཁོངས་རྣམས་ཡིན་ནོ།།

འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

འབའ་རྫོང་མཁར་དུ་ཡོད་པའི་གེ་སར་ལྷ་ཁང་།

གཉིས་པ།  འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཀྱི་བྱུང་རིམ་མདོར་བསྡུས།

 དེ་ཡང་ཡོངས་གྲགས་སུ་འགྲོ་བའི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དེང་སྐབས་སྡེ་དགེའི་མངའ་ཁོངས་སུ་བཅད་པའི་གླིང་ཚང་ཡུལ་ཡིན། ས་དེ་ནི་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གཉིས་བར་ཐག་མི་རིང་པས་ཁམས་པའི་རིག་གནས་ཀྱི་མེ་ཏོག་གང་ལ་ཕོག་པའི་རིག་གནས་ཀྱི་གསེར་སྐལ་གེ་སར་རིག་གནས་དེ་དུས་རབས་བཅུ་པའི་དབུས་གླིང་གེ་སར་རྒྱལ་པོ་དངོས་སུ་བཞུགས་པའི་དུས་དེར་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་དར་མགོ་རྩོམ་ཡོད་པ་གདོན་མི་ཟ་སྟེ། གླིང་སྒྲུང་དང་འབྲེལ་ནས་ཉམས་ཞིབ་བྱེད་དུས་འབའ་གླིང་ཀ་གཤིས་གཙོས་པའི་འབའ་ཁུལ་ས་གནས་དག་ན་གླིང་གི་དམག་དཔུང་གི་རྗེས་ཤུལ་དང་གེ་སར་ལྷ་ཁང་སོགས་རིག་དངོས་ཀྱི་ཤུལ་རྗེས་ཧ་ཅང་མང་བས་སོ།།

    དེ་བཞིན་ས་དེར་འཇང་གླིང་གཡུལ་འགྱེད་དང་མོན་གླིང་གཡུལ་འགྱེད། དམྱལ་གླིང་རྫོགས་པ་ཆེན་མོ་སོགས་ས་དགེ་བཀའ་རྙིང་དང་གཡུང་དྲུང་བོན་འཁོར་དང་བཅས་པའི་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་མཉམ་དུ་ཟུང་པའི་གེ་སར་གྱི་གཏམ་རྒྱུད། གཏམ་དཔེ། གླུ་གར། ཆོ་ག་སོགས་ཧ་ཅང་མང་། དེ་འབྲེལ་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གླིང་ཁ་གཤིས་གཙོ་བྱས་པའི་གྲོང་སྡེ་༢༠ལྷག་དུ་ད་རུང་གླིང་སྒྲུང་བཤད་ཤེས་མཁན་མི་རྒན་རབས་པ་མང་། འོན་ཏེ་ཡིད་ཕངས་པ་ཞིག་ལ་ན་ཆུང་གྲས་སུ་གླིང་སྒྲུང་བཤད་ཤེས་མཁན་ཉིན་མོའི་སྐར་ལྟར་ཉུང་།

    གོང་རིམ་ཞུ་པའི་གེ་སར་རིག་གནས་དང་འབྲེལ་པའི་གྲོང་སྡེ་ནི་གླིང་ཁ་གཤིས། ཚེའུ། རྫོང་རྩ། བསོ་བ་ནང་། ཚ་ལོ། ར་སེར། སྔོ་རི་སྒང་། ཡར་རི་སྒང་། རི་ཡུལ།གྲུ་བ་ལུང་། དྷི་དར། ཚྭ་ཁ་ལུང་། ཨོཾ་བརྒྱ། མཚོ་ཕུག ཝ་མདའ། གཡག་རྭ། ཏྲམ་ཁོག གེ་སྨད། འཁྲུངས་མོ། སྣང་བཟང་། འབའ་མཐིལ། འཇོལ། དགོན་པ་སྟེང་། རྒྱལ་རོང་། གཏེར་མ་རོང་། ནགས་སྐེད་རགས་བཅས་སོ།།

རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་པདྨ་རཱ་ག་ཡི་ལྡེ་མིག་ལས་གེ་སར་གྱི་སྒྲུང་དང་གེ་སར་གྱི་ལོ་རྒྱུས་གཉིས་དབྱེ་བ་གསལ་པོར་ཕྱེ་ནས་ཞིབ་འཇུག་དགོས་གསུངས་པ་ལྟར་ལོ་རྒྱུས་ནི་མི་སྣ་ཞིག་གི་ལས་དོན་དངོས་དང་འབྲེལ་བའི་མཛད་རྗེས་བཤད་པའི་བསྟན་བཅོས་ཡིན་ལ། འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་མཚོན་ནའང་ལོ་རྒྱུས་མི་སྣ་ཁོང་དང་འབྲེལ་བའི་དངོས་ཡོད་ལོ་རྒྱུས་ལ་དཔྱད་པ་གཏོང་མཁན་ཤིན་ཏུ་དཀོན། སྒྲུང་ནི་ལོ་རྒྱུས་ཀྱི་མི་སྣ་ལ་རྩོམ་རིག་སྒྱུ་རྩལ་གྱི་རབ་བཏགས་ཀྱིས་བརྒྱན་ནས་བརྩམས་པའི་རྩོམ་རིག་ཤིག་ལ་གོ་ཆོག་པ་ལྟར་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་ས་ཡ་དྲུག་མ་ཚད་རྒྱལ་ཁམས་ཀུན་གྱི་རྩོམ་རིག་རིག་གནས་ཀྱི་གཙུག་རྒྱན་ཡིན་མོད། གླིང་གེ་སར་རྒྱལ་པའི་སྒྲུང་ལས་འཕྲོས་པའི་སྒྲུང་གཏམ། གཏམ་རྒྱུད། གཏམ་དཔེ། གླུ་ག ཆོ་ག་ཡུལ་སྲོལ་གོམས་གཤིས་བཅས་གེ་སར་རིག་གནས་ཞིབ་འཇུག་གི་དཔྱད་གཞི་ལེགས་ཤོས་དེ་ཡིན་པ་བཞིན་ད་ཐེངས་ཁོ་བོས་སྒྲུང་དེ་རིགས་བརྩམས་ཆོས་འདིའི་དཔྱད་གཞིར་སྤྱད་ཡོད།


འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

གསུམ་པ། འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཀྱི་གནས་བབ་དང་ཁྱད་ཆོས།

གཅིག  གེ་སར་རིག་གནས་ཀྱི་རྗེས་ཤུལ་དང་གནའ་རྫས།

   འབའ་ཁུལ་ལ་གླིང་གེ་སར་གྱི་རིག་གནས་དང་འབྲེལ་བའི་ཤུལ་རྗེས་མང་པོ་ཞིག་དུས་དེང་སང་ཡང་རིག་རྒྱུ་ཡོད་པ་དག་ལས་གླིང་དང་འབའ་བར་གྱི་འབྲེལ་བའི་གནས་བབ་མང་པོ་ཞིག་མཐའ་བཅད་ཐུབ་སྙམ། དེ་དག་ལས་ཡོངས་གྲགས་སམ་མངོན་གསལ་ཆེ་ཤོས་འགའ་དྲངས་ན། མཚོ་ཕུག་ལུང་པར་གླིང་གི་དམག་སྒར་རྒྱག་སྐབས་ཀྱི་རྗེས་ཤུལ་ཆེན་པོ་ཞིག་ཡོད་པ་དང་། དེ་བཞིན་མཚོ་འགྲམ་དུ་གེ་སར་གྱི་བརྡར་རྡོ་རེད་ཅེས་པའི་ཕ་བོང་ཞིག་ལ་གེ་སར་རྒྱལ་པོས་མདུང་མོ་ཁམས་གསུམ་དགྲ་འདུས་བརྡར་མྱོང་ཞེས་ཕ་བོང་ལ་མདུང་རྗེས་ཁྲ་སིང་སིང་རིག་རྒྱུ་འདུག  དེའི་ཟུར་དུ་བྲག་རྡོ་ལེབ་ལེབ་ཞིག་ལ་གྲི་དང་མདུང་དུ་མ་ཡར་སློང་བ་ལྟ་བུ་ཡོད་པ་ནི་གླིང་དམག་སྤྲོ་སྐྱིད་གཏོང་སྐབས་མཚོན་ཆ་འཇོག་སྣོད་ཡིན་པ་གོ    ཏྲམ་ཁོག་ཉེ་ས་ན་འབྲུག་མོའི་བསང་ར་ཞེས་པ་ཞིག་ཡོད། དེ་ནི་གླིང་གི་རྟ་རྒྱུག་རྒྱལ་འཇོག་བྱེད་ལ་ཉེ་བའི་ཚེ། སེང་ལྕམ་འབྲུག་མོས་རྟ་རྐྱང་ཆུང་ཁ་དཀར་འཚོལ་སར་ཡོང་བ་མ་རྙེད་པ་ན། འབྲུག་མོས་ཕ་བོང་ཆེན་པོ་ཞིག་གི་ཐོག་ལྷ་བསང་བཏང་སྟེ་ཡུལ་ལྷ་གཞིས་བདག་རྣམས་རྟ་རྐྱང་ཆུང་མྱུར་དུ་འཕྲིན་ལས་སྐུལ་བ་བཞིན་རྟ་ཕོ་རྙེད་སོན་བྱུང་བས་ས་དེར་འབྲུག་མོ་བསང་ར་ཞེས་པའི་མིང་ཐོགས་འདུག

  འབའ་གླིང་ཀ་གཤིས་ཚ་ལོའི་གྲོང་གི་ཉེ་འགྲམ་དུ་གནས་པའི་གེ་སར་རྒྱལ་པོས་ཁྲུས་གསོལ་ཚ་ཆུ་དེ་ནི་དགུན་ཁར་ན་ཚ་དྲོད་ཆེ་བ། དབྱར་ཁར་བསིལ་ཞིང་གྲང་བ་སོགས་ཆེས་ངོ་མཚར་ལྡན་པའི་རང་བྱུང་གི་ཆུ་མིག་ཞིག་ཡིན། ཕན་ནུས་གཙོ་བོར་རྐང་སྐེད་ཚིགས་སོགས་རླུང་གི་ནད་རིགས་སེལ་བར་གྲགས། དེ་ལྟར་གྲགས་པའི་རྒྱུ་མཚན་གཙོ་བོ་ནི་གླིང་གེ་སར་རྒྱལ་པོས་ཆུ་མིག་དེར་ནད་རིགས་ཕན་པའི་བྱིན་རླབས་གནང་མྱོང་ཡོད་ཅེས་གྲགས། ད་དུང་ཚ་ཆུ་དེའི་ཉེ་ས་བཀྲ་ཤིས་དགོན་ཞེས་ཆགས་མྱོང་ལ་དགོན་པའི་མཚན་གསོལ་མཁན་གེ་སར་ཡིན་པར་གྲགས།

    ད་དུང་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་ས་ཆ་མང་ཤོས་ལ་འཇང་གི་ཤུལ་བཞག་གི་མཁར་རལ་དང་། ཞིང་། གྱང་རྩིག་སོགས་མང་ཞིང་ཡུལ་མི་དེ་དག་གིས་གླིང་གི་དུས་ཚོད་རང་གི་རྒྱུད་པ་འཇང་ཡིན་ཞེས་ཟེར་སྲོལ་ཡོད། ས་གནས་ཀྱི་མཁར་ཤུལ་གྱང་ཤུལ་རེ་རེ་ལ་སྔར་གླིང་གི་དུས་ཚོད་དམག་གཅིག་གཅིག་འཛིང་རབས་སོགས་གླིང་སྒྲུང་བཤད་ལུགས་ལྟར་མིན་པར་ཡུལ་གྱི་གནས་བབས་སམ་ཡང་ན་ཡུལ་དངོས་ཀྱི་མཚན་མ་ནས་བྱུང་རབས་ཕར་གླེང་བའི་ལམ་ལུགས་ཤིག་ཡོད། དཔེར་ན་འབའ་གྲུ་བ་ཆུ་ཁ་ནས་མར་སྤྱི་ལེ་གཉིས་གསུམ་སར་འཇང་རྫོང་ཟེར་བའི་རི་དེའུ་འབུར་སྟེང་ལ་རྩིག་རོ་ཆེན་པོ་ཡོད་ས་ཞིག་ཡོད། དེ་ནི་འཇང་གླིང་གཡུལ་འགྱེད་སྐབས་འཇང་གི་མཁར་རྫོང་ཆེན་པོ་ཡིན་པ་དང་། གླིང་དཔའ་རྟུལ་གསུམ་གྱིས་མཁར་རྫོང་གི་ཕྱོགས་གསུམ་ནས་དམག་སྣ་དྲངས་ནས་གཡུལ་འགྱེད་རབས་བཤད་སྲོལ་ཡོད།

  དེ་བཞིན་དེ་སྔའི་འབའ་སྡེ་སྲིད་འཛིན་ཁུལ་དེང་སང་གི་སྡེ་རོང་རྫོང་གི་ཁྱབ་ཁོངས་སུ་ཡོད་པའི་གནས་སྒོ་བརྒྱའི་ལྡེ་མིག་གྲགས་པའི་གནས་མཆོག་ཨོཾ་བརྒྱའི་གནས་མཇལ་གྱི་ལམ་ཁྲོད་དུ་གེ་སར་གྱི་རྟ་སྒ་དང་གེ་སར་གྱི་བསང་ཐབ་སོགས་དངོས་ཡོད་ཀྱི་རང་བྱོན་དང་དེ་དག་སྐོར་གྱི་ངག་རྒྱུན་ཡང་དེ་བཞིན་རབ་དང་རིམ་པ་བཤད་སྲོལ་ལྡན།  ད་རུང་དེང་སང་འབའ་ཐང་རྫོང་གི་རྫོང་མཁར་གྱི་ལྷོ་ཕྱོགས་སུ་གླིང་གེ་སར་རྒྱལ་པོའི་རྐང་རྗེས་ཡིན་ཟེར་པའི་རྡོ་ཕ་བོང་ཆེན་མོ་ཞིག་དང་འབའ་གེ་སར་ལྷ་ཁང་གི་རྗེས་ཤུལ་ཡང་དངོས་དུ་གསལ། གེ་སར་ལྷ་ཁང་དེ་མཐར་རྒྱ་རིགས་པའི་ཀན་ཏིག་ལྷ་ཁང་ཆགས་འགྲོ་ཡང་བོད་པ་ཚོས་ད་རུང་གེ་སར་ལྷ་ཁང་ཞེས་ལུགས་རྙིང་གི་མིང་བཏགས་འདུག  

     བསོ་བ་ལུང་གི་བོགས་མཚོ་ཞེས་པའི་ཁར་རྒྱང་ནས་བལྟས་དུས་ཐགས་ཁང་དང་རྟ་སྒ་བཀོད་དབྱིབས་ལྡན་པའི་རྡོ་བོང་འགའ་རིག་རྒྱུ་ཡོད། དེ་ནི་གླིང་གེ་སར་རྒྱལ་པོ་འཇང་ལ་དམག་འདྲེན་པར་ཡོང་སྐབས་ས་དེར་ཞག་གཅིག་ཚུགས་བབས་དུས་འབྲུག་མོའི་ཐགས་ཁང་དང་གསེར་སྒ་གཉིས་མཚོ་དེའི་ཉེ་འགྲམ་ན་བཞག་པ་རེད་ཅེས་གྲགས་སོ།།

  མདོར་ན་གོང་ཞུས་ལྟར་ས་གནས་ཆགས་པའི་རིག་དངོས་ཀྱི་ཤུག་གཞག་རེ་རེ་ནས་གླིང་གེ་སར་དང་འབྲེལ་བའི་གཏམ་རྒྱུད་རེ་རེ་ཕར་འགྲེལ་བརྗོད་བྱེད་བཞིན་ཡོད། དེ་ནི་ཡུལ་ལྟར་གླིང་སྒྲུང་ནས་ས་གནས་འདི་དེ་རེད་ཅེས་འགྲེལ་བརྗོད་བྱས་པ་མིན་པར་ཡུལ་དངོས་ནས་ལོ་རྒྱུས་ཚུར་གླེང་བའི་ལམ་སྲོལ་འབའ་ཁུལ་གེ་སར་རིག་གནས་དང་འབྲེལ་བའི་དམངས་སྲོལ་ལམ་ལམ་ལུགས་ཐུན་མོང་མིན་པ་ཞིག་རེད་སྙམ།

འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

 གཉིས། གེ་སར་རིག་གནས་ལས་འཕྲོས་པའི་སྒྲུང་གཏམ་དང་སྒྲུང་མཁན།

  ༡ སྤྱིར་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འཇང་གླིང་གཡུལ་འགྱེད་ཀྱི་བྱུང་བའི་ས་གནས་གཙོ་བོ་ནི་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་ཡིན་པ་ས་ཁུལ་དང་དམངས་ཁྲོད་ཁ་དཔེ། གླིང་སྒྲུང་སོགས་ལས་གསལ་པོར་ཤེས་ནུས་ལ། འབའ་ལི་རྒྱལ་གསུམ་འཇང་ས་ཐམ་རྒྱལ་པོ་བསོད་ནམས་རབ་བརྟན་གྱི་མངའ་འོག་ཏུ་ཆགས་པའི་ལོ་རྒྱུས་ཡིག་ཚང་བོད་རྒྱ་འཇང་གསུམ་གྱི་ཡིག་ཚང་ལས་ཀྱང་གསལ། དེ་སྔའི་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་ཚྭ་ཁ་མི་འགྱུར་རྟ་ནག་རྫོང་དུ་དེང་སང་ཡང་འཇང་གླིང་གཡུལ་འགྱེད་ལས་བཤད་པའི་ཚྭ་ཞིང་དངོས་གསལ་དོད་པོ་རིག་རྒྱུ་ཡོད། འབའ་གྲུ་བ་ཆུ་ཕར་ཚུར་གཉིས་ཀར་འཇང་གི་མཁར་ཤུལ་སོགས་མང་སའི་ལུང་པ་ཞིག་ཡིན། འབའ་ཝ་མདར་འཇང་སྒོ་ཞེས་པ་ཞིག་ཡོད་པ་དེ་ནི་སྔོན་འཇང་གླིང་གཡུལ་འབྱེད་སྐབས་སུ་འཇང་གི་མཁར་གྱི་སྒོ་ཆེན་ཡིན་པ་ཡུལ་དེར་བཤད་སྲོལ་མཆིས། དེ་བཞིན་འབའ་རི་བྱོན་རྗོང་ན་འཇང་རྫོང་རྒོག་ཡོད་པ་སོགས་འབའ་འབྲི་ཆུའི་རྒྱུད་ན་འཇང་གླིང་གཡུལ་འགྱེད་དང་འབྲེལ་པའི་རིག་དངོས་ཧ་ཅང་མང་། འཇང་གླིང་གཡུལ་འགྱེད་ཀྱི་སྐབས་སུ་འབའ་འབྲི་རྒྱུད་ར་སེར་ཕྱོགས་སུ་གླིང་དམག་གི་རུ་འདྲེན་དམག་དཔོན་སྡིག་གཅོད་ཤན་པ་ཕེབས་ཤིང་། ས་གནས་དེ་ལ་དམག་དྲངས་ནས་འཇང་རིགས་ཚང་མ་བྲོས་པར་མ་ཟད་ས་གནས་དེ་ལ་གནས་པའི་བོད་རིགས་ཚང་མ་ཡང་བྲོས་ནས་ཡུན་ནན་བདེ་ཆེན་གཏེར་མ་རོང་ནགས་སྐེགས་རགས་སུ་གནས་ཡོད་པས་ད་ལྟ་ནགས་སྐེགས་རགས་ཀྱི་མི་རྒྱུད་ཁ་ཤས་ཡང་འབའ་ནས་བྲོས་འོང་པའི་ལོ་རྒྱུས་ལྡན། ར་སེར་མི་རྣ་ཅོ་མི་ལེགས་པའམ་རྣ་འོན་ཞིག་བྲོས་མེད་པས་མཐར་མི་དེའི་རྒྱུད་པ་ར་སེར་འཇང་ཚང་ཞེས་པ་དེ་ཡིན་པ་བཤད་སྲོལ་ཡོད། དུད་ཁ་དེ་ད་ལྟ་ཡང་འབའ་ར་སེར་ཡུལ་དུ་གནས་ཡོད། ས་དེ་དག་ལ་བོད་ཡིག་ཅུང་ཤེས་མཁན་ཡིན་ཕྱིན་མོན་གླིང་གཡུལ་འགྱེད་དང་། འཇང་གླིང་གཡུལ་འགྱེད་སོགས་ཀློག་ཐབས་བྱེད་སྲོལ་ཡོད། དགུན་དུས་ཉི་མ་ལྡེ་མཁན་མི་རྒན་ཚོས་ལག་ཏུ་སྒྲུང་ཡིག་རེ་ཁུར་ནས་གླུ་ཨ་ལ་ཐ་ལ་ཞེས་གླུ་ལེན་བཞིན་པའི་ངང་ཚུལ་མཐོང་རྒྱུ་ཡོད།

  ༢ ད་ཐེངས་ཉམས་ཞིབ་བརྒྱུད་རིམ་ནང་དེ་སྔོན་མཁས་པ་སུས་ཀྱང་མཉམ་མ་བཞག་པའི་གནད་དོན་ཤེས་རྟོགས་བྱུང་བ་ནི་འཇང་གླིང་གཡུལ་འབྱེད་ཀྱི་ལམ་ཁའི་བརྒྱུད་རིམ་དེ་རེད། དེ་ཡང་གླིང་རྒྱལ་ཁབ་ཀྱི་ལྟེ་གནས་སྡེ་དགེ་ནས་འབའ་གླིང་ཁ་གཤིས་ལ་འཇང་རྒོལ་དམག་དཔུང་གི་ལྟེ་གནས་དེ་བཙུགས་ཤིང་། དེ་ནས་དམག་དེ་འབའ་མཐིལ་ནས་འབའ་ཆུང་གཤིས་བརྒྱུད་ནས་འཛམ་བྷ་ལ་བརྒལ་ནས་འབའ་ཀམ་པོ་གནས་ནང་ཕྱིན། དེ་ནས་ཕྱི་འབའ་སྔོ་རི་སྒང་མཐའ་ལེབ་གནས་སོགས་བརྒྱུད་ནས་འབའ་རི་བྱོན་རྫོང་རྩ་བར་བསླེབས། ཡང་དམག་རུང་གཞན་ཞིག་འབའ་གྲུ་བ་ཆུ་ཁ་ནས་འབའ་བསོ་བ་ལུང་པ། ཝ་མདའི་འཇང་སྒོ་སོགས་འབའ་འབྲི་ཆུའི་རོང་བརྒྱུད་ནས་སོང་ཏེ། མཐར་དམག་སྡེ་གཉིས་ཀ་འབའ་རི་བྱོན་རྫོང་ལ་ལྷན་ཅིག་ཏུ་འདུས་ཡོད་ས་སྟེ། རི་བྱོན་རྫོང་འཇང་རྫོང་ཆེན་པོ་ཞིག་མཁར་ཤུལ་ད་ལྟ་ཡང་རིག་རྒྱུ་ཡོད། བཤད་རྒྱུན་ལ་དེ་ནི་འཇང་དམག་གི་རྫོང་ཆེ་ཤོས་ཡིན་པ་གྲགས། གོང་གསལ་འཇང་ལ་དམག་དྲངས་པའི་ལམ་གྱི་བརྒྱུད་རིམ་དེ་འབའ་ཁུལ་གོང་གསལ་ལུང་པའི་ཁ་རྒྱུན་དང་ས་གནས་ས་ཐོག་ལ་ཡོད་པའི་གླིང་འཇང་གི་རིག་དངོས་ཤུལ་གཞག་རྣམས་ལ་ཞིབ་འཇུག་དང་དཔྱད་པ་བཏང་པའི་གྲུབ་དོན་ཡིན་པ་ལས་གནས་ལུགས་མེད་པའི་ཕོ་ཚོད་ཀྱིས་བཤད་མེད།

 ༣ འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་ཧོར་གླིང་གཡུལ་འགྱེད་ཀློག་པར་འཛེམ་སྲོལ་འདུག  དེ་ནི་གནས་ཆུང་ལ་ཕོག་ཐུག་འགྲོ་གི་རེད་ཟེར། དེ་དང་འབྲེལ་བའི་གཏམ་རྒྱུད་ཞིག་ཀྱང་བཤད་སྲོལ་ཡོད། སྔོན་དུས་འཇམ་དཔལ་ཞ་ལ་ཟེར་བའི་མི་རྒན་ཨ་མཆོད་བོད་ཡིག་གནས་ཚད་ཡག་པོ་ཡོད་པ་ཞིག་ཡོད། ཁོང་ནི་སྒྲུང་བཀླག་རྒྱུ་དང་བཤད་རྒྱུ་ལ་ཤིན་ཏུ་དགའ་མོས་ཅན་ཞིག་ཡིན། ཉིན་ཞིག་ཁོས་མི་འགར་ཧོར་གླིང་གཡུལ་འགྱེད་དབྱངས་རྟ་དང་སྦྲགས་ནས་བཤད་བཞིན་པའི་དུས་གློ་བུར་དུ་གང་ནས་ཡོང་མི་ཤེས་པའི་མི་རྒྱུས་མེད་ཕྱུ་བ་དཀར་དཀར་གྱོན་པ་ཞིག་ཡོང་སྟེ། ཨ་རོག་འཇམ་དཔལ་ཞ་ལ། ད་སྡུག་ཚོད་བཟུང་ན་དགའ་འོང་ཨ་ཟེར་བཞིན་འགྲོ་སོང་ཟེར། དེ་ནས་འཇམ་དཔལ་ཞ་བས་ཁང་སྟེང་འོག་བརྩལ་ཡང་མི་ཕར་ཟད། གྲིབ་མ་ཙམ་ཡང་རིག་ས་མེད་པས་དེ་ནི་ལྷ་སྲུང་ཁྲོས་པ་ཡིད་ཆེས་བྱས། ནམ་རྒྱུན་སྒྲུང་བཤད་འོང་རན་ཧོར་གླིང་བཤད་མི་ཉན་པའི་གོང་གསལ་གཏམ་རྒྱུད་དེ་ལན་མང་བཤད་དར།


འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

   ༤  འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གྲོང་སྡེ་༢༠ལྷག་ལ་ཡུལ་དངོས་བརྟག་དཔྱད་འགྲོ་སྐབས་རྒན་རབས་རྣམས་ལས་གེ་སར་གྱི་སྒྲུང་དང་དེ་འབྲེལ་གྱི་གཏམ་རྒྱུད་བཤད་མ་ཤེས་མཁན་གཅིག་ཀྱང་མི་འདུག  དམངས་ཁྲོད་སྒྲུང་གཏམ་བཤད་མཁན་དེ་དག་ལས་རིག་གནས་རྨང་གཞི་དམའ་རུང་སྟོན་པ་བཅོམ་ལྡན་འདས་དང་རྗེ་མི་ལ་རས་པ། གླིང་གེ་སར་རྒྱལ་པོའི་སྒྲུང་དབྱེར་མེད་བཤད་མཁན་ཡང་བཅུ་ལྷག་མཆིས།

  ༥ འབའ་པ་འཇམ་དཔལ་རྒྱ་མཚོ་ནི་དེང་དུས་བོད་ཀྱི་གླིང་སྒྲུང་ཉམས་ཞིབ་པ་ལས་མཁས་པའི་གཙུག་རྒྱན་ལྟར་ཡིན་པར་མ་ཟད་དཔའ་བོ་གེ་སར་སོགས་བརྩམས་ཆོས་རབ་རིམ་སྤེལ་དང་སྤེལ་བཞིན་ཡོད།

 ༦ འབའ་པ་ར་སེར་ལྷག་པ་ནི་སྔོན་འབའ་གྲུབ་དགོན་ཨོ་རྒྱན་བསམ་གཏན་གླིང་གི་གྲྭ་བ་ཞིག་ཡིན་ལ་ཁོང་གི་སྤྱི་ལོ་༢༠༠༠ལོའི་གཡས་གཡོན་དུ་གེ་སར་གྱི་སྒྲུང་དམྱལ་གླིང་རྫོགས་པ་ཆེན་མོ་ཆ་ཚང་སྒྲ་ལ་ཕབ་ནས་བཀྲམ་པས་མ་ཟད་དེའི་དུས་སུ་ཁྱབ་རྒྱ་ཆེན་མོར་འགྲོ་མྱོང་། དེའི་རྐྱེན་གྱིས་ཁོང་ཡང་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་གེ་སར་ཉམས་ཞིབ་མི་སྣ་ཞིག་ལ་ངོས་འཛིན་ཆོག

  ༧ བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་སྡེ་རོང་ཚེ་རིང་དོན་གྲུབ་ལགས་ལ་སྐད་ཆ་འདྲི་བའི་སྐབས་སུ་ཁོང་ཆུང་དུས་སུ་སྡེ་རོང་རི་ཡུལ་ས་ཁུལ་དུ་སྒྲུང་པ་རེ་གཉིས་ཡོད་ལ། སྒྲུང་ག་གེ་མོ་ཞིག་ཆ་ཚང་བཤད་ཐུབ་མཁན་ཤིན་ཏུ་དཀོན།  རི་ཡུལ་གྱི་སྒྲུང་པ་ཚོས་སྒྲུང་བཤད་པའི་སྐབས་སུ་དམིགས་བསལ་གྱི་ཁྱད་ཆོས་ནི་ཕྱེད་ཀ་བཤད། ཕྱེད་ཀ་འཐེན། ཡང་ཕྱེད་ཀ་བཤད་པ་དེ་ཡིན་ཞེས་གསུངས་སོང་།

  ང་རང་གི་གོ་ཐོས་ལས་ང་ཚོའི་ཕ་ཡུལ་ལ་མཚོན་ན་གེར་ས་སྒྲུང་བཤད་ཤེས་མཁན་འགའ་ཡོད་མོད། ཁོང་ཚོར་སྒྲུང་བཤད་པའི་ཁྱད་ཆོས་འདྲ་པོ་ནི་། སྒྲུང་ཐད་ཀར་བཤད་པ་ལས་དབྱངས་རྟ་དང་འདྲེས་ནས་ལེན་མཁན་ཧ་ལམ་མེད།  དེ་མ་ཚད་སྒྲུང་བཤད་ན་སྤྲང་པོར་ཆགས་འགྲོ་རེད་ཟེར་སྲོལ་འདུག་དེ་གཙོ་བོ་སྔོན་མ་སྒྲུང་མཁན་རྣམས་སྤྲང་པོ་ཡིན་པའི་རྐྱེན་ཨ་ཡིན་ནམ་སྙམ་མོ།།

འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

གསུམ། གེ་སར་རིག་གནས་ལས་འཕྲོས་པའི་གཏམ་རྒྱུད། 

  ༡ འབའ་བྱང་དཀར་དགོན་གྱི་མཐའ་འཁོར་དུ་ཆགས་པའི་འབའ་གླིང་ཁ་གཤིས་ལ་མཚོན་གླིང་གི་ལྟེ་གནས་གེ་སར་གྱི་ཕ་ཡུལ་སྡེ་དགེ་དང་ས་འབྲེལ་ཡིན་ཞིང་། ལུང་པ་དེའི་མིའི་ཤ་ཁྲག་རུས་གསུམ་ནང་གླིང་དང་ཆེས་ཉེ་པོ་ཡིན་པ་ཚན་རིག་འཕེལ་འགྱུར་རིག་པ་ཐོག་ནས་དཔོག་ནུས། གླིང་ཁ་གཤིས་པའི་དམངས་ཁྲོད་དུའང་དཀར་པོ་གླིང་གི་གདུང་རྒྱུད་ཡིན། བུ་ལ་དཔའ་རྒྱུད་ཆད་རྒྱུ་མེད། རྟ་ལ་རྐྱང་རྒྱུད་ཆད་རྒྱུ་མེད། ས་ལ་ཕྱུག་རྒྱུད་ཆད་རྒྱུ་མེད། དགོན་ལ་བླ་རྒྱུད་ཆད་རྒྱུ་མེད། མོ་ལ་མཛེས་རྒྱུད་ཆད་རྒྱུ་མེད། ཅེས་ཡོངས་ཁྱབ་ཏུ་ཁ་དཔེ་རུ་བགྲངས་སྲོལ་ཡོད་པ་ལྟར་ན་ཡུལ་དེ་པའི་མི་རྣམས་ནི་གླིང་གི་རྒྱུད་པ་ནས་མཆེད་དེ་མིའི་ཚོ་པ་ཞིག་འཕེལ་རྒྱས་སོང་ཙ་ན། གླིང་སྒྲུང་ནི་ཡུལ་གཞན་ལ་དར་པ་ལྟར་བབ་སྒྲུང་དང་རྒྱུད་སྒྲུང་ནས་དར་པ་མིན་པར་མི་ཚང་ཞིག་དང་རྒྱུད་པ་ཞིག་གི་ལོ་རྒྱུས་ཨ་ཡེ་ཨ་མྱེས་བརྒྱུད་ནས་བུ་རབས་ཚ་རྒྱུད་ཚོར་བརྒྱུད་སྤྲོད་བྱ་ལུགས་བཞིན་དར་ཡོད་པ་གདོན་མི་ཟ། 

  ༢ བསོ་བ་ལུང་པ་ཡར་ལ་ཁར་འགྲོ་དུས་གོང་ཚེས་ཀྱི་རྒྱབ་ལ་བོགས་མཚོ་ཞེས་པའི་ཁར་རྒྱང་ནས་བལྟས་དུས་ཐགས་ཁང་དང་རྟ་སྒ་བཀོད་དབྱིབས་ལྡན་པའི་རྡོ་བོང་འགའ་རིག་རྒྱུ་ཡོད། དེ་ནི་གླིང་གེ་སར་རྒྱལ་པོ་གླིང་ཁ་གཤིས་ནས་འཇང་ལ་དམག་འདྲེན་པར་ཡོང་དུས་ས་དེར་ཞག་གཅིག་ཚུགས་བབ། མཚན་དེར་འབྲུག་མོའི་རྨི་ལམ་དུ་གང་ཉིད་ལ་བུ་ཞིག་སྐྱེས་པའི་རྨི་ལམ་བཏང་པར་བརྟེན་གླིང་གེ་སར་རྒྱལ་པོས་དེ་ནི་རྟགས་རྟེན་འབྲེལ་ཤིན་ཏུ་བཟང་པོར་བརྩིས་ཏེ། མཚོ་དེའི་མཚོ་ལྡོད་དུ་འབྲུག་མོའི་ཐགས་ཁང་དང་གསེར་སྒ་གཉིས་མཚོ་དེའི་ཉེ་འགྲམ་ན་བཞག་པ་རེད་ཅེས་གྲགས་སོ།།.  དེ་ནས་བསོ་བ་བོགས་མཚོ་བརྒྱུད་ནས་གླིང་དམག་འཇང་ལ་དམག་གཏུགས་ཆེད་རི་བྱོན་རྫོང་རྩར་ཆས་པ་རེད་ཅེས་དམངས་ཁྲོད་ན་བཤད་རྒྱུན་འདུག

བཞི།  གེ་སར་རིག་གནས་ལས་འཕྲོས་པའི་དར་བཤད་དང་གཏམ་དཔེ།

   འབའ་པའི་དམངས་ཁྲོད་ཀྱི་དར་བཤད་ནང་དུ། “འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་རྫོང་། ཆགས་ལུགས་འོངས་ལུགས་གཅིག་བཤད་ན་འབའ་གེ་སར་ལྷ་ཁང་བྱ་ཁྱུང་གི་ལྟེ་བའི་སྟེང་ལ་ཆགས་”ཞེས་འབའ་མི་འགྱུར་ལྷུན་གྲུབ་རབ་བརྟན་རྫོང་བྱ་ཁྱུང་གི་གཤོག་རྩལ་གྱི་གཡས་གཡོན་གཉིས་སུ་ཆགས་ཡོད་པས་ས་ཡོམ་སོགས་མང་པས་འབའ་པའི་གེ་སར་ལྷ་ཁང་བྱ་ཁྱུང་གི་ལྟེ་བའི་སྟེང་ལ་ཆགས་པས་ས་གཞི་བདེ་ལ་བཀོད་པར་བཤད་སྲོལ་མཆིས།

   འབའ་གེ་སར་ལྷ་ཁང་དེ་དེང་སང་ཡང་དངོས་སུ་མཇལ་རྒྱུ་ཡོད། ཡུལ་ལུང་མང་ཤོས་ཀྱི་དར་བཤད་ནང་དུ་གེ་སར་དང་འབྲུག་མོའི་ལོ་རྒྱུས་མང་པོ་ཤིག་བཤད་རྒྱུ་འདུག  ཁྱད་པར་དུ་འབྲི་རྒྱུད་ཕྱོགས་བཞིའི་དར་བཤད་ནང་དུ་ཡིན་ན་དང་པོ་གུ་རུ་རིན་པོ་ཆེའི་སྤྲུལ་པ་གླིང་གེ་སར་རྒྱལ་པོས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་དེའི་སྟེང་དུ་སྤྲེལ་རྒན་བྱང་ཆུབ་སེམས་སོགས་བྱུང་རབ་ཡང་བཤད་རྒྱུ་འདུག འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་གེ་སར་རིག་གནས་ལྷག་པར་དུ་འཇང་གླིང་གཡུལ་འགྱེད་དང་འབྲེལ་པའི་གཏམ་དཔེ་མང་པོ་བྱུང་མྱོང་། ཆ་ཚང་མ་ཡིན་པའི་སྒོ་ནས་བསྡུ་རུབ་བྱས་ན་བརྒྱ་དང་ལྔ་བཅུ་ལྷག་མཆིས། 

 ལྔ།  གེ་སར་རིག་གནས་ལས་འཕྲོས་པའི་གླུ་གར་རིག་གནས།

  འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་སྐད་གྲགས་ཤིན་ཏུ་ཆེ་བའི་འབའ་གཞས་ཨ་སྟག་ལ་གཞས་ཟེར་བ་ཞིག་ཡོད། གཞས་དེའི་བྱུང་རིམ་བརྗོད་པའི་སྐབས་སུ་གེ་སར་བྱུང་དུ་གཡུལ་འགྱེད་ལ་ཕེབས་ནས་རྒྱལ་ཁ་ལོན་དུས་ཨ་སྟག་ལྷ་མོས་རྫུ་འཕྲུལ་བྱས་ནས་གེ་སར་ཕ་ཡུལ་དུ་མ་མངགས་པའི་གནས་ཚུལ་བྱུང་དུས་སེང་ལྕང་འབྲུག་མོས་ལྷ་བྱ་ཁྲུང་ཁྲུང་དཀར་མོར་གཞས་འདིའི་གཞས་ཚིག་བསྐུར་པར་ཡོངས་སུ་གྲགས། འབའ་སྡེ་པའི་སྲིད་འཛིན་ས་ཁུལ་དུ་དུས་དེང་སང་དར་ཁྱབ་ཤིན་ཏུ་ཆེ་བའི་འབའ་བྲོ་དེར། “གླིང་ཕྲུག་ལ་གེ་སར་རྒྱལ་པོ་བསམ་པ་སྡུག་ཡང་མི་དགོས་”ཞེས་པ་སོགས་ཡོད། འབའ་པ་རྒན་རབས་རྣམ་པས་བྲོ་འདི་འཆམ་པར་ཤིན་ཏུ་དགའ་ཞིང་། ཕྱིས་སུ་བྲོ་འདི་འབའ་གཞས་ཀྱི་སྒོ་ནས་འཁྲབ་སྲོལ་ཡང་ཡུལ་ལུང་མང་པོར་ཆགས། ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་བྲོ་གཞས་དང་གེ་སར་རིག་གནས་གཉིས་ཟུང་དུ་འབྲེལ་པའི་གླུ་གར་རིག་གནས་འདི་དང་འདི་ལྟ་བུའི་ཉི་ཤུ་ལྷག་རྙེད་སོན་བྱུང་།

དྲུག གེ་སར་རིག་གནས་ལས་འཕྲོས་པའི་ཆོ་ག་ཕྱག་ལེན།

  འབའ་སྡེ་པའི་སྲིད་འཛིན་གྱི་ས་ཁུལ་དུ་གསང་སྔགས་རྙིང་མ་པའི་བྱང་གཏེར་གྱི་ཆོ་ག་ཕྱག་ལེན་བྱས་པའི་དགོན་ཆེན་གཅིག་དང་དགོན་ཆུང་བརྒྱད་ཡོད་ལ་དགོན་པ་དེ་དག་གི་རྒྱགས་བརྔན་ལྷ་བསང་གི་ཆོ་ག་གཏོང་བའི་སྐབས་སུ་གེ་སར་གསོལ་མཆོད་གཏོང་དགོས་པར་མ་ཟད། གེ་སར་གྱི་གཏོར་མ་དེ་ལྷ་བསང་གཏོང་ཚར་རྗེས་ཡོན་བདག་གི་ཁྱིམ་ནང་ཐབ་ལྷ་མདུན་དུ་བཞག་པའམ་མཆོད་ཁང་གི་གཡང་སྒང་ནང་དུ་བཞག་པའི་སྲོལ་རྒྱུན་ལྡན། གཏོར་མ་ནང་དུ་གཏོར་རྒྱན་མཛེས་ཤོས་གེ་སར་གྱི་གཏོར་མ་དེ་ཡིན། འབའ་གྲུབ་པ་དགོན་པས་མཚོན་པའི་དགོན་ཁག་གིས་ཀྱང་གེ་སར་གསོལ་མཆོད་བྱེད་སྲོལ་ཡོད་མོད།  ཀུན་དང་མི་འདྲ་བར་གེ་སར་གཏོར་མ་ཐབ་ཕུག་འབུལ་དགོས་ནི་གཏོར་སྟེགས་དེར་གཡང་ལེན་གཏོར་མ་ཡང་ལྷན་དུ་ཡོད་པས་རེད། གཞན་ཡང་འབའ་སྡེ་པའི་འབྲི་རྒྱུད་ཕྱོགས་བཞི་དང་རི་བྱོན་རྫོང་རྩ་སོགས་ཀྱི་བན་རྒན་རྣམས་ཀྱིས་ལྷ་བསང་གཏོང་བའི་སྐབས་སུ་གེ་སར་གྱི་གསོལ་འདེབས་དང་འཕྲིན་བཅོས་ཕུལ་གསོལ་འདུག་ལ་གེ་སར་གྱི་འཕྲིན་བཅོས་གཏོང་ན་རླུང་ལྷ་དར་བའི་བཤད་སྲོལ་ཡང་འདུག 

 བདུན། གེ་སར་རིག་གནས་ལས་འཕྲོས་པའི་ཡུལ་སྲོལ་གོམས་གཤིས།

   གོམས་གཤིས་དང་དོ་དབྱིངས་ཆ་ནས་བཤད་ནའང་འབའ་གླིང་ཁ་གཤིས་དེ་པའི་མི་ཚོས་གླིང་སྒྲུང་ཉན་པར་སྤྲོ་ཞིང་། གླིང་སྒྲུང་ནང་གི་དཔའ་རྟུལ་ཚོའི་དཔའ་རྩལ་དང་རྟ་རྩལ་ལ་ལད་མོ། ཅུང་དཔའ་སྙིང་ཡོད་པའི་མི་ཚོར་དཔའ་རྟུལ་ག་གེ་མོའི་མིང་འདོགས་སྲོལ་དང་། རྒྱུག་རྩལ་ཆེ་བའི་རྟ་ལ་གླིང་སྒྲུང་ནང་གི་རྟའི་མིང་དག་འདོགས་སྲོལ་སོགས་གླིང་སྒྲུང་གི་དོ་དབྱིངས་དུས་ད་ལྟའི་བར་དུ་གནས་ཡོད། མདོར་ན་འབའ་གླིང་ཁ་གཤིས་ཡུལ་དུ་གེ་སར་རིག་གནས་དར་འཕེལ་བྱུང་ལུགས་ནི་གེ་སར་ལྷ་རུ་བཏགས་པའི་ཆོས་ལུགས་ཀྱི་བག་ཆགས་དང་། དཔའ་རྩལ་དང་རྟ་རྩལ་ལ་མོས་པའི་འཇིག་རྟེན་པའི་འདུ་ཤེས་དབང་གིས་མིན་པར་ཤ་ཁྲག་རུས་གསུམ་དང་ལྷན་དུ་དར་ཡོང་བ་ཞིག་ཡིན།


འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ།

བཞི་པ། འབའ་སྡེ་བའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཉམས་ཞིབ་ཀྱི་རིན་ཐང་། 

   གླིང་གེ་སར་སྒྲུང་ནི་ས་ཐོག་གི་ལོ་རྒྱུས་སྙན་རྩོམ་ཡོད་ཚད་ལས་ཆེས་རིང་ཞིང་། རྗོད་བྱེད་དང་བརྗོད་བྱ་གང་ཐད་ནས་འཛམ་གླིང་ན་འགྲན་ཟླ་བྲལ་བ་ཞིག་ཏུ་གྱུར་ཡོད་པས། དེ་ལ་ཆབ་སྲིད་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། རིག་གཞུང་གི་རིན་ཐང་། དེ་བཞིན་དུ་སྤྱི་ཚོགས་ཀྱི་རིན་ཐང་གལ་ཆེན་ལྡན། སྤྱིར་གེ་སར་རིག་གནས་ཉམས་ཞིབ་ནི་ཁམས་པར་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན། རྒྱུ་མཚན་ནི་ཁམས་པའི་སྐད་དང་བརྡ། དེ་བཞིན་ཁམས་པའི་མིའི་གཤིས་སྤྱོད་ཚང་མ་གླིང་སྒྲུང་ན་གསལ་ཞིང་། ཅི་སྟེ་ཁམས་པའི་ཐུན་མོང་མིན་པའི་བརྡ་ཆད་འཚོལ་ཞིབ་དང་གཏན་འབེབས་བཟོ་པར་ཁུངས་གཏུགས་འོས་ཤོས་ནི་གླིང་སྒྲུང་ཡིན། གླིང་སྒྲུང་ནི་སྒྲུང་དང་སྙན་ངག་གཞན་ལྟར་མཁས་པའི་བརྡ་ཆད་སྤྱད་ནས་སྒྲུང་གཏམ་དང་སྙན་ངག་གི་ཆེད་དུ་སྒྲུང་གཏམ་དང་སྙན་ངག་བྲིས་པ་འདྲ་མིན་པར་དམངས་ཁྲོད་རང་བཞིན་ལྷན་སྐྱེས་ཡོད་པའི་བརྡ་ཆད་དང་གཏམ་རྒྱུད་རྣམས་མ་སྒྲིག་ལྷུན་འགྲུབ་ཀྱིས་གྲུབ་པ་ཡིན་པས་དམངས་ཁྲོད་ན་ལྷན་སྐྱེས་མངའ་བའི་བརྡ་ཐ་སྙད་མང་པོ་ཞིག་དེར་བཏུས་ཡོད། བྱེ་བྲག་རང་རེའི་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་ལ་མཚོན་ན་གླིང་སྒྲུང་ནི་སྒྲུང་དེབ་ཀྱི་བཤད་རྒྱུན་དམངས་ཁྲོད་ན་བཤད་གླེང་ངམ་ལད་མོ་བྱས་པ་མིན་པར་ལུང་པའི་མཁར་ཤུལ། གནས་རི་སོགས་རིག་དངོས་ཤུལ་གཞག་དག་བརྟེན་ནས་གེ་སར་རིག་གནས་ཚུར་བཤད་བྱེད་ཀྱི་ཡོད། དེས་ན་ང་ཚོའི་ལུང་པར་གེ་སར་རིག་གནས་ཞིབ་ཚགས་འཐུས་སྒོ་ཅུང་དམ་དུ་གཏོང་ཐུབ་ཚེ་བྱ་གཞག་དེའི་ཁྲོད་ན་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་ལམ་འབའ་པའི་ཐོག་མའི་མཆེད་ཁུངས་ཀྱི་རིགས་རུས། དེ་བཞིན་ས་ཆུ་རི་གསུམ་གྱི་མིང་དོན་དང་འབྲེལ་བའི་ལོ་རྒྱུས། འཇང་གླིང་གཡུལ་འགྱེད་ཀྱི་ས་གནས་དང་གླིང་དམག་འཇང་སྐྱོད་ཀྱི་ས་བཀྲ་སོགས་མང་པོ་ཞིག་རྙེད་ས་སྣང་། མདོར་ན་འབའ་ཁུལ་གེ་སར་རིག་གནས་ཞིབ་འཇུག་དེས་འབའ་པའི་ལོ་རྒྱུས་དང། བོད་དང་འཇང་དབར་གྱི་འབྲེལ་བ། ལོ་རྒྱུས་ཁྲོད་ཀྱི་འཇང་དང་འཇང་གླིང་གཡུལ་འགྱེད་ནང་གི་འཇང་གཉིས་གཅིག་དང་ཐ་དད་གང་ཡིན་ཁ་གསལ་ཆགས་པ་སོགས་ལོ་རྒྱུས་རིག་གནས་ཀྱི་གནད་དོན་མང་པོ་གསེད་བཀྲོལ་ཡོང་བའི་རེ་བ་ཆེན་པོ་སྣང་།

ལྔ་པ།  མཇུག་བསྡུ་བའི་གཏམ།

 འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ནི་ཡུལ་གཞན་གྱི་གེ་སར་རིག་གནས་ལས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རིན་ཐང་མཆིས།དེ་ནི་གླིང་སྒྲུང་གི་ལུང་པའི་མི་ལ་ཕར་ཤུགས་རྐྱེན་ཐེབས་པ་མིན་པར་ལུང་པའི་རི་ཆུ་ཐང་གསུམ་དང་རིག་དངོས་ཀྱིས་ཚུར་འགྲེལ་བརྗོད་བྱེད་པའི་ལམ་ལུགས་ཤིག་ཡིན། རྒྱལ་ཁབ་ཕྱི་ནང་གཉིས་ན་གནས་པའི་ཉམས་ཞིབ་པ་རྣམས་ཀྱིས་གོམ་པ་སྤོས་མྱོང་མེད་པའི་རིག་གནས་ཀྱི་ལམ་བུ་འདི་ལས་ཐུན་མིན་གྱི་ཉམས་ཞིབ་ཀྱི་གྲུབ་འབྲས་ཐོབ་ངེས་སྲིད་ཆ་ཤིན་ཏུ་མང་བར་མ་ཟད། བོད་ཀྱི་གེ་སར་རིག་གནས་ཀྱི་ཉམས་ཞིབ་ཀྱི་སྟོང་ཆ་ཆེན་པོ་ཞིག་སྐོང་ངེས་པའང་ཐག་ཆོད་རེད། དེ་བཞིན་ཉམས་ཞིབ་པ་ཚོས་མ་འོངས་པར་འབའ་སྡེ་པའི་སྲིད་འཛིན་ས་ཁུལ་གྱི་གེ་སར་རིག་གནས་ཀྱི་ལས་ཀ་རྩོམ་དུས་དཔེ་མཛོད་ཁང་དང་རྟེན་མཛོད་ཁང་ནང་ཉམས་ཞིབ་ཁོ་ན་བྱེད་ན་མི་ལེགས་པར་གྲོང་གསེབ་ཁག་ཏུ་སོང་ནས་གེ་སར་རིག་གནས་འཚོལ་སྡུད་དང་པར་སྐྲུན་ཕྱོགས་ལ་ཤུགས་རྒྱག་དགོས་པར་མ་ཟད། དེ་བཞིན་ཐོན་མིན་གྱི་སྒྲུང་པ་གསོ་སྐྱོང་ལ་འབད་དགོས། དེའི་ཐོག་ཏུ་དེང་རབས་ཚན་རྩལ་དང་འབྲེལ་ནས་གེ་སར་རིག་གནས་ཀྱི་མཚོན་ཐབས་སྣ་མང་ཅན་དུ་གཏོང་རྒྱུ་དང་གེ་སར་རིག་གནས་ཀྱི་རིན་ཐང་ལ་ངོས་གསལ་བོར་འཛིན་རྒྱུ་དེ་གལ་ཆེ་ནང་གི་འགངས་ཆེན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1