ཉེ་ཆར་གསར་འགོད་པས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཡུལ་གྱི་དཔལ་འབྱོར་ལས་རིགས་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གྲོང་ཡུལ་དཔལ་འབྱོར་དང་ཐོན་ལས་བར་གྱི་ཧེ་བག་ཆུང་དུ་གཏོང་བ། གྲོང་ཡུལ་མཉམ་འདྲེས་སྔར་ལས་ལྷག་པ་ཡོང་བ། ས་ཁོངས་ཐོན་ལས་བཟང་སྒྲིག་རིམ་སྤོར་དང་གྲོང་ཡུལ་གྱི་རིན་ཐང་མཐོ་རུ་གཏོང་རོགས་བཅས་བྱ་ཆེད།རང་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཡུལ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
སྤྱི་པའི་རིག་གནས་ཞབས་ཞུ་མཁོ་འདོན་གཞི་རིམ་ལ་ཁ་ཕྱོགས་ཤིང་། གྲོང་ཡུལ་རིག་གནས་འཚོ་བ་དང་སྒྲིག་བཀོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཅིག་གྱུར་གྱིས་ཉོ་སྒྲུབ་དང་སྡེབ་སྐྱེལ་བྱས་པ་བརྒྱུད་རང་ཁུལ་གྱི་རྫོང(གྲོང་ཁྱེར)18ཀྱི་རིག་གནས་ཁང་དང་དཔེ་མཛོད་ཁང་། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས325 འབྲོག་པའི་གཞིས་ཆགས་ས་ཚིགས218 གྲོང་ཚོའི་རིག་གནས་བྱེད་སྒོ་ཁང705བཅས་ལ་སྐོར་སྐྱོད་གར་སྟེགས་རླངས་འཁོར་དང་སྐོར་སྐྱོད་དཔེ་དེབ་རླངས་འཁོར་དང་སྒྲ་སྐྱེད་སོགས་སྒྲིག་ཆས་སྡེབ་སྐྱེལ་བྱས་པ་རེད། རིན་མི་དགོས་པས་ཁུལ་དང་རྫོང་གི“ཁང་བ་གཉིས་དང་ས་ཚིགས་གཅིག”སྒོ་ཕྱེ་བ་བརྒྱུད། རིག་གནས་ཡུལ་སྡེར་སྐྱེལ་བའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། སྲོལ་རྒྱུན་རིག་གནས་ཀྱི་དུས་སྟོན་སོགས་རྒྱུན་མཐུད་དུ་རྒྱ་ཆེར་སྤེལ་བ། གྲོང་ཡུལ་རིག་གནས་ཀྱི་གཡུལ་ས་འཛུགས་སྐྲུན་སྔར་བས་སྲ་བརྟན་དང་འཐུས་ཚང་དུ་བཏང་ཡོད།
སྲོལ་རྒྱུན་གྱི་རིག་གནས་འཕེལ་རྒྱས་དང་སྲུང་སྐྱོང་ལ་དམིགས་ནས་ཁྱད་ཆོས་ལྡན་པའི་གྲོང་ཡུལ་འཛུགས་སྐྲུན་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་། རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ71དང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཚོ1 ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ213 ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ1 དམངས་ཁྲོད་སྒྱུ་རྩལ་གྱི་ཆོལ་ཁ26 ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཆོལ་ཁ11 རིག་གནས་གནའ་གྲོང2བཅས་ལ་རེ་ཞུ་ལེགས་གྲུབ་བྱུང་བ་རེད། གྲོང་སྡེ་དར་རྒྱས་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་སྡེ80ལྷག་ཙམ་ལ་དམངས་སྲོལ་དང་ཞིང་རྨོ། བཟའ་བཏུང་བཅས་ཁྱད་ཆོས་གཙོ་བོར་བྱས་པའི་རྟེན་རྫས་བཤམས་མཛོད་ཁང་ཆུང་གྲས(འགྲེམས་སྟོན་ཁང)བསྐྲུན་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་བ་རེད། “ལོ་ལྔའི་འཆར་བཞི་བཅུ་བཞི་པའི”རིང་ད་དུང་རིག་དངོས་གཙོ་གནད་རྫོང་ཁག་གཅིག་ཏུ་ཁྱབ་ཚུལ་ལུགས་མཐུན་དང་ནུས་པ་འཐུས་སྒོ་ཚང་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རྟེན་རྫས་བཤམས་མཛོད་ཁང་སྣ་ཚོགས་མགྱོགས་པོར་འཛུགས་སྐྲུན་བྱ་རྒྱུ་རེད། མིག་སྔར་ཁུལ་ཡོངས་སུ་གཞུང་ཁོངས་རྟེན་རྫས་བཤམས་མཛོད་ཁང3ཡོད་པ་རེད།
རིག་གནས་དང་ཡུལ་སྐོར་གྱི་དབུལ་སྐྱོར་ལས་གཞིའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཡུལ་བཀོད་པ་ལུགས་མཐུན་དང་ཧོར་པོ་མི་རིགས་ལག་ཤེས་བཟོ་རྩལ་དང་དེ་བཞིན་དམངས་སྲོལ་རིག་གནས་ཁྲོམ་གཞུང་གཅིག་དང་། སྡེ་དགེའི་པར་བརྐོས་རྟེན་རྫས་བཤམས་མཛོད་ཁང་གི་གཙོ་གཟུགས་ཨར་ལས་དང་དེ་བཞིན་ཞོར་སྐྲུན་ལས་ཀ་སྒྲིག་བཀོད་འཛུགས་སྐྲུན། དུང་དཀར་ལུང་པའི་འཁྱག་རོམ་མགྲོན་ཁང་བསྐྱར་སྐྲུན་རྒྱས་སྐྲུན། དར་རྩེ་མདོ་ནས་ཉག་ཆུའི་བར་གྱི་མཛེས་ལྗོངས་ལམ་ཆེན་ཡག་ཤོས་འཛུགས་སྐྲུན་སོགས་ཀྱི་ལས་གཞི། ཞིབ་སྦྱོང་དང་ཉམས་ལེན། བཟའ་བཏུང་། སྤྲོ་གསེང་། ལྟ་སྐོར། རིག་གནས་གསར་གཏོད། ཁྲིད་སྦྱོང་སོགས་གཞི་གཅིག་ཏུ་འདུས་པའི་གྲོང་ཡུལ་བཀོད་པ་གསར་པ་བཙུགས་ཏེ། རིག་གནས་དང་ཡུལ་སྐོར་དང་གྲོང་ཡུལ་མཉམ་འདྲེས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད།
ལྗང་མདོག་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ་ཡུལ་སྐོར་ལས་རིགས་དེ་གྲོང་ཡུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཐབས་ལམ་ནུས་ལྡན་ཞིག་ཏུ་གྱུར་ཡོད། སྲུང་སྐྱོང་དང་གསར་སྦོལ་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡུལ་སྐོར་ཐོན་ཁུངས་གསར་སྦོལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཀྱི་གཞི་གདན་ལེགས་པར་བསྐྲུན་ནས་གྲོང་ཡུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ། གཞན་ཡང་གང་བྱུང་དུ་སྐྲུན་པ་དང་གང་བྱུང་དུ་འཇོག་པ། གང་བྱུང་དུ་སྤུང་བ་བཅས་ཀྱི“གང་བྱུང་དྲུག”གི་རྣམ་པ་བཅོས་སྒྲིག་ཤུགས་ཆེན་བྱས་ནས་ཡིད་དབང་འཕྲོག་ཤུགས་ལྡན་པའི་རྫོང་གྲོང་དང་། ཡུལ་སྲོལ་གོམས་གཤིས་ལྡན་པའི་གྲོང་རྡལ་ཆུང་ངུ་། མཛེས་སྡུག་ལྡན་པའི་གྲོང་ཚོ་བཅས་ཧུར་ཐག་གིས་བསྐྲུན་རྒྱུ་རེད།།