དེའང་གནས་འདི་བཞུགས་པའི་ཡུལ་ནི་སེར་ཤུལ་རྫོང་འདན་ཁོག་ལོ་ཆུང་ནང་དུ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་གི་རྒྱབ་རི་ཡིན་ལ། འདི་དང་གནས་ཆེན་པདྨ་རི་མཐོ་གཉིས་སྦྲེལ་ནས་ཆགས་ཡོད། དུས་དེབ་གོང་མའི་ནང་དུ་ལོ་ཆུང་ནང་གི་གནས་ཚུལ་རགས་ཙམ་ཞུས་ཡོད་པས་འདི་བསྐྱར་བཀོད་མ་བྱས། གནས་ཡིག་ཏུ་འཁོད་པ་ལྟར་འདན་ཁོག་ཏུ་གླིང་གེ་སར་རྒྱལ་པོའི་གནའ་ཤུལ་གྲགས་ཅན་་འདན་མ་གཡུ་རྒྱལ་ཐོག་རྒོད་ཀྱི་མཁར་རྫོང་དང་། འདན་མའི་སྐུ་མཁར་ཤུག་རའི་ལྷ་མཁར་རིང་མོ། རྫོང་དེའི་དཀར་ཕུ་དགོན་དང་ཉེ་ས་ན་ཡོད་པའི་རྫོང་བཙན་པོ་ཤར་ལུང་རི་དྲུག་ལ་འདན་མའི་མཁར་དཀར་པོ་ཞེས་ཟེར། ལྷ་མཁར་རིང་མོའི་ཉེ་འཁོར་རྣམས་སུ་འདན་མའི་ལྟེ་ཁྲག་བོར་བ་ལས་སྐྱེས་པར་གྲགས་པའི་འདན་མའི་འཁྲུངས་ཤིང་ཤུག་པ་བཀྲ་ཤིས་ཟེར་བ་དང་། གནས་མཆོག་སེངྒེ་གནམ་རྫོང་གི་དབུ་རྩེ་ན་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་སྣང་བ་འོད་ལྡན་གྱི་མཁར་ཤུལ་མཐའ་རྟེན་ལྕགས་རི་དང་བཅས་པ། དེའི་ཤར་གྱི་རི་ངོས་ལ་འཛམ་གླིང་སེང་ཆེན་རྒྱལ་པོས་འདན་མའི་ནས་རྫོང་ཕབ་ས་བཅས་ཡོད།
ས་ར་ཧ་པའི་སྤྲུལ་པ་འདན་མ་བྱང་ཁྲ་གསོལ།
སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀོད་པའི་མདོ་བྱང་། ཞེས་པ་ལས། དྲག་པོས་འདུལ་མཛད་ཀློང་ཐང་བྱང་ཕྱོགས་སུ༔ སེངྒེ་རྒྱབ་བསྣོལ་འདྲ་བའི་བྲག་རི་ལ༔ པདྨ་བདག་གི་སྒྲུབ་གནས་ཤེལ་ཕུག་ཡོད༔
ཟ་ཧོར་རྒྱལ་པོའི་ཕོ་བྲང་སྣང་བ་འོད་ལྡན་ཤུལ
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་གསལ་བྱེད། ཅེས་པ་ལས། དྲག་པོས་འདུལ་མཛད་ནི། །ཀློང་ཐང་སྒྲོམ་མའི་བྱང་ཕྱོགས་ངོས་ཀྱི་རྒྱབ་རི་པདྨ་རི་མཐོའི་མདུན་ངོས་སུ་འབྲེལ་བ་སེངྒེ་གནམ་རྫོང་དུ་གྲགས་པ་དེ་ཡིན།
བསིལ་བའི་ཚལ་དང་མཉམ་པའི་དུར་ཁྲོད་ཀླུ་མོ་དགྱེས
དེ་ལྟར་དྲག་པོས་འདུལ་མཛད་སེངྒེ་གནམ་རྫོང་ནི། དྲང་དོན་དུ་རྡོ་རྗེའི་བྲག་རི་དུང་སེང་དཀར་མོ་གནམ་ལ་འགྱིངས་པ་ལྟ་བུ་ལ། ངེས་དོན་དུ་སློབ་དཔོན་གྱི་ཕྲིན་ལས་འགྲོ་འདུལ་གྱི་གནས་བརྒྱད་ཀྱི་ཡ་གྱལ་ཡིན་པར་གྲགས། རི་དེའི་རྒྱང་གྲགས་ཀྱི་མཚམས་ཚུན་ན་འབྲོག་པ་དང་ཞིང་པ་གཅིག་ཀྱང་མེད་པས་གནས་དབེན་པ་ཉིད་དུ་ངེས་ཤིང་། རིའི་སྤྱི་གཙུག་ཏུ་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་སྣང་བ་འོད་ལྡན་གྱི་མཁར་ཤུལ་དང་མཐའ་རྟེན་ལྕགས་རི་དང་བཅས་པའི་ལོ་རྒྱུས་ཡོད། གཞན་ཡང་དེའི་སྐོར་ལམ་སོགས་སུ་ངོ་མཚར་བའི་བཀོད་པ་ཇི་ལྟར་ཡོད་ཚུལ་སྨོས་ན། དེའི་ཤར་གྱི་ལྡེབས་ངོས་སུ་ད་ལྟ་འདན་མའི་ནས་རྫོང་ཞེས་འཛམ་གླིང་གེ་སར་རྒྱལ་པོས་འདན་མའི་ནས་རྫོང་ཕབ་ས་དང་བར་དོའི་འཛུལ་ཁུང་ཡོད་ལ། འདན་མའི་ནས་རྫོང་ནས་གཡས་སྐོར་དུ་སོང་བས་ཨོ་རྒྱན་སྒྲུབ་ཆུ་དང་། ཚེ་སྒྲུབ་མཚམས་ཁང་། དཔལ་རྡོའི་ཞབས་རྗེས། ཨོ་རྒྱན་སྒྲུབ་ཕུག་སོགས་སྒྲུབ་པའི་བསྟི་གནས་དུ་མ་ཡོད། དེ་ནས་རིའི་ལྷོ་ཕྱོགས་ཀྱི་ལྡེབས་ངོས་སུ་མཁའ་འགྲོ་འབུམ་གྱིས་ཚོགས་འཁོར་བསྐོར་བའི་གནས་མཁའ་འགྲོ་འབུམ་རྫོང་དང་། སྨན་བླའི་སྒྲུབ་ཕུག་ཡོད་ལ། སྨན་བླའི་སྒྲུབ་ཕུག་ཏུ་གཏེར་སྟོན་ཉི་མ་གྲགས་པས་སྨན་བླའི་ཆོས་སྐོར་བདུད་རྩི་ཐིགས་པ་གཏེར་དུ་བླངས་ནས། ཕུག་པ་དེ་རུ་གཏེར་སྒྲུབ་མཛད་པར་གྲགས། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་དཔལ་གྱི་རྡོ་རྗེའི་ཞིང་བཤེགས་པའི་སྐུ་གདུང་མཆོད་རྟེན་ཁ་ཤར་ཕྱོགས་སུ་བསྟན་པ་གང་གིས་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་ལུས་ཅན་རྒྱ་མཚོ་ལྟ་བུའི་རྒྱུད་ལ་ལེགས་བྱས་ཀྱི་ས་བོན་རྨ་མེད་པར་འཇོག་པའི་གནས་དང་། དཔལ་རྡོའི་སྒྲུབ་ཕུག་ཏུ་གྲགས་པ་ཡོད། དེའི་ཉེ་འདབས་ན་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མདུན་ན་འདན་མའི་གཟིམ་ཁང་བདུན་གྱིས་མཉམ་དུ་བཞེངས་པར་གྲགས་པའི་བདུད་འདུལ་མཆོད་རྟེན་ནམ་བྱང་ཆུབ་མཆོད་རྟེན་དང་། མཐའ་འདུལ་དང་ཡང་འདུལ་སོགས་ཀྱི་གྲས་ཁམས་ཀྱི་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་གི་ཐོག་མའི་གདན་ས་བཅས་པ་ཡོད། གདན་ས་འདི་ནི་སྒྲུབ་གནས་སེངྒེ་གནམ་རྫོང་གི་ལག་པ་གཡས་པའི་སྟེང་དུ་ཡོད་ལ། དེའི་ལག་པ་གཡོན་པ་ནི་རྗེ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་འཁྲུངས་གནས་ཡིན་ཞིང་། རིའི་གཡས་ཀྱི་ཆ་ལ་རྒྱ་བཟང་ཀོང་ཇོས་གཏེར་དུ་བླངས་པའི་ཕོ་ཆུ་དང་། སེང་ལྕམ་འབྲུག་མོའི་སྐྲ་གཞོང་ཟེར་བ་ཡོད། མདུན་དུ་མི་ལོ་སྟོང་ཕྲག་བརྒལ་ཞིང་རྒྱུན་རིང་གི་ལོ་རྒྱུས་མངོན་པའི་རྡོར་སེམས་སྐུ་བརྙན་བྲག་ལ་བརྐོས་པ་དང་། འདན་མའི་ཚོགས་གཏོར། ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་རང་བྱོན།①སོགས་མཆོག་ཏུ་ངོ་མཚར་བའི་གནས་ཆེན་དུ་མ་ཡོད། ཡང་དེའི་གཡོན་ཕྱོགས་སུ་འདན་མའི་གཡུ་མཚོ་དང་།