ཨ་གིན་ཐིན་ནི་མེ་གླིང་ལྷོ་མའི་ཤར་ལྷོའི་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། མིང་ཆ་ཚང་ལ་ཨ་གིན་ཐིན་སྤྱི་མཐུན་རྒྱལ་ཁབ་ཅེས་བྱ། མིང་ཁུངས་ལྟར་ན། ཨ་གིན་ཐིན་ཞེས་པ་ནི་ལ་ཏིང་གི་སྐད་ལས་བྱུང་ཞིང་དངུལ་དཀར་པོ་ཞེས་པའི་དོན་དུ་འགྲེལ། ཨ་གིན་ཐིན་གྱི་ནུབ་རྒྱུད་ཆི་ལི་དང་འདབས་འབྲེལ་དུ་གནས་ཤིང་།བྱང་རྒྱུད་པོ་ལི་ཝི་ཡ་དང་ཕ་ར་གུ་ཝེ། བྷ་རེ་ཟེ། ཡུ་རུ་གྷེ་བཅས་དང་མཚེས་མར་བཅར། ཤར་རྒྱུད་ནུབ་ཀྱི་རྒྱ་མཚོ་ཆེན་མོ་དང་ལྷོ་རྒྱུད་ལྷོ་སྣེ་གླིང་ལ་འབྲེལ་ཡོད།
དུས་རབས་བཅུ་དྲུག་པའི་སྔོན་དུ་ཨ་གིན་ཐིན་གྱི་གཞི་འཛིན་མི་རིགས་ནི་ཨིན་དིའི་མི་ཡིན་ཞིང་། རྗེས་ནས་དམག་འཁྲུག་དང་གནས་སྤར་གྱི་གོ་རིམ་ཁྲོད་མི་རིགས་གཞན་དང་མཉམ་དུ་འདྲེས་པ་རེད། ད་ལྟར་ཨ་གིན་ཐིན་གྱི་སྡོད་དམངས་ལས་བརྒྱ་ཆའི་དགུ་བཅུས་གནམ་བདག་ཆོས་ལུགས་ལ་དད་ཅིང་། གྲོང་ཁྱེར་དང་ཞིང་གྲོང་སོ་སོར་ཆོས་ཁང་ཡོད་པ་དང་། གཉེན་སྟོན་གྱི་ཆོ་ག་དང་འདས་མཆོད་སོགས་ཀྱང་ཆོས་ཁང་དུ་སྤེལ་བའི་སྲོལ་མཆིས། མཐའ་མཚམས་སུ་འཚོ་བའི་ཨིན་དིའི་མིས་མི་རིགས་རང་གི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་རིག་གནས་གྲ་མ་ཉམས་ཤིང་གྲུ་མ་ཞིག་པར་རྒྱུན་འཛིན་བྱས་ཡོད། ཨ་གིན་ཐིན་གྱི་གཞུང་ཕྱོགས་ཀྱི་སྐད་ཡིག་ནི་སི་ཕེན་གྱི་སྐད་ཡིན་ཞིང་། སི་ཕེན་སྐད་ཀྱི་སྒྲ་གདངས་ལ་ཨི་ཐ་ལིའི་སྐད་ཀྱིས་ཤན་ཞུགས་པ་མངོན་སུམ་དུ་སྣང་།
ཨ་གིན་ཐིན་གྱི་རྩྭ་སའི་ཁོད་ཡངས་ཤིང་ས་བཅུད་བཟང་བས་ཞིང་འབྲོག་ལས་རིགས་ཀྱི་འཕེལ་ཁ་ཤིན་ཏུ་དར། ཨ་གིན་ཐིན་གྱི་རྒྱ་ཁྱོན་སྤྱིའི་ཕྱེད་ཀ་རྩྭ་ཐང་དང་ཞིང་ས་ཡིན་ཞིང་འཛམ་གླིང་གི་འབྲུ་རིགས་དང་ཕྱུགས་ལས་ཐོན་སྐྱེད་ལ་མཐུན་རྐྱེན་འཛོམས་པས་འཛམ་གླིང་གི་འབྲུ་མཛོད་ཅེས་ཀྱང་འབོད། ནོར་ཤ་དང་འབྲེལ་བའི་ཟས་རིགས་གཡོ་སྦྱོར་གྱི་དེང་རབས་རིག་གནས་ཀྱང་གྲ་རྒྱས་ཕུན་སུམ་ཚོགས་ཤིང་། ལས་སྣོན་ལས་རིགས་ཀྱི་ལག་རྩལ་འཛམ་གླིང་གི་སྔོན་གྲས་སུ་ཚུད་ཡོད། ཨ་གིན་ཐིན་གྱི་ས་གནས་སོ་སོའི་རང་བྱུང་ས་བབ་ཀྱི་ཁྱད་ཆོས་མི་འདྲ་བས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ས་ཁུལ་ལ་ཆེད་ལས་ཅན་གྱི་ལས་བགོས་ལག་ལེན་དུ་བསྟར་ཡོད། རྒྱལ་ཡོངས་སུ་ནོར་འཚོ་ས་དང་འོ་མ་བཞོ་ཡུལ། བེའུ་འཚོ་ས། ལུག་འཚོ་ས། ལུག་བལ་ཐོན་སྐྱེད་ས་ཁུལ་བཅས་ཐོན་སྐྱེད་ཁུལ་ལྔ་ལྷག་འཛུགས་གཉེར་བྱས་ཡོད་པ་དང་། གཞན་ས་བབ་དང་བསྟུན་ནས་གྲོ་དང་མ་རྨོས་ལོ་ཏོག །སྲན་མ། སྲིང་བལ། སིལ་ཏོག་སོགས་ཀྱི་ཆེད་ལས་ཅན་གྱི་འདེབས་འཛུགས་ཁུལ་སོ་སོར་བཀར་ཡོད། ཕྱུགས་ལས་ལ་མཚོན་ནའང་ཆེད་ལས་ཅན་གྱི་ལས་བགོས་ཧ་ཅང་ཞིབ་ཚགས་ཡིན་པ་དང་། ཕྱུགས་ལས་ཁུལ་སོ་སོའི་ལས་གཉེར་གྱི་དམིགས་བྱའང་མི་འདྲ་སྟེ་ས་བབ་ཀྱི་ཆ་རྐྱེན་ལྟར་རྒྱུད་སྤེལ་དང་གཟན་གསོ། སྡོམ་གསོ་བཅས་ལས་རིམ་གསུམ་དུ་ཕྱེས་ཡོད། རྒྱལ་ཡོངས་ཀྱི་ཞིང་ཕྱུགས་ལས་ལག་རྩལ་ཞིབ་འཇུག་ཁང་གིས་ཀྱང་སྐྱེས་བཅས་ཞིང་ལས་ལ་དང་དོད་ཆེན་པོ་བྱེད་ཅིང་། ས་གཤིན་གྱི་ཁྱད་ཆོས་དང་སྲོལ་རྒྱུན་གྱི་འདེབས་གསོའི་ལག་རྩལ་ཟུང་དུ་འབྲེལ་ནས་ཚན་རིག་དང་མཐུན་པའི་ཞིང་ཕྱུགས་རེས་འཁོར་གྱི་ལས་གཉེར་ལམ་སྲོལ་གཏོད་ཡོད་པ་དང་། འབྲེལ་ཡོད་རྩ་འཛུགས་དག་གིས་ཀྱང་ཚོད་ལྟའི་ས་ཚིགས་དང་ཁྱབ་གདལ་ས་ཚིགས་སུ་ཞིང་ཕྱུགས་ལས་རིགས་དང་འབྲེལ་བའི་ལག་རྩལ་དང་དཔྱད་འབྲས་གསར་པ་ཁྱབ་སྤེལ་གྱི་ལས་འགན་ལྷུར་བླངས་ཤིང་། ཞིང་ལས་ཀྱི་ལག་རྩལ་གསར་པ་འགྲེལ་བརྗོད་དང་ལག་རྩལ་གྱི་རྒྱུ་ཆ་མཁོ་འདོན་བྱས་ཏེ། ཚན་རིག་དང་མཐུན་ཞིང་རང་བྱུང་ཆོས་ཉིད་ལ་འཕྲོད་པའི་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་འཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད་པ་རེད།
ལོ་སར་ལ་ཉེ་སྐབས་ཨ་གིན་ཐིན་མིས་མེ་ཏོག་གི་ཁྲུས་གསོལ་ལ་རོལ་ནས་ལོ་གཅིག་གི་སེམས་ཀྱི་ངལ་དུབ་དང་ལུས་ཀྱི་སྡིག་སྒྲིབ་འདག་པར་བྱས་ནས་གནམ་ལོ་གསར་པའི་སྐྱ་རེངས་ཐོག་མ་བསུ་བར་སྟ་གོན་བྱེད་པའི་སྲོལ་རྒྱུན་མ་ཉམས་པར་མཆིས། གཞན་ལོ་རེའི་ཟླ་གཉིས་པའི་ཚེས་ཉེར་གཉིས་ནས་ཟླ་གསུམ་པའི་ཚེས་དགུའི་བར་སྤེལ་བའི་རྒུན་འབྲུམ་དུས་ཆེན་སྐབས་རྒུན་འབྲུམ་གྱི་སྲས་མོ་འདེམས་པའི་སྲོལ་ཡོད་པ་དང་། གཞི་རྒྱ་ཆེ་བའི་རྒུན་འབྲུམ་དུས་ཆེན་དེ་ནི་ཨ་གིན་ཐིན་གྱི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རྒུན་འབྲུམ་འདེབས་གསོའི་རིག་གནས་དང་འབྲེལ་བ་ལྡན།
མེ་གླིང་ལྷོ་མའི་མིང་དུ་གྲགས་པའི་འཁྱག་རོམ་རྒྱ་མཚོ་སྟེ་ཨ་གིན་ཐིན་རྒྱ་མཚོ་ནི་ཨ་གིན་ཐིན་ལྷོ་རྒྱུད་ཀྱི་ཧྲིན་ཁི་ལོ་སིའི་མངའ་སྡེར་ཡོད་པ་དང་། དེ་ནི་ཨ་གིན་ཐིན་གྱི་གཞི་ཁྱོན་ཆེས་ཆེ་བའི་མཚོ་ཆེན་དང་མེ་གླིང་གི་མཚོ་ཆེན་ཨང་གསུམ་པར་གྲགས། མཚོ་ཆེན་འདིའི་འཁྱག་རོམ་ནི་ཕེ་ལི་ཋོ་ལི་ནོ་དང་ཝོ་ཕུ་ས་ར་སོགས་ཧ་ལམ་འཁྱག་ཀླུང་150ལྷག་གི་འཁྱག་རོམ་གྱིས་གྲུབ་ཅིང་། ཨན་ངྷི་སི་རི་བོའི་གཏིང་རིམ་གྱི་འཁྱག་ཀླུང་ཨ་གིན་ཐིན་རྒྱ་མཚོའི་ནང་བསྲིངས་ནས་རྒྱ་མཚོའི་ཆུ་གནས་སྨི་300~400ཇེ་མཐོར་སོང་ཡོད་པ་དང་། རྒྱ་མཚོའི་རླབས་རྒྱུན་དང་བསྡོངས་ནས་འཁྱགས་རོམ་མཚོ་ངོས་སུ་ག་ལེར་སྐྱོམ་པའི་རང་བྱུང་གི་བཀོད་པ་ནི་རྔམ་བརྗིད་ལྡན་ཞིང་མིག་ལ་མཛེས་པས་ཀུན་གྱི་བསྟོད་པའི་མེ་ཏོག་གཏོར་ཡུལ་དུ་གྱུར་ཡོད།
ཨ་གིན་ཐིན་གྱི་མི་གྲངས་ལས་ཕལ་མོ་ཆེ་ཡོ་རོབ་གླིང་གི་གནས་སྤོ་ཡུལ་མི་ཡིན་པས་ཡོ་རོབ་གླིང་གི་རིག་གནས་ཀྱི་ཤན་ཐེབས་པ་ཅུང་མངོན་གསལ་དུ་སྣང་ཞིང་། སྐད་ཆ་ལས་གཞན་རིག་གནས་དང་སྒྱུ་རྩལ་ལའང་ཡོ་རོབ་གླིང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་འབུར་དུ་ཐོན། ཨ་གིན་ཐིན་གྱི་རྩོམ་རིག་སྒྱུ་རྩལ་ལ་མཚོན་ནའང་ཕྱི་ཡོང་སྒྱུ་རྩལ་གྱི་གྲུབ་ཆ་མང་པོ་མཉམ་འདྲེས་ཀྱི་གོ་རིམ་ཁྲོད་རིམ་བཞིན་དར་ཞིང་། མཐར་མི་རིགས་རང་གི་མཛེས་རྟོག་གི་ཁྱད་ཆོས་ལྡན་པའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གྲུབ་པ་རེད།
ཐེན་གྷོ(tango)ནི་དུས་རབས་བཅུ་དགུ་བར་ཨ་གིན་ཐིན་ནས་དར་བའི་བཤེས་བྲོའི་རིགས་ཤིག་ཡིན་ཞིང་། འབྲེལ་ཡོད་ཀྱི་ཡིག་ཆ་ལྟར་ན། དམངས་ཁྲོད་དུ་དར་བའི་ཞབས་བྲོ་སྒྱུ་རྩལ་འདི་རྗེས་ནས་མི་རིགས་གཞན་གྱི་ཞབས་བྲོའི་རིག་གནས་དང་མཉམ་དུ་འདྲེས་ནས་རིམ་བཞིན་ཁོ་ལག་རྒྱས་པར་བཞེད་ཅིང་། དུས་རབས་ཉི་ཤུའི་སྟོད་ཀྱི་ཆར། ཐེན་གྷོ་འཛམ་གླིང་གི་ཡུལ་གྲུ་མང་པོར་ཁྱབ་ནས་ཡོ་རོབ་གླིང་གི་མཐོ་རིམ་སྤྱི་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་ཞབས་བྲོ་ཞིག་ཏུ་གྱུར། 1803ལོར་པར་དུ་བསྐྲུན་པའི་སི་ཕེན་རྒྱལ་རྒྱུད་ཚིག་མཛོད་ཆེན་མོར་ཐེན་གྷོ་ཞེས་པ་ནི་རོལ་རྩེད་ཅིག་ལ་སྤྱོད་པའི་རྡེའུ་དང་རུས་རྡོག་གི་དོན་ཡིན་ཞེས་འགྲེལ་ཡོད་པ་དང་། 1889ལོའི་པར་མར་མེ་གླིང་གི་མིའམ་མི་ནག་གི་དུས་ཆེན་དང་ཞབས་བྲོ་ཞིག་ཡིན་ཞེས་འགྲེལ་འདུག །1984ལོའི་པར་མར་ཨ་གིན་ཐིན་དུ་དར་བའི་རོལ་དབྱངས་ཀྱི་རམ་འདེགས་ལྡན་ཞིང་མི་གཉིས་ཀྱིས་འཁྲབ་དགོས་པའི་ཞབས་བྲོ་ཞིག་ཡིན་པ་དང་། ཞབས་བྲོ་འདི་རྒྱལ་སྤྱིའི་སྟེང་དར་ཁྱབ་ཤིན་ཏུ་ཆེ་ཞེས་ནང་དོན་གསར་པ་ཁ་སྣོན་བྱས་འདུག །ལ་ལས་དེ་ནི་མི་ནག་བྲན་གཡོག་དག་གིས་ཁྱེར་ཡོང་བའི་མི་བརྡ་ཞིག་སྟེ་བཀག་སྡོམ་གྱི་ཡུལ་ཞེས་པའི་དོན་དུ་འགྲེལ་ཞིང་། ལ་ལས་ཧྥེ་གླིང་གི་མི་ནག་དང་མེ་གླིང་གི་བྲན་གཡོག་དག་འཛོམས་སའི་ཡུལ་དུ་ངོས་འཛིན་པས། ད་ལྟ་ད་དུང་ཐེན་གྷོ་ཞེས་པའི་ཞབས་བྲོ་སྒྱུ་རྩལ་གྱི་མིང་བརྡ་འདི་ལ་གཅིག་མཐུན་གྱི་ངོས་འཛིན་ཞིག་ཆགས་མེད་པ་རེད།
ཐེན་གྷོ་སྒྱུ་རྩལ་ནི་དུས་རབས་བཅུ་དགུ་བའི་སྨད་ཀྱི་ཆར་བྷོ་དབྱི་ནོ་སི་ཨེད་ལི་སི་ཞེས་པའི་གྲོང་ཁྱེར་གྱི་གཞི་རིམ་དུ་དར་བར་བཞེད། ཆེས་ཐོག་མར་གྲོང་ཁྱེར་གྱི་སྲང་ལམ་སོ་སོར་འཁྱམ་ཞིང་ཉུལ་བའི་ན་གཞོན་དབུལ་བོ་དག་གི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཞིང་། རྗེས་ནས་རིམ་བཞིན་བུད་མེད་དག་ཟབ་ཞུགས་བྱས་པ་དེས་ཐེན་གྷོའི་ཞབས་བྲོ་སྒྱུ་རྩལ་ལ་ཚེ་སྲོག་གསར་པ་བསྣན་ཞིང་། རིགས་མི་འདྲ་བའི་ཞབས་བྲོ་མང་པོ་མཉམ་འདྲེས་ཀྱི་གོ་རིམ་ཁྲོད་རིམ་བཞིན་མི་སྒེར་གྱི་སེམས་ཚོར་དང་དུང་བ་མཚོན་བྱེད་ཅིག་ཏུ་གྱུར། ཕོ་མོས་མཉམ་དུ་འཁྲབ་པའི་ཞབས་བྲོ་འདིའི་སྟངས་སྟབས་དང་ཉམས་འགྱུར་སོགས་རིག་གནས་ཡུལ་སྲོལ་དང་སྤྱི་ཚོགས་ཀྱི་ཡ་རབས་ཀུན་སྤྱོད་དང་མཐུན་པ་ཞིག་མིན་ནའང་། དེས་ན་གཞོན་དག་གི་ནང་སེམས་ཀྱི་ཁེར་རྐྱང་དང་སྐྱོ་གདུང་། རེ་དོགས་དང་ཕུགས་འདུན་སོགས་མཚོན་ཡོད་པ་རེད། དུས་རབས་བཅུ་དགུ་བ་ནས་བཟུང་། འཁྲབ་སྟོན་སྒྱུ་རྩལ་གྱི་སྡེ་ནས་ཐེན་གྷོ་ཞབས་བྲོ་ལ་དང་དོད་དང་དགའ་བསུ་ཆེན་པོ་བྱེད་མགོ་བརྩམས་ཤིང་། དུས་མཚུངས་སུ་སྤྱི་ཚོགས་ཀྱི་ཡ་རབས་སྲོལ་བཟང་ལ་བསྟུན་ནས་སྔོན་མའི་འདོད་སྲེད་ཀྱི་ཆ་དག་དོར་བ་དང་། ཆེད་ལས་ཞབས་བྲོ་བ་དག་གིས་ནང་དོན་གསར་པ་ཁ་སྣོན་དང་བཅོས་སྒྱུར་བྱས་པར་བརྟེན་རིམ་བཞིན་ཀུན་གྱིས་དང་ལེན་བྱེད་པའི་ཞབས་བྲོའི་རྣམ་པ་ཆགས། ཐེན་གྷོ་ཞབས་བྲོ་སྒྱུ་རྩལ་གྱི་མཛེས་པས་ཨ་གིན་ཐིན་གྱི་མཐོ་རིམ་སྤྱི་ཚོགས་ཀྱི་མི་རྣམས་ཀྱི་ཡིད་ཀྱི་དང་བ་འཕྲོག་པར་མ་ཟད། རིམ་བཞིན་ཡོ་རོབ་གླིང་དུའང་དར་ཁྱབ་བྱུང་།
ཐེན་གྷོ་རོལ་དབྱངས་ནི་ཐེན་གྷོ་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་ངོས་འཛིན་ནའང་། ཆེས་ཐོག་མར་ཐེན་གྷོ་སྒྱུ་རྩལ་ལ་མགོ་མཇུག་ཆ་ཚང་བའི་རོལ་དབྱངས་ཀྱི་རམ་འདེགས་མེད་པར་ཞབས་བྲོ་ལ་བརྟེན་ནས་དར་ཞིང་འཕེལ་བ་ཡིན། ཐོག་མའི་དུས་སུ་ཐེན་གྷོ་ཞབས་བྲོ་སྒྱུ་རྩལ་ལ་བར་བཅུག་གི་ཚུལ་དུ་ངག་ལ་གྱེར་བའི་གླུ་ཚིག་ཉུང་ཙམ་ལས་མེད་པ་དང་། དེ་དག་ལའང་ཆགས་སྲེད་དང་འདོད་གཡེམ་གྱིས་ཤན་ཐེབས་ཤིང་། རིག་གནས་དང་ཀུན་སྤྱོད་ཀྱི་བཅུད་དབེན་པས་ཀུན་གྱིས་འཛེམ་དོགས་ཀྱི་རྣམ་འགྱུར་འཛིན། རྗེས་ནས་བྷོ་དབྱི་ནོ་སི་ཨེད་ལི་སིའི་ས་ཆ་ལ་ལར་ཐེན་གྷོ་སྒྱུ་རྩལ་གྱི་གླུ་ཚིག་ལ་སྙན་ངག་སྦྱར་བའི་སྲོལ་བྱུང་བ་རེད། །