ཉི་མ་བཀྲ་ཤིས་ཀྱིས་ཚོད་ལྟའི་ཞིང་ནང་དུ་ལྟ་ཞིབ་གནང་བཞིན་པ།
ཉི་མ་བཀྲ་ཤིས་ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཞིབ་འཇུག་ཁང་(གཤམ་དུ་“བོད་ལྗོངས་ཞིང་ཚན་ཁང་”ཞེས་བསྡུ་རྒྱུ)གི་དེ་སྔའི་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་། ཞིབ་འཇུག་ཁང་གི་འགོ་འཛིན་ཡིན་ཞིང་། ཁོང་གི་མིང་ལ་“ནས་ཀྱི་འབུམ་རམས་པ”ཡང་འབོད། བོད་ལྗོངས་ནས་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་དང་བོད་ལྗོངས་ཞིང་ལས་སྐྱེ་དངོས་འདེབས་གསོའི་དབུ་བཞུགས་ཚན་རིག་པ་ཡིན་པའི་ངོས་ནས། ཉི་མ་བཀྲ་ཤིས་ཀྱིས་ཚོགས་པ་སྣེ་ཁྲིད་ནས། སྔ་རྗེས་སུ་ནས་ཀྱི་རིགས་(ཁག)20ལྷག་འདེམས་སྐྱེད་བྱས་ཡོད་ཅིང་། དེའི་ཁྲོད་དུ་“ནས་ནག2000”ས་བོན་ལ་མུའུ་རེར་ཆ་སྙོམས་སྤྱི་རྒྱ་350ཐོན་འབབ་བྱུང་བས། བོད་ལྗོངས་ཀྱི་ལོ་འཁོར་གྱི་འབྲུ་རིགས་སྤྱིའི་ཐོན་འབོར་བསྡོམས་གྲངས་ཏུན་ཁྲི་100ཟིན་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་དང་། གངས་ལྗོངས་མཐོ་སྒང་དུ་ཞིང་འབྲོག་མི་དམངས་འབུམ་ཕྲག་ལ་ཕན་ཐོགས་ཡོད།
ད་ལོའི་ཟླ་9ཚེས་5ཉིན། ཉི་མ་བཀྲ་ཤིས་བོད་ལྗོངས་མངའ་རིས་སུ་གཞུང་དོན་དུ་འགྲོ་བའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མྱུར་སྐྱོབ་བྱས་ཀྱང་སྐྱོབ་མ་ཐུབ་པར་སྐུ་གཤེགས་པ་རེད། དགུང་ལོ་55ཡིན།
“གྲོང་ཚོའི་ནང་གི་མི་ཚང་མ་ལ་ཟས་འདང་ཞིང་། བཟའ་འབྲུའི་དོན་དུ་སེམས་ཁྲལ་མི་དགོས་པ་བྱེད།”
ཉི་མ་བཀྲ་ཤིས་ཀྱི་ཕ་ཡུལ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་རྫ་ཡུལ་གྲོང་ཚོ་ཡིན་ཞིང་། ཡུལ་དེའི་ས་གཤིས་ཞན་ཞིང་། ཐན་སྐྱོན་ཆེ་ལ་ཆར་ཆུ་དཀོན། “གྲོང་ཚོ་འདིའི་ནས་སོག་ཐུང་བས། སྟོན་སྡུད་བྱེད་དུས་པུས་མོ་ས་ལ་བཙུགས་ནས་རྔ་དགོས་པ་རེད”ཅེས་ཉི་མ་བཀྲ་ཤིས་ཀྱི་ཕུ་བོ་སངས་རྒྱས་ནོར་བུས་འདས་དོན་ལ་ཕྱིར་དྲན་བྱེད་ཞོར་བཤད། “ནས་ཀྱི་ས་བོན་མི་ལེགས་པས། སྙེ་མ་འབུས་མི་ཐུབ་པ་དང། བཟའ་འབྲུ་བྱེད་མི་འོས་པས། གཟན་ཆས་ཁོ་ནར་སྤྱོད་རྒྱུ་ལས་མེད།”
སྐབས་དེ་དུས། ཉི་མ་བཀྲ་ཤིས་ཚང་གིས་རྫ་ཆས་བཟོ་བའི་ལག་རྩལ་ལ་བརྟེན་ནས། རྩེད་ཐང་དང་འཕྱོངས་རྒྱས་སོགས་སུ་སོང་ནས་རྫ་ཆས་ཀྱིས་འབྲུ་རིགས་བརྗེ་དགོས། ནམ་རྒྱུན་འགྲོ་ཐེངས་གཅིག་ལ་ཉིན་བརྒྱད་དགུ་ཙམ་འགོར་བ་དང་། ཚོང་མ་ཡག་ན་ཟླ་ཕྱེད་ཙམ་འགོར་རྗེས། ད་གཟོད་ནས་སྒྱེ་གསུམ་བཞི་ཙམ་བརྗེ་ཐུབ།
“ང་ཆུང་དུས་སུ་ཨ་ཕ་དང་ཕུ་བོ་ས་ཕྱོགས་ཀུན་ཏུ་རྫ་ཆས་ཀྱིས་ནས་འབྲུ་བརྗེ་བར་འགྲོ་མི་དགོས་ཤིང་། ནས་ཡག་པོ་སྐྱེ་བ་དང་ཐོན་འབབ་མང་དུ་འགྲོ་བའི་རེ་བ་ཡོད་ཅེས་ཨ་མ་ལ་བཤད་མྱོང་།” ཉི་མ་བཀྲ་ཤིས་ཀྱི་དེ་སྔོན་དཀའ་ངལ་ཆེ་བའི་ལོ་ཟླ་ཕྱིར་དྲན་བྱེད་དུས་འདི་ལྟར་བཤད། “གྲོང་མི་ཚང་མར་ཟས་འདང་ཞིང་། བཟའ་འབྲུའི་དོན་དུ་སེམས་ཁྲལ་མེད་པ་བྱ་རྒྱུའི་”ཕུགས་འདུན་ནི་ཁོང་གིས་སེམས་ལ་བརྟན་པོར་འཆང་ཡོད།
སྤྱང་གྲུང་ལྡན་ཞིང་བརྩོན་འགྲུས་ཆེ་པས། 1982ལོར་ཉི་མ་བཀྲ་ཤིས་ཀྱིས་བྱིས་དུས་ཀྱི་ཕུགས་འདུན་སེམས་ལ་འཆང་ནས་ནུབ་བྱང་ཞིང་ལས་སློབ་ཆེན་གྱི་ཞིང་ལས་རིག་པའི་ཚན་ཁག་ཏུ་རྒྱུགས་འཕྲོད་པ་དང་། རྫ་ཡུལ་གྲོང་ཚོའི་སློབ་ཆེན་སློབ་མ་དང་པོར་གྱུར། རྗེས་སུ་ཁོང་གིས་སླར་ཀྲུང་གོ་ཚན་རིག་སློབ་གླིང་གི་རབ་འབྱམས་པ་དང་འབུམ་རམས་པ་བསྟུད་མའི་རྒྱུགས་འཕྲོད་པ་དང་། བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་ཞིང་ལས་རིག་པའི་འབུམ་རམས་པ་དང་པོར་གྱུར་བ་རེད།
1992ལོར་སྦྱངས་འབྲས་ཕུལ་བྱུང་ཐོབ་པར་བརྟེན། ཁོང་ལ་ཁ་ན་ཏ་ཧྲ་སི་ཁེ་ཁྲེན་ཨེན་སློབ་ཆེན་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ། ཉི་མ་བཀྲ་ཤིས་ཀྱིས “ལས་ཁུངས་ཀྱི་ང་རང་སློབ་མཐར་ཕྱིན་རྗེས་རྒྱལ་ནང་དུ་ལོག་པའི་རེ་བ་ཡོད་པའི་འཕྲིན་ཡིག་འབྱོར་དུས། འདི་ནི་ཕ་ཡུལ་མི་དམངས་ཀྱིས་ང་རང་ལ་འབོད་སྐུལ་བཏང་བ་ཡིན་བསམ་ལ། ངའི་སེམས་སུ་གློ་བུར་དུ་འགན་འཁྲིའི་སེམས་པ་དྲག་པོ་སྐྱེས་བྱུང་། ང་རང་རྒྱལ་ནང་དུ་ལོག་དགོས”ཞེས་བཤད། ཁོང་ཉིད་ས་ཕྱོགས་གང་དུ་ཡོད་ཀྱང་། དུས་རྣམ་ཀུན་ཏུ་མཐོ་སྒང་དྲན་བཞིན་ཡོད། སློབ་མཐར་ཕྱིན་རྗེས། ཕྱི་རྒྱལ་དུ་ཚན་རྩལ་ཞིབ་འཇུག་ལས་ཁུངས་ཀྱིས་ཕོགས་མཐོ་བའི་གདན་ཞུ་བསྐྱུར་ཅིང་། ཐེ་ཚོམ་སྤུ་ཙམ་མེད་པར་རྒྱལ་ནང་དུ་ལོག་ནས། མཐོ་སྒང་གི་ཞིང་ལས་དང་ནས་ཀྱི་ས་བོན་ཞིབ་འཇུག་གི་ལས་སུ་གཞོལ་བ་རེད།
ས་བོན་འབྲུ་རྡོག་ཅིག མཐོ་སྒང་དུ་བཏབས་ཤིང་མྱུ་གུ་དལ་གྱིས་འབུས།
“ཞིང་པའི་དགའ་བསུ་ཐོབ་པའི་‘ཡུལ་གྱི་མཁས་པ’ཞིག་བྱེད་པ་ནི་གཟི་བརྗིད་ལྡན་པ་ཞིག་རེད།”
སྟོན་ཁར་སླེབས་དུས། གྲ་ནང་རྫོང་མོན་ཁར་རོང་གྲོང་ཚོའི་ནས་ལོ་ལེགས་བྱུང་བ་དང་སྟོན་སྡུད་བྱས་མ་ཐག་རེད། ཞིང་པ་ཚོས་འདྲུད་འཐེན་འཁོར་ལོ་བསྐོར་ནས་ཟབ་སྔོག་ཟབ་རྨོ་བྱེད་བཞིན་འདུག
“ནས་ལ་མྱུ་གུ་འབུས་དུས། ཡོན་ཀྲང་ཉི་མ་བཀྲ་ཤིས་ལགས་གནས་འདིར་ཕེབས་མྱོང་ལ། ཟླ་8ཚེས་25ཉིན་ཡང་ཁོང་ཕེབས་པ་རེད། ཁོང་གིས་སྟོན་སྡུད་པའི་སྐབས་སུ་ཡང་ཡོང་རྒྱུ་ཡིན་ཟེར”ཞེས་གྲོང་ཚོའི་ཀྲུ་པུའུ་ཧྲུའུ་ཅི་ཀརྨ་དངོས་གྲུབ་ཀྱིས་གསལ་པོར་དྲན་བཞིན་འདུག ཡོན་ཀྲང་ཉི་མ་བཀྲ་ཤིས་གྲོང་ཚོའི་ནང་དུ་བསྡད་ནས། སོན་བཟང་འདེམས་པ་དང་། ཚན་རིག་ལག་རྩལ། ཞིང་ཁ་དོ་དམ་སོགས་ཕྱོགས་མང་པོའི་ཐད་ནས་མཛུབ་སྟོན་བྱས། “ཁོང་ལ་སྐད་ཆ་མང་པོ་བཤད་རྒྱུ་མེད། སླེབས་མ་ཐག་ཏུ་ཞིང་ཁར་བསྐྱོད་ནས་ལས་ལ་བྲེལ་བ་རེད།”
“2013ལོ་ནས་བཟུང་གྲོང་ཚོར ‘ནས་ནག2000’བཏབ་པ་རེད། ད་ལྟར་གྲོང་ཚོ་ཡོངས་ལ་ཁྱོན་མུའུ་800བཏབ་ཡོད། ད་ལོའི་མུའུ་རེ་ལ་ཐོན་འབབ་རྒྱ་མ་650ཡས་མས་བྱུང་ཡོད”ཅེས་ཀརྨ་དངོས་གྲུབ་ཀྱིས་དེ་ལྟར་བཤད། མུའུ་རེ་ལ་ཐོན་འབབ་རྒྱ་མ་300ཡས་མས་ནས་མུའུ་རེ་ལ་སྤྱི་རྒྱ་300 བར་འཕར་ཞིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་4000ནས་ཁྲི་1བར་འཕར་བ་དང་། ཐོན་འབབ་མཐོན་པོའི་ནས་ལ་བརྟེན་ནས་གྲོང་མི་ཚོའི་འཚོ་བའི་རྣམ་པ་བསྒྱུར་བ་རེད། 2016ལོར་མན་ཁར་རོང་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་ཕུད་པ་རེད།
ནས་ཀྱི་ས་བོན་གསར་པ“ནས་ནག2000”འདེབས་སྤེལ་བྱ་ཆེད། ཉི་མ་བཀྲ་ཤིས་དང་ཁོང་གི་ཚོགས་པས་ལོ་ངོ་20རིང་དཀའ་སྤྱད་འབད་བརྩོན་བྱས།
ཁོང་ནི་ནས་འདེབས་ཁུལ་གཙོ་བོའི་དཔེ་སྟོན་རྒྱ་སྐྱེད་ཞིང་ཁ་རུ་འགྲོ་དགོས་ལ། ནམ་ཟླ་འགྱུར་ལྡོག་ཧ་ཅང་ཆེ་ཞིང་རྒྱང་ཐག་རིང་བའི་རི་གྲོང་ལའང་འགྲོ་དགོས། ཐ་ན་གནམ་གྲུ་ཐང་དུ་འགྲོ་བའི་ལམ་བར་ལའང་ཉེ་འགྲམ་གྱི་ཞིང་ཁར་སོང་ནས་ཞིང་ཁའི་གནས་ཚུལ་ལྟ་ཞིབ་དང་ཐོ་འགོད་བྱས།
“ཐོག་མར་སོན་འདེབས་ཚོད་ལྟ་བྱེད་དུས། ཡོན་ཀྲང་ཉི་མ་བཀྲ་ཤིས་ལགས་རྟག་པར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས། ཞིང་ཁ་རུ་མགོ་སྒུར་ནས་ཞིང་པ་ཚོ་དང་མཉམ་དུ་ཞིང་ལས་བྱས། སྐབས་རེར་ཆུ་ཚོད་ཁ་ཤས་ལ་ཇ་ཁམ་གང་ཡང་མི་རག ”པ་སྣམ་རྫོང་སྤྱན་དཀར་གྲོང་ཚོའི་ཀྲུའུ་རེན་བུ་ཆུང་གི་མིག་ལམ་དུ་ཉི་མ་བཀྲ་ཤིས་ནི་ཞིང་པ་དང་ཧ་ཅང་བློ་མཐུན་པའི“ཡུལ་གྱི་མཁས་པ”ཞིག་རེད།
བོད་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་ཡུའུ་ཏའེ་ལིན་གྱིས་གསར་འགོད་པ་ལ། ཉི་མ་བཀྲ་ཤིས་ཀྱིས་དུས་རྒྱུན་དུ་ཞིང་པ་ཚོའི་གཏམ་ལ་ཉན་ཤེས་པ་དང་། ཞིང་པས་ཧ་གོ་བའི་སྐད་ཆ་བཤད་དགོས་ཞེས་ཟེར་གྱི་ཡོད། “དཔེར་ན། མུའུ་གཅིག་ལ་ཞིང་སྨན་ཧའོ་ཧྲེང་50བླུག་དགོས་ཟེར་ན་ཞིང་པ་ཚོས་གོ་དཀའ་མོ་རེད། ཁྱེད་ཀྱིས་ཁོང་ལ་བཤད་དུས། ཞིང་སྨན་‘ཁ་ལེབ་དོ་’ཙམ་བླུག་དགོས་ཟེར་ན། ཁོང་ཚོས་ལམ་སང་ཧ་གོ་རྒྱུ་རེད”ཅེས་བཤད་མྱོང་ཡོད་ཟེར།
“ཉི་མ་བཀྲ་ཤིས་ལགས་ཚོད་ལྟ་ཁང་དུ་མེད་ན། ཚོད་ལྟའི་ཞིང་ནང་དུ་ཡོད། ཡང་ན་གྲོང་གསེབ་དང་གྲོང་གསེབ་ཏུ་འགྲོ་བའི་ལམ་བར་ན་ཡོད ”ཅེས་ཁོང་དང་ངོ་ཤེས་ནས་ལོ་བཅུ་ཕྲག་ཁ་ཤས་སོང་བའི་བོད་ལྗོངས་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་དེ་ལྟར་བཤད། “ཉིན་གཅིག་གི་ཆུ་ཚོད་24ལ། ཁོང་གི་སེམས་ནི་ནས་ཀྱི་ཐོག་ཏུ་འཁོར་ཡོད།”
མིག་སྔའི་བར། “ནས་ནག་2000”ལ་རིམ་རྩིས་བྱས་ན་མུའུ་ཁྲི་330.87ལྷག་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། བོད་ལྗོངས་ལྗོངས་ཡོངས་ཀྱི་ནས་འདེབས་པའི་རྒྱ་ཁྱོན་ལས་50%ཡན་ཟིན་ཡོད་ཅིང་། མུའུ་རེར་ཆ་སྙོམས་སྤྱི་རྒྱ་25ཐོན་འཕར་བྱུང་བ་དང་། གསར་དུ་འཕར་བའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་3.98ཟིན་ཡོད།
“དཔྱད་རྩོམ་ས་གཞི་ཆེན་པོར་བྲིས་ཞིང་། གྲུབ་འབྲས་ཞིང་དུད་ཚང་མར་སྤྲད། “
ད་ལོའི་ཟླ་6ཚེས་13ཉིན། ནས་ཀྱི་ཐོན་ལས་དབུལ་སྐྱོར་“ཚོང་གཉེར”ཐད་གཏོང་ཞིག་གི་ཐོག་ནས། ཉི་མ་བཀྲ་ཤིས་ཀྱིས་དྲ་གྲོགས་ཚོ་ལ་བཟའ་བཅའི་ཚི་སྣ་འབེལ་བའི་ནས་དང་། ནས་ཆང་། ནས་ཀྱི་སྐྱུར་ཆུ། ནས་ཀྱི་ཐུག་སྐམ་སོགས་འགྲེམས་སྟོན་བྱས་པ་རེད།
“དཔྱད་རྩོམ་ས་གཞི་ཆེན་པོར་བྲིས་ཞིང་། གྲུབ་འབྲས་ཞིང་དུད་ཚང་མར་སྤྲད། ” ཉི་མ་བཀྲ་ཤིས་ཀྱི་འདོད་ཚུལ་ལྟར་ན། ཚན་རྩལ་གྱིས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་ཤིང་། ཞིང་འབྲོག་ལས་འཕེལ་རྒྱས་ཀྱིས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱེད་དགོས། ཐོན་ལས་ཅན་གྱིས་དུད་ཚང་འབུམ་ཕྲག་ལ་ཕན་པ་སྐྲུན་དགོས། ཚན་རྩལ་གསར་པ་དང་ལག་རྩལ་གསར་པ། ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བྱེད་པ་དང་བསྟུན། མིག་སྔའི་བར་བོད་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ནས་ཀྱི་ཐོན་རྫས་100ལྷག་ཞིབ་འཇུག་གསར་སྤེལ་བྱས་ཡོད་ཅིང་། ལྗོངས་ཡོངས་སུ་གཞི་ཁྱོན་ངེས་ཅན་ལྡན་པའི་ནས་ཀྱི་ལས་སྣོན་ཁེ་ལས་50ལྷག་ཡོད།
ལོ་མང་པོའི་རིང་། ཉི་མ་བཀྲ་ཤིས་ཀྱིས་ལག་རྩལ་ཚོགས་པ་སྣེ་ཁྲིད་ནས། འཛམ་གླིང་ཐོག་ནས་ཀྱི་གཞི་རྒྱུའི་རིས་ཤལ་དང་པོའམ་གཅིག་པུ་དེ་བྲིས་པ་རེད། དེང་རབས་ཆ་རྡུལ་སྐྱེ་དངོས་རིག་པ་དང་། ལྷག་པར་དུ་གཞི་རྒྱུའི་གྲུབ་ཆ་རིག་པ་དང་། ནུས་པའི་གཞི་རྒྱུའི་གྲུབ་ཆ་རིག་པ། ཆ་རྡུལ་རྟགས་འགོད་སོགས་ལ་བརྟེན། ནས་སོན་འདེམས་སྤེལ་བྱས་པ་བཅས་ཀྱི་ཐོག་ནས་ཀྱི་ཐོན་ལས་ཚན་རྩལ་གསར་གཏོད་ཀྱི་སྒྲུབ་བྱེད་གསར་པ་རབ་དང་རིམ་པ་ཐོག་མར་བཏོན་ཡོད།
ཡིན་ནའང་། ཉི་མ་བཀྲ་ཤིས་ད་ལྟའི་གནས་བབ་ཁོ་ནར་ཡིད་མི་ཚིམ་པར “ཁོང་ལ་ཕུགས་འདུན་ཞིག་ཡོད་པ་ནི། ང་ཚོས་ལོ་10འམ་15ལ་རྒྱུན་འཁྱོངས་ནས། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་གྱི་མཐོ་སྒང་དུ་དགུན་ནས་འདེབས་ཐུབ་པ་བྱ་རྒྱུ་དེ་རེད།”བོད་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་ཞིང་ལས་སའོ་ཡི་ཞིབ་འཇུག་མི་སྣ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་དེ་ལྟར་བཤད། ཞིང་འབྲོག་མང་ཚོགས་སྔར་བས་མང་བ་ལ་ཕན་པ་བསྐྲུན་ཆེད། ཉི་མ་བཀྲ་ཤིས་ཀྱིས་གོ་རིམ་རྗེས་མའི་དམིགས་ཡུལ་ནི་“སོག་རྐང་རིང་བ་དང་། འགྱེལ་འགོག་པ། ཐོན་ཚད་མཐོ་བ”བཅས་ཀྱི“ནས་ནག་3000”ཡིན།