ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་སྐབས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་དགོང་མོར་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལར་ཁ་པར་བཏང་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་དུས་རབས་ཕྱེད་ཀའི་རིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་ལས། ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཕན་ཚུན་རོགས་རམ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད་ལ། ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། ལམ་ལུགས་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་རྒྱལ་ཁབ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད་མིག་དཔེ་བསྟན་ཡོད། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་མདུན་དུ། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དཀའ་ཁག་ཆེ་ཞིང་བརྩེ་བ་ལྡན་པ་དང་། ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་དཀའ་ངལ་མཉམ་སེལ་གྱི་མིག་དཔེ་བཙུགས་ཡོད། ཕྱོགས་གཉིས་པོས་འགྲོ་འོང་ལ་ཕྱོགས་སྡོམ་དང་། འབྱུང་འགྱུར་ལ་ལྟ་བ། སྔ་འཛིན་ཕྱི་གཏོད་བཅས་བྱས་ནས་དུས་སྐབས་གསར་པར་ཀྲུང་དབྱིའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་འདས་ཟིན་པར་སྤྱི་བསྡོམས་དང་མ་འོངས་པར་རྒྱང་ལྟ་བྱེད་པ། སྔ་འཛིན་ཕྱི་གཏོད་བཅས་བྱས་ཏེ། ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཀྱི་འབྲེལ་བ་དུས་རིམ་གསར་བར་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར་གྲོས་འཆམ་བྱུང་བ་རེད། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགོ་འཛུགས་ས་སྔར་ལས་མཐོ་བའི་ཐོག་ནས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། དབྱི་ཐ་ལི་ཚུད་པའི་རྒྱལ་ཁབ་ཁག་ཀྲུང་གོའི་འཕེལ་རྒྱས་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས་གཉིས་ཕན་མཉམ་རྒྱལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་ཀྱིས་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དཔལ་ཡོན་བརྗེ་རེས་གླེང་མོལ་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཟེར།
མཱ་ཐ་ལེ་ལ་ཡིས་བསྟན་དོན། ང་རང་ཀྲུའུ་ཞི་ཞི་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་བྱས་པར་ཡོངས་སུ་འཐད་པ་ཡིན། དབྱི་ཐ་ལི་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཧ་ཅང་རྒྱུན་རིང་བ་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཛའ་མཐུན་ལྡན་པའི་ངང་ནས་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད། ཕྱོགས་གཉིས་བར་གྱི་འགྲོ་འོང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་འགྲོ་བཞིན་པ་དེས་དབྱི་ཐ་ལི་ཕྱོགས་ལ་སྤོབས་སེམས་ཆེན་པོ་བསྐྱེད་ཡོད། ད་ལོར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་ནས་ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་དབྱི་ཐ་ལི་ལ་ཆེས་དཀའ་ཁག་ཆེ་བའི་སྐབས་སུ་ཀྲུང་གོའི་ཕྱོགས་ཀྱིས་རིན་ཐང་བྲལ་བའི་རོགས་སྐྱོར་བྱས་ཟེར། །