གཟི་རྩ་སྡེ་དགུ་རྫོང་བསྐྱར་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཅན་གྱིས་ངོ་སྤྲོད་བྱས་དོན། ས་གནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་རོགས་སྐྲུན་དཔུང་ཆེན་གྱིས་མཉམ་དུ་འབད་འཐབ་བྱས་མཐར། གཟི་རྩ་སྡེ་དགུ་རུ་ས་ཡོམ་བྱུང་རྗེས་བསྐྱར་སྐྲུན་རྣམ་གྲངས་རིམ་རྩིས་བྱས་ན་གྲུབ་ཆ་གཙོ་བོ་ལས་ཚར་བ་དང་ལེགས་འགྲུབ་བྱུང་བའི་རྣམ་གྲངས་227མཇུག་བསྒྲིལ་བ་དང་། སྣོད་བཅུད་སླར་གསོ་དང་། ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན། དམངས་འཚོ་འགན་ལེན། འགྲིམ་འགྲུལ་སྦུག་དྲ་སོགས་ནང་དོན་ཚུད་པའི་རྣམ་གྲངས་ཁག་གཅིག་གིས་གཟི་རྩ་སྡེ་དགུ་རུ་ས་ཡོམ་རྗེས་སླར་གསོ་བསྐྱར་སྐྲུན་དང་འཕེལ་རྒྱས་རིམ་སྤོར་འགན་ལེན་བྱས་ཡོད་པ་རེད། གཟི་རྩ་སྡེ་དགུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་གི་བྱེད་ནུས་གཞི་རྩའི་ཆ་ནས་ས་ཡོམ་མ་བྱུང་གོང་གི་ཆུ་ཚད་དུ་སླར་གསོ་བྱུང་ཡོད། གེགས་འགོག་གེགས་སེལ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཐད་མཆོང་སྐྱོད་གསར་པ་བྱུང་ཡོད།
དམངས་འཚོའི་བྱ་གཞག་ཡོམ་རྗེས་བསྐྱར་སྐྲུན་ཁྲོད་འགན་ལེན་གང་ལེགས་བྱུང་ཡོད་དེ། གཟི་རྩ་སྡེ་དགུ་རྫོང་གིས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཞིང་པའི་ཁང་པ་ཁྲི་1.45ཉམས་གསོ་བརྟན་བརླིང་གཏོང་བ་དང་། གྲོང་ཁྱེར་གྱི་ཁང་པ་3159ཉམས་གསོ་བརྟན་གཏོང་། ཞིང་པའི་ཁང་པ་70དང་གྲོང་ཁྱེར་གྱི་ཁང་པ་34བསྐྱར་སྐྲུན་ལས་འགན་བཅས་ཕྱོགས་ཡོངས་ནས་འགྲུབ་པ། གསར་དུ་བསྐྲུན་པའི་གཙང་རྩ་གྲོང་རྡལ་སློབ་ཆུང་སོགས་སློབ་གྲྭ་14དང་རྒྱལ་སྤྱིའི་ཡུལ་སྐོར་འཕྲལ་སྡོམ་སྨན་བཅོས་འགན་ལེན་ལྟེ་གནས་སོགས་སྨན་བཅོས་འཕྲོད་བསྟེན་རྣམ་གྲངས་7བེད་སྤྱོད་གཏོང་འགོ་ཚུགས་ཤིང། གསར་དུ་བསྐྲུན་པའི་འཚོ་བའི་གད་སྙིགས་དང་། ཟས་སྙིགས། སྨན་སྤྱོད་གད་སྙིགས་རིགས་དབྱེ་གཙང་སེལ་བཟོ་གྲྭ་བཅས་ཀྱིས་གཟི་རྩ་སྡེ་དགུ་ཡི་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་ཀྱི་སྦགས་བཙོག་དང་ཐོན་ཁུངས་ཕྱིར་བསྡུ་བའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ནས། མ་འོངས་པའི་ལོ་བཅུའི་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་ཡོད།
ས་ཡོམ་ཁྲོད། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་གཟི་རྩ་སྡེ་དགུ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་། རིམ་པ་གཅིག་པའི་སྲུང་སྐྱོང་ཁུལ་དུ་དེ་གོང་ས་ཡོམ་བརྒྱབ་རྗེས་བསྐྱར་སྐྲུན་བྱེད་པའི་སྔོན་དཔེ་མེད། གཟི་རྩ་སྡེ་དགུ་ཡིས“རང་བྱུང་སླར་གསོ་གཙོ་བོར་བྱེད་པ་དང་མི་ཐབས་ལ་བརྟེན་ནས་བཅོས་སྒྲིག་བྱ་རྒྱུ་ཕལ་བ་བྱེད་པ། སྐྱེ་དངོས་བྱ་ཐབས་གཙོ་བོར་བྱེད་པ་དང་ལས་གྲྭའི་བྱ་ཐབས་ཕལ་བ་བྱེད་པའི”སྣོད་བཅུད་སླར་གསོའི་བྱ་ཐབས་འཚོལ་ཞིབ་བྱས་པ་རེད། (http://tibet.cpc.people.com.cn/15829157.html)