ཡངས་པའི་གཞུང་ལམ་མཐོ་སྒང་ཡུལ་དུ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-10



དཔལ་ཡུལ་རྫོང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་བཏང་བའི་དངོས་བྲིས།

ཡངས་པའི་གཞུང་ལམ་མཐོ་སྒང་ཡུལ་དུ་བསྐྲུན།

ཞིང་ཆེན་རིམ་པའི་གཞུང་ལམ458པ་དཔལ་ཡུལ་གྱི་མཛེས་པའི་གྲོང་སྡེར་བརྒྱུད།

ཡངས་པའི་གཞུང་ལམ་མཐོ་སྒང་ཡུལ་དུ་བསྐྲུན།
རྒྱལ་སྲུང་གཞུང་ལམ215པའི་འབའ་ཐང་ནས་དཔལ་ཡུལ་བར་གྱི་གཞུང་ལམ་གྱི་ཕུག་ལམ་སྐྲུན་བཞིན་པ།


   རི་མཐོན་པོས་སྒྲིབ་མི་ནུས་ལ་འགག་དོག་མོས་འགོག་མི་ཐུབ་པའི་འགྲིམ་འགྲུལ་བྱ་གཞག་དར།

   ལོ་ངོ་སྟོང་ཕྲག་གི་རིང་ལ་འབྲི་ཆུའི་སྟོད་རྒྱུད་ཀྱི་ཤར་ངོགས་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་བྱང་ངོས་སུ་གནས་པའི་དཔལ་ཡུལ་རྫོང་ནི་དཀར་མཛེས་འགྲིམ་འགྲུལ་གྱི་མཇུག་སྣེར་བརྩིས་པ་རེད། དེ་གར་འཚོ་བ་རོལ་བཞིན་པའི་མི་རྣམས་དུས་ཡུན་རིང་པོའི་ནང་རི་མཐོན་པོ་དང་འགག་གྲོག་རོང་གིས་བཀག་ནས་ཕྱི་སྐྱོད་ཀྱི་གོ་སྐབས་ནི་ཧ་ཅང་རྙེད་དཀའ་མོ་ཡིན་པ་རེད།

   སྟབས་ལེགས་པ་ཞིག་ལ1950ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70ཡི་རིང་ལ། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་རབ་ཏུ་འཕྲོས་པ་དང་བསྟུན་ནས་ཟུར་གནས་ཀྱི་དཔལ་ཡུལ་རྫོང་ལ་འགྲོ་ལམ་མེད་པས་རླངས་འཁོར་ཤར་གཏོང་དཀའ་བ་དང་། རི་ལམ་ཀྱག་ཀྱོག་བཅས་ཡིན་པའི་རྣམ་པ་སྐྱོ་པོ་ནས་གེ་སར་གནམ་ཐང་དང་ཁྲོན་བོད་ལྕགས་ལམ་སོགས་ཡོད་པའི་རྣམ་པ་བཟང་པོར་བསྒྱུར་ཡོད། ད་དུང་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་བཞིན་པའི་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དེ་ཤར་ནས་ནུབ་དང་། ལྷོ་ནས་བྱང་དུ་སྦྲེལ་ཡོད་པར་མ་ཟད་ཤར་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པ་བཅས་བྱས་ཡོད་པ་རེད།

   དབྱར་མཇུག་དང་སྟོན་མགོའི་མཚམས་སུ་ཆར་ཆུ་ཧ་ཅང་རྒྱས། ཡིན་ནའང་རྒྱལ་སྲུང་གཞུང་ལམ215པ་བརྒྱུད་པའི་འབའ་ཐང་ནས་དཔལ་ཡུལ་བར་གྱི་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་དཔལ་ཡུལ་ཕུག་ལམ་གྱི་ནང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་བཅས་ཏེ་ལས་བཟོ་ཚོས་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་བཞིན་ཡོད་པ་རེད།

   ན་ལོའི་སྤྱི་ཟླ8པའི་ཚེས13ཉིན་ནས་ལས་གཞིའི་དུམ་མཚམས་ཁག་གཅིག་རྗེས་གཉིས་མཐུད་དུ་ལས་མགོ་བཙུགས་ཡོད། གཙོ་བདག་ལས་ཁུངས་དཀར་མཛེས་ཁུལ་འགྲིམ་འགྲུལ་དང་གྲོང་ཡུལ་འཛུགས་སྐྲུན་མ་དངུལ་གཏོང་འཇོག་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་། དཔལ་ཡུལ་རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་བཞིན་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་བཅས་ཀྱིས་མཐུན་སྦྱོར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་འོག ཨར་ལས་སྡེ་ཚན་གྱིས་ཀྱང་ཤུགས་ཆེན་པོ་བརྒྱབ་དང་རྒྱག་བཞིན་ཡོད་པ་རེད།

   ཁུལ་འགྲིམ་འགྲུལ་དང་གྲོང་ཡུལ་འཛུགས་སྐྲུན་མ་དངུལ་གཏོང་འཇོག་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་འབའ་ཐང་ནས་དཔལ་ཡུལ་བར་གྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་བཀོད་འདོམས་པ་གཞོན་པ་ཁྲེན་ཡུས་ཀྱིས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་དུམ་མཚམས་ཧྲིལ་པོར་སྤྱི་ལེ187.2ཡོད་ཅིང་། མཆན་འགོད་བཀའ་ལན་མ་དངུལ་སྒོར་དུང་ཕྱུར28.2བཏང་ནས་དུམ་མཚམས4ཡི་ནང་ནས3མགོ་ཚུགས་ཡོད་པརTJ1དུམ་མཚམས་ཀྱི་ཟམ་པ6དང་། TJ2དུམ་མཚམས་ཀྱི་ཟམ་ཆེན5དང་ཟམ་ཆུང10སྐྲུན་འགན་འཁུར་ཡོད། TJ3དུམ་མཚམས་དེ་ཞིབ་དཔྱད་དུས་མཚམས་སུ་གནས་ཡོད། TJ4དུམ་མཚམས་ཀྱི་ཟམ་ཆེན5དང་ཟམ་འབྲིང7སྒྲུན་འགན་འཁུར་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། མིག་སྔའི་བར2020ལོའི་དམིགས་ཡུལ་ལས་འགན་ནི་མ་དངུལ་སྒོར་དུང་ཕྱུར7གཏོང་འཇོག་ལེགས་འགྲུབ་བྱ་ཆེད་ཡིན་པ་དང་ད་ཆ་སྒོར་དུང་ཕྱུར3ཙམ་ལེགས་གྲུབ་བྱུང་ཡོད་པ་རེད།

   སི་ཁྲོན་འགྲིམ་འགྲུལ་ལམ་ཟམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་འབའ་ཐང་ནས་དཔལ་ཡུལ་བར་གྱི་ལམTJ1དུམ་མཚམས་ཀྱི་ལས་གཞིའི་སྤྱི་གཉེར་པ་ཧོང་ཡུས་པིན་གྱིས་སྨི4212ཡོད་པའི་སྨི་ལ་རི་བོའི་ཕུག་ལམ་ལས་གཞན། རིང་ཚད་ལ་སྨི2963ཡོད་པའི་དཔལ་ཡུལ་ཕུག་ལམ་བསྐྲུན་རྒྱུ་ནི་ལམ་ཐིག་ཧྲིལ་པོའི་དཀའ་ཚེགས་ཆེ་ཤོས་དང་ལས་འགན་ལྕི་ཤོས་ཀྱི་ལས་གྲྭ་ཞིག་ཡིན་ཞིང་།ད་ཆ་སྨི1000ཙམ་བརྐོས་ཚར་ཡོད་ཅིང་།2022ལོའི་སྤྱི་ཟླ10པར་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུའི་འཆར་གཞི་ཡོད་པ་རེད། སྐབས་དེར། ཕུག་ལམ་དེས་རླངས་འཁོར་ཆེ་གྲས་དང་ལྗིད་ཐེག་རླངས་འཁོར་གྱིས་གྲོང་ཁྱེར་བསྐོར་ནས་འགྲོ་ཆོག་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་ཐུབ་པ་རེད།

   ལས་གཞི་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་དོན་སྙིང་སྐོར་ཁྲེན་ཡུས་ཀྱིས་གསལ་བཤད་བྱས་དོན། “འབའ་ཐང་ནས་དཔལ་ཡུལ་བར་གྱི་རིམ་པ་སྤོར་རྒྱུ་དེ་ཕྱོགས་གཅིག་ནས་རྒྱལ་སྲུང་གཞུང་ལམ317པ་དང་རྒྱལ་སྲུང་གཞུང་ལམ318པར་སྦྲེལ་མཐུད་བྱ་རྒྱུ་དེ་རེད། སྔར་ཡོད་ཀྱི་དཀར་མཛེས་ནས་དཔལ་ཡུལ་བར་གྱི་ལམ་དང་། སྐམ་ཐོག་ནས་དཔལ་ཡུལ་བར་གྱི་ལམ། དེ་མིན་གསར་དུ་བསྐྲུན་པའི་འབའ་ཐང་ནས་དཔལ་ཡུལ་བར་གྱི་ལམ་བཅས་སུ་ཡུལ་སྐོར་སྐོར་ལམ་ཞིག་ཆགས་ཡོད། ཁྲོན་བོད་ལྷོ་རྒྱུད་དང་བྱང་རྒྱུད་ལམ་གྱི་འགྲུལ་བཞུད་མགྱོགས་སུ་བཏང་ནས་ཡུལ་སྐོར་བ་སྡོད་དུ་འཇུག་པ་དང་། ཕྱོགས་གཞན་ཞིག་ནས་ཁྲོན་བོད་ལྕགས་ལམ་གྱི་ས་མཚམས་སྒྲོལ་བའི་དུམ་བུའི་ཨར་ལས་འཛུགས་སྐྲུན་ལ་མཁོ་བའི་དངོས་རྫས་དང་རྒྱུ་ཆ་སྐྱེལ་འདྲེན་ཐད་སྟབས་བདེ་ལ་ཕན་འབྲས་ཆེ་བའི་འགྲིམ་འགྲུལ་ཆ་རྐྱེན་འགན་ལེན་ཐུབ་རྒྱུ་ཡིན་པ་རེད།

དེ་དང་འདྲ་བར་ཕུ་ཐུང་དཔུང་རྩར་བརྫེས་ཏེ་ཤུགས་གང་ཡོད་བཏོན་ནས་འཛུགས་སྐྲུན་བྱེད་བཞིན་པའི་ཞིང་ཆེན་རིམ་པའི་གཞུང་ལམ458(དཔལ་ཡུལ་རྫོང་འཛིང་ཁོག་ནས་དཀར་མཛེས་གེ་སར་གནམ་ཐང་བར་གྱི་དུམ་མཚམས) པ་ནི་མང་ཚོགས་ཀྱིས་བཤད་པའི་གནམ་གྲུའི་ལམ་ཡང་ཡིན།

   འཛུགས་སྐྲུན་བྱེད་འགན་འཁུར་བའི་ལས་ཁུངས་སི་ཁྲོན་ཐེང་ཏ་ལམ་ཟམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་། ཞིང་ཆེན་རིམ་པའི་གཞུང་ལམ458པའི་ལས་གཞི་པུའུ་ཡི་འགན་འཁུར་བ་ཧོ་ཝེ་ཡིས་གསར་འགོད་པར་དཔལ་ཡུལ་གནམ་ཐང་གི་ལམ་བསྐྱར་སྐྲུན་ལས་གྲྭའི་རིང་ཚད་བསྡོམས་འབོར་སྤྱི་ལེ119ཡོད་ཅིང་། ཚོད་འཛིན་རང་བཞིན་གྱི་མཚམས་ཚིགས་ལས་གྲྭ་གཙོ་བོ་ནི་ཧོར་པོ་ཟམ་ཆེན་དང་རག་ཁྱབ་ཟམ་ཆེན། ར་འཛོམ་ཟམ་ཆེན། དེ་མིན་ཕུག་ལམ་བཅས་ཡིན། 2019ལོའི་སྤྱི་ཟླ4པརTJ1དུམ་མཚམས་ལས་མགོ་ཚུགས་ཤིང་།གན་རྒྱའི་ལས་ཡུན་ཉིན510ཡིན་པ་དང་།TJ2དུམ་མཚམས2019ལོའི་སྤྱི་ཟླ10པའི་ཟླ་མཇུག་ཏུ་ལས་མགོ་བཙུགས་ཡོད། གན་རྒྱའི་ལས་ཡུན་ཉིན810ཡིན་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

   གསར་འགོད་པ་ཁག་གཉིས་སུ་བགོས་ཏེ་སོང་ཡོད། སྐྲུན་འགན་འཁུར་བའི་སྡེ་ཚན་སི་ཁྲོན་ཧྲེང་ཀའོ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གི་ཞིང་ཆེན་རིམ་པའི་གཞུང་ལམ458པའིTJ1དུམ་མཚམས་ཀྱི་ཐོན་སྐྱེད་ཅིང་ལི་ཐན་ཀའོ་ཡུན་གྱིས་གཞུང་ལམTJ1དུམ་མཚམས་ཀྱི་ཨར་ལས་བྱ་ཡུལ་དུ་རག་ཁྱབ་ཟམ་ཆེན་གྱི་སྟེང་གི་གྲུབ་ཆའི་གདུང་མ་སོགས་ཨར་ལས་ལས་འགན་དང་བཟོ་པའི་ལས་སྒྲུབ་ཀྱི་གནོན་ཤུགས་ཅུང་ལྕི་བ་ཕུད། དུམ་བུ་དེའི་དེ་བྱིངས་ལས་གྲྭ་ཕྱོགས་ཡོངས་ནས་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད། ལམ་ངོས་སུ་འགྱིག་སྣུམ་འདིང་རྒྱུར་དམ་འཛིན་བྱེད་བཞིན་ཡོད་པ་དང་ས་འགྲམ་གྱི་ཡུར་བུ་སྔོ་ལྗང་ཅན་དུ་སྒྱུར་བ་དང་། སྔོ་ཁེབས་བསྐྱར་སྦོལ་བྱེད་པ། རི་ལྡེབས་འགོག་སྲུང་བྱེད་པ་སོགས་ཀྱི་ལས་རིམ་ལས་ལྷག་མེད། TJ1དུམ་མཚམས(རག་ཁྱབ་ནས་འཛིང་ཁོག་བར)སྤྱི་ལེ25ལམ་བར་དུ་ཡུལ་ཤོག་དབུལ་པོ་དང་གྲོང་རྡལ་བརྒྱུད། འགྲིམ་འགྲུལ་དབུལ་སྐྱོར་གྱི་ལམ་དུམ་དང་པོར་གཏོགས་ཡོད། 2020ལོར་ཕྱོགས་ཡོངས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ཐུབ་པའི་དམིགས་ཡུལ་དང་ལེན་ཧུར་ཐག་བྱ་ཆེད། ལོ་སྟོད་དུ་རིམས་ནད་ཀྱི་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་ནའང་། ང་ཚོས་དུམ་མཚམས་བརྗེ་སྤེལ་སྙེགས་བརྒལ་བྱས་ཡོད། ཕྱོགས་གཅིག་ནས་ལས་མགོ་བསྐྱར་ཚུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱས་ཏེ་འདི་ལོའི་སྤྱི་ཟླ9པའི་ཚེས30ཉིན་གྱི་སྔོན་དུ་ལས་མཇུག་འགྲིལ་ནས་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།

   TJ2 དུམ་མཚམས་ཀྱི་སྤྱི་ལེ93ཡོད་པའི་གཞུང་ལམ་དུམ་བུ་དེ། མིག་སྔར་ལམ་ངོས་བརྟན་པོའི་ངང་ཨར་ལས་བྱེད་བཞིན་ཡོད། ཞིང་ཆེན་རིམ་པའི་གཞུང་ལམ458པའིTJ1དུམ་མཚམས་ཀྱི་འཕེལ་རིམ་དེར་གཞིགས་ནས་སྔོན་དཔག་བྱས་ན། ཞིང་ཆེན་རིམ་པའི་གཞུང་ལམ458པའི་དཔལ་ཡུལ་གནམ་ཐང་ལམ་གྱི་ལམ་ཐིག་ཧྲིལ་པོ་སང་ལོའི་སྤྱི་ཟླ10པར་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེར་དཔལ་ཡུལ་ནས་གེ་སར་གནམ་ཐང་བར་ཆུ་ཚོད་གཉིས་ཙམ་ལས་མི་འགོར་བ་དང་ཁྲེང་ཏུའུ་རུ་སླེབས་སྐབས་ཉུང་མཐར་ཡང་ཆུ་ཚོད13འགོར་བ་དེ་ཆུ་ཚོད3ཇེ་ཐུང་དུ་གཏོང་ཐུབ་པ་རེད།

   ཕྱིར་མིག་ལྟ་བའི་དུས་ཚོད་ཀྱི་གཞུང་མདའ། དཔལ་ཡུལ་གྱི་འགྲིམ་འགྲུལ་རྒྱ་ཆུང་བ་ནས་རྒྱ་ཆེ་བར་བསྒྱུར་བ་དང་། གནས་ནས་ཐིག་ཏུ་འགྱུར་བ། སྐུད་པ་ནས་དྲ་བ་ཆགས་པ། རྐང་པ་གཉིས་ཀྱིས་ལམ་ཐག་རིང་ཐུང་འཇལ་བ་ནས་ཕྱིར་རླངས་འཁོར་བསྐོར་ནས་ཐག་རིང་དུ་འགྲོ་བ། འདམ་པའི་ལམ་དང་བྱེ་རྡོའི་ལམ་ནས་འགྱིག་སྣུམ་ལམ་དང་ཨར་འདམ་ལམ་སོགས་རྒྱལ་སྲུང་གཞུང་ལམ215པ་དང་ཞིང་ཆེན་རིམ་པའི་གཞུང་ལམ458པ། དེ་བཞིན་ཞིང་ཆེན་རིམ་པའི་གཞུང་ལམ314པ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་མང་པོ་སྔ་རྗེས་སུ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་ཆབས་ཅིག “གཞུང་གཉིས་འཕྲེད་གསུམ”གྱི་གཞུང་ལམ་འགྲིམ་འགྲུལ་གྱི་རུས་སྒྲོམ་དྲ་བ་ཆགས་ཡོད་པ་རེད། མཁའ་ལམ་དང་གྲུ་ཁའི་མྱུར་ལམ། སྐྲུན་བཞིན་པའི་ལྕགས་ལམ་དང་མཉམ་དུ་གྲུབ་པའི་ལངས་གཟུགས་འགྲིམ་འགྲུལ་དྲྭ་རྒྱའི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་དཔལ་ཡུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་རྗེས་ལུས་ཐེབས་པའི་སྲོལ་རྒྱུན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་མགོ་རྟིང་སློག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1