༄༅།།ཆོས་རྗེ་ས་པཎ་གྱི་བརྡ་ཆད་རིག་པའི་དགོངས་དོན་རྣམ་བཤད་ལ་དཔྱད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ཀྱི་སློབ་གསོ། སྤེལ་དུས། 11-10



བསོད་ཆོས།
[གནད་བཏུས] རྩོམ་ཡིག་འདིར་འཇམ་མགོན་ས་སྐྱ་པཎྜི་ཏའི་སྒྲ་བསྒྱུར་གྱི་རིགས་ལམ་ལས་བརྡ་ཆད་རིག་པའི་དགོངས་དོན་རྣམས་བྱེ་བྲག་ཏུ་བཀར་ཏེ་དཔྱད་པ་མདོ་ཙམ་ཞིག་བྱས་ཡོད།
[གནད་ཚིག] ས་སྐྱ་པཎྜི་ཏ། བརྡ་ཆད་རིག་པ། རྣམ་བཤད།

        གཅིག སྔོན་འགྲོའི་གཏམ།
        བོད་ཀྱི་སྒྲ་བསྒྱུར་གཞུང་ལུགས《སྒྲ་སྦྱོར་བམ་པོ་གཉིས་པ》རུ། བརྡ་ཆད་ཀྱི་རིགས་ལམ་རྣམ་བཤད་སྙིང་བསྡུས་ཤིག་བསྟན་ཡོད་ཀྱང་། དེའི་ནང་དུ་བརྡ་དང་ཐ་སྙད་ཀྱི་མཚན་ཉིད་དང་། དེ་དག་གི་རབ་དབྱེ། དམིགས་བསལ་གྱི་བརྡ་ཆད། བརྡ་ཆད་ཀྱི་གྲགས་འཇུག་གི་ཁྱད་པར་སོགས་ཞིབ་ཕྲ་གསུངས་མེད་པས། དེ་དག་གི་སྟོང་ཆ་ཁ་བསྐང་བ་དང། བོད་ཀྱི་བརྡ་ཆད་ཀྱི་རིགས་ལམ་གཞུང་ལུགས་ཆ་ཇེ་ཚང་དུ་གཏོང་ཕྱིར། ཆོས་རྗེ་ས་པཎ་མཆོག་གིས་མཁས་པ་སྔ་མས་མ་བསྟན་པའི་བརྡ་ཆད་ཀྱི་རིགས་ལམ་མི་ཉུང་བ་ཞིག་རང་ཚུགས་ཀྱིས་དཔྱད་པ་མཛད་དེ་ལེགས་པར་གསུངས་ཡོད། དེ་དག་ནི་བོད་ཀྱི་བརྡ་ཆད་ཀྱི་རིགས་པའི་གཞུང་ལུགས་གོང་འཕེལ་འགྲོ་བའི་མངོན་ཚུལ་ཞིག་ཡིན་པ་དང་། བོད་རང་གི་རང་རྐྱ་ཐུབ་པའི་བརྡ་ཆད་ཀྱི་གཞུང་ལུགས་ཤིག་ཆགས་ཤིང་གྲུབ་པའི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

        གཉིས། བརྡ་ཆད་ཀྱི་དགོངས་དོན་དབྱེ་ཞིབ།
        གཅིག བརྡ་ཆད་ཀྱི་གོ་དོན། སྤྱིར་བརྡ་ཆད་ཅེས་པ་ནི་ཤེས་བྱའི་ཁྱབ་ཁོངས་སོ་སོར་སྤྱོད་པའི་ཆེད་སྤྱོད་ཀྱི་མིང་བརྡ་ལ་ཟེར་ཏེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། ཤེས་བྱའི་རིགས་མི་འདྲ་བ་སོ་སོར་ཐུན་མིན་གྱི་སྦྱར་བའི་མིང་བརྡ།①ལ་ཟེར་ཞིང་། རྒྱ་ཡིག་གི་ཚིག་མཛོད་ནང་དུ། རིག་ཚན་ཞིག་གི་ཆེད་སྤྱོད་ཀྱི་མིང་བརྡ་ལ་ཟེར།②ཞེས་འཁོད་ཡོད། སྤྱིར་བརྡ་ཆད་ཅེས་པའི་ཐ་སྙད་འདི་བཞིན་བོད་དུ་དེང་དུས་གསར་དུ་བྱུང་བ་ཞིག་གཏན་ནས་མ་ཡིན་པར། མ་མཐར་ཡང་རྒྱལ་མཆོག་སྐུ་ཕྲེང་བདུན་པའི་སྐབས་ནས་ཡོངས་ཁྱབ་ཏུ་སྤྱོད་པ་བོད་ཀྱི་དཔེ་རྙིང་ཁག་ལ་གཟིགས་ན་ཤེས་པར་འགྱུར་རོ། །
        ༡.བརྡ་དང་ཐ་སྙད་ཀྱི་མཚན་ཉིད། (༡)ཐོག་མར་བརྡ་ཡི་མཚན་ཉིད་བསྟན་པ་ནི། 《མཁས་པ་འཇུག་པའི་སྒོ》ལས། མིང་ཚིག་དེ་དག་རྒན་པོ་ཡིས། ། ཐོག་མར་སྦྱར་བ་བརྡ་ཡིན་ལ། །③ཞེས་གསུངས་ཏེ། དེ་ཡང་སྔོན་གྱི་མེས་པོ་རྣམས་ཀྱིས་རྒྱུ་མཚན་ཅི་ཡང་མེད་པར། བརྗོད་འདོད་ཁོ་ནའི་དབང་བཙན་པས་མིང་དང་ཚིག་ཏུ་བཏགས་ཤིང་སྦྱར་ནས་གཏན་ཆགས་སུ་གྱུར་པའི་ཐ་སྙད་ནི་བརྡ་ཡིན་ནོ། ། དེ་ལ་བརྗོད་འདོད་ཁོ་ནའི་དབང་གིས་བཏགས་པས་བརྡ་དོན་ཉེ་བར་འཆད་དུ་མེད་དེ། དཔེར་ན། རི་དང་། རྡོ་དང་། ཆུ། ས། རླུང་། མེ། ཁང་པ་ལ་སོགས་བཞིན་འདོད་རྒྱལ་དུ་གྱུར་པའི་བརྡ་ཇི་སྙེད་པ་རྣམས་ཡིན་ནོ། ། (༢)ཐ་སྙད་ཀྱི་མཚན་ཉིད་ནི། 《མཁས་པ་འཇུག་པའི་སྒོ》ལས། ཕྱིས་ནས་དཔྱོད་པ་ཐ་སྙད་དོ། །④ཞེས་གསུངས་པ་བཞིན། ཕྱིས་སུ་བརྡ་དེའི་རྗེས་སུ་དཔྱོད་པ་ནི་ཐ་སྙད་དེ། བརྡ་དེ་གཞིར་བཟུང་ནས་འདྲ་བ་དང་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ཏེ་རྡོ་ཁང་དང་། རྡོ་སོལ། རྡོ་ལེབ། རྡོ་བཀྱག་ཅེས་བཏགས་པ་བཞིན་དོན་ལ་དཔྱད་དེ་སྦྱར་བའི་བརྡ་ཆད་ནི་ཐ་སྙད་ཡིན་ནོ། །
        གཉིས། བརྡ་ཆད་ཀྱི་རྣམ་དབྱེ། ༡.བརྡ་ཆད་ཀྱི་རྩ་བའི་དབྱེ་བ། དེ་ཡང་བརྡ་ཆད་ལ་བརྡ་དང་ཐ་སྙད་གཉིས་སུ་འགྱུར་ཞིང་། བརྡ་ནི་བརྗོད་འདོད་ཁོ་ནའི་དབང་གིས་སྦྱར་བ་ཡིན་ལ། ཐ་སྙད་ནི་བརྡ་དེ་ལ་བརྟེན་ནས་འདྲ་བ་དང་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ནས་དཔྱད་དེ་གསར་དུ་སྦྱར་བའི་མིང་ཚིག་ལ་ཟེར་རོ། ། དེས་ན་བརྡ་ཆད་ལ་རྩ་བའི་དབྱེ་བ་རིགས་གཉིས་ཏེ། དཔེར་ན། རླུང་དང་རླུང་ནད་དང་། ས་དང་ས་དཀར། མེ་དང་མེ་རི་བཞིན་ནོ། ། དེ་ཡང《མཁས་པ་འཇུག་པའི་སྒོ》ལས། དེ་ཡི་དང་པོ་འདོད་རྒྱལ་སྒྲ། ། དེ་ལ་བརྟེན་ནས་ཕྱིས་ནས་དོན། ། གཞན་ལ་སྒྲོ་འདོགས་རྗེས་གྲུབ་སྒྲ། །⑤ཞེས་གསུངས་པ་ལྟར་རོ། །
        ༢.བརྡ་ཆད་ཀྱི་ཡན་ལག་གི་དབྱེ་བ། བརྡ་ཡི་ཡན་ལག་གི་དབྱེ་བ་ནི། ཆོས་རྗེ་ས་པཎ་གྱི《མཁས་པ་འཇུག་པའི་སྒོ》ལས། བརྡ་ཡི་ཁྱད་པར་གཞན་དག་ཏུ། ། མ་གྲགས་གཞན་དུ་གྲགས་པ་ལ། ། དེ་ལྟར་མི་བསམ་གཞན་དག་ཏུ། ། གྲགས་པ་གྲགས་པ་ཉིད་དུ་གསལ། །⑥ཞེས་སྤྱིར་བརྡ་ལ་རགས་པའི་དབང་གིས་དབྱེ་བ་གསུམ་ཙམ་མཆིས་ཏེ། ལུང་ལ་གྲགས་ཤིང་རིགས་པ་ལ་མ་གྲགས་པའི་བརྡ་དང་། རིགས་པ་ལ་གྲགས་ཤིང་ལུང་ལ་མ་གྲགས་པའི་བརྡ། དེ་བཞིན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཕན་ཚུན་གཅིག་ལ་གྲགས་ཀྱང་ཅིག་ཤོས་ལ་མ་གྲགས་པའི་བརྡ་བཅས་སོ། ། གཞན་ཡང་གྲགས་མ་གྲགས་ཀྱི་དབྱེ་བས་འཇིག་རྟེན་ལ་གྲགས་པའི་བརྡ་དང་བསྟན་བཅོས་ལ་གྲགས་པའི་བརྡ། དེ་བཞིན་གཤེགས་པའི་བརྡ་ཆད་བཅས་རྣམ་དབྱེ་གསུམ་དུ་ཡང་འགྱུར་རོ། །
        ༣.ཉིང་ལག་གི་དབྱེ་བ་ནི། ལུང་ལ་གྲགས་ཤིང་རིགས་པ་ལ་མ་གྲགས་པའི་བརྡ་ལ། ཕྱི་ནང་གི་གྲུབ་མཐའི་རྣམ་དབྱེ་ཡིས་གཉིས་སུ་འགྱུར་ལ། རིགས་པ་ལ་གྲགས་ཤིང་ལུང་ལ་མ་གྲགས་པའི་བརྡ་ལ་ཡང་། ཕྱི་ནང་གི་གྲུབ་མཐའི་དབྱེ་བས་གཉིས་སུ་འགྱུར་ཞིང་། དེ་བཞིན་དུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཕན་ཚུན་གཅིག་ལ་གྲགས་ཀྱང་ཅིག་ཤོས་ལ་མ་གྲགས་པའི་བརྡ་ནི། སྡེ་སྣོད་གསུམ་ནང་ཕན་ཚུན་གཅིག་ལ་གྲགས་ཀྱང་ཅིག་ཤོས་ལ་མ་གྲགས་པའི་རྣམ་པར་དབྱེ་བ་གསུམ་དང་། རྒྱུད་སྡེ་བཞི་ནང་ཕན་ཚུན་གཅིག་ལ་གྲགས་ཀྱང་ཅིག་ཤོས་ལ་མ་གྲགས་པའི་དབང་གིས་རྣམ་དབྱེ་བཞི། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཕན་ཚུན་གཅིག་ལ་གྲགས་ཀྱང་ཅིག་ཤོས་ལ་མ་གྲགས་པའི་རྣམ་དབྱེ་གཉིས་བཅས་སུ་འགྱུར་ཡང་། རྟོགས་སླ་བས་ཞིབ་ཆ་རེ་རེ་བཞིན་འཆད་པའི་ངལ་བ་ཁུར་དུ་ལེན་པའི་འོས་སུ་མི་ཆེའོ། །
        ༤.བརྡ་ཆད་ཀྱི་དབྱེ་བ་གཞན་བསྟན་པ། དེ་ལ་ཡང་འཇིག་རྟེན་ལ་གྲགས་པ་དང་བསྟན་བཅོས་ལ་གྲགས་པ། ཐུན་མོང་མ་ཡིན་པ་ལ་གྲགས་པའི་བརྡ་ཆད་དང་གསུམ་མོ། ། དང་པོ་ནི་ཀ་བ་དང་བུམ་པ་དང་མི་སོགས་འཇིག་རྟེན་ཐུན་མོང་དུ་གྲགས་པ་རྣམས་དང་། གཉིས་པ་ནི་སྒྲ་པ་ལ་གྲགས་པ་རྣམ་དབྱེ་དང་བྱེད་པའི་ཚིག་ལྟ་བུ། གསོ་རིག་གི་གཞུང་དུ་གྲགས་པ་རླུང་མཁྲིས་བད་ཀན་སོགས། ནང་རིག་པར་གྲགས་པའི་བརྡ་ཆད་ནི་བདག་མེད་དང་སྟོང་ཉིད་སོགས་སོ། ། གསུམ་པ་ནི་འཇིག་རྟེན་དང་བསྟན་བཅོས་ལ་མ་གྲགས་ཤིང་སྒྲ་འཇུག་པའི་རྒྱུ་མཚན་ངེས་པའི་ཚིག་གིས་བཤད་དཀའ་ལ། འཕགས་པའི་གང་ཟག་ལ་དགོས་པ་ཤིན་ཏུ་ཆེ་བ། མདོ་སྡེ་དང་རྒྱུད་སྡེ་ལས་མང་དུ་གསུངས་ཤིང་། དེ་ལ་དེ་བཞིན་གཤེགས་པའི་བརྡའམ་བརྡ་ཆད་ཅེས་གྲགས་སོ་ཞེས་གསུངས་ཡོད།  འཇིག་རྟེན་ལ་གྲགས་པའི་བརྡ་ཆད་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས་སུ་དབྱེ་ཞིང་། རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་སུ་གྲགས་པའི་བརྡ་ལ་སྒྲ་དྲང་པོར་བཤད་པ། དྲངས་ནས་བཤད་པ། ཕན་ཚུན་བསྒྱུར་ཏེ་བཤད་པ་བཅས་གསུམ་མོ། །
        ༥.གྲགས་མ་གྲགས་ཀྱི་བརྡ་ཆད་སྐྱོན་མེད་དུ་བསྟན་པ་ནི། 《མཁས་འཇུག》ལས། བརྡ་ཡི་ཁྱད་པར་གཞན་དག་ཏུ། ། མ་གྲགས་གཞན་དུ་གྲགས་པ་ལ། ། དེ་ལྟར་མི་བསམ་གཞན་དག་ཏུ། ། གྲགས་པ་གྲགས་པ་ཉིད་དུ་གསལ། །⑦ཞེས་གསུངས་པ་བཞིན་ཏེ། བརྡ་ཆད་དེ་དག་གཅིག་ལ་མ་གྲགས་ཀྱང་ཅིག་ཤོས་ལ་གྲགས་པས། གྲགས་པ་ཉིད་དུ་འགྱུར་བས་ན་སྐྱོན་མེད་དེ། ཅི་སྟེ་ཐམས་ཅད་ལ་ཡོངས་སུ་གྲགས་པའི་ངེས་པ་མེད་དེ། བརྡ་ཆད་ནི་རིག་ཚན་ཞིག་གི་ཆེད་སྤྱོད་མིང་བརྡ་ལ་ཟེར་བས། ཁྱབ་མཉམ་དུ་འཇུག་ཅིང་། སྤྱིར་ཡོངས་སུ་གྲགས་པ་ཁོ་ནར་འགྱུར་བ་ནི་གནས་མ་ཡིན་པས། བློ་གྲོས་སྒྲིམ་པོས་ཞིབ་མོ་རྣམ་འཐག་གི་ཚུལ་གྱིས་དཔྱད་ཅིང་འཇུག་རིགས་སོ། །
        གསུམ། དེ་བཞིན་གཤེགས་པའི་དམིགས་བསལ་གྱི་བརྡ་ཆད། 《མཁས་འཇུག》ལས། རྫོགས་སངས་རྒྱས་ཀྱིས་གདུལ་བྱའི་ངོར། ། འཇིག་རྟེན་བསྟན་བཅོས་ལ་མེད་པའི། ། བརྡ་ནི་སྐྱེ་བོའི་སྤྱོད་ཡུལ་མིན། ། ཀུན་མཁྱེན་དགོངས་པ་བསམ་མི་ཁྱབ། །⑧ཅེས་གསུངས་ཏེ།སངས་རྒྱས་པའི་གཞུང་དུ་འཇིག་རྟེན་དང་འཇིག་རྟེན་གྱི་བསྟན་བཅོས་སུ་ཡེ་མ་གྲགས་པའི་བརྡ་ཆད་གསུངས་པ་དག གཞུང་ལ་སྦྱངས་པ་མེད་པའི་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་མ་ཡིན་ཡང་། དེ་དག་ནི་གདུལ་བྱ་འདུལ་བའི་དགོས་དབང་གིས་ལེགས་པར་གསུངས་པས། གང་གསུངས་པའི་བརྡ་ཆད་དེ་ལྟར་དུ་གཟུང་བར་བྱ་སྟེ། རང་ལ་རྒྱུས་མེད་པས་འདོར་བྱའོ་སྙམ་དུ་བསམ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་པའི་གཞུང་གི་ཆེས་ཐུན་མོང་མ་ཡིན་པའི་བརྡ་ཆད་ཡིན་པས་སོ། ། ཇི་འདྲ་ཡོད་སྙམ་ན། ཕ་དང་མ་ནི་གསད་བྱ་ཞིང་། ། ཞེས་པའི་བརྡའི་དགོངས་པ་ནི་གསད་བྱ་ལས་དང་ཉོན་མོངས་སམ། ཡང་ན་ཕ་ནི་སྲེད་པ་དང་མ་ནི་མ་རིག་པ་ལ་དགོངས་ཏེ་གསུངས་པས་དེར་གོ་ཞིང་། རྒྱ་མཚོ་གང་དུ་ལྡོག་པར་འགྱུར། ། ཞེས་པ་ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་བརྡར་དགོངས་ཏེ་གསུངས་སོ། ། དེས་ན་བརྡ་དོན་ཕྱོགས་གཅིག་ཁོ་ན་ཡིན་པའི་ངེས་པ་མེད་པས། གཞུང་དེར་རྒྱུས་མངའ་མེད་པའི་གང་ཟག་གི་མི་ཤེས་ཤིང་བསམ་གྱིས་མི་ཁྱབ་པའི་ཕྱིར། བརྡ་ཆད་ཀྱི་བསྟན་དོན་གཞུང་གི་ལུགས་བཞིན་སོ་སོར་གསུངས་པ་ལྟར་དུ་གཟུང་བར་བྱ་སྟེ། ཚུ་རོལ་མཐོང་བའི་གང་ཟག་རྣམས་ཀྱིས་གཞུང་ལ་ལེགས་པར་སྦྱངས་ནས་ཇི་བཞིན་རྟོགས་འོས་ཀྱི་རང་གི་རིག་པ་ཁོ་ནས་ཐད་ཀར་དཔྱད་དཀའ་བའི་ཕྱིར། 《སྙིང་པོ་དོན་གསལ》ལས། འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། ། དེ་མཐའ་དེ་ཙམ་ཁོ་ནར་རྣམ་དཔྱད་ན། །འགྲོ་བའི་བླ་མའི་གསུང་ལས་འགལ་བ་སྟེ། ། དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ། །⑨ཞེས་གསུངས་པའི་གདམས་པ་ཐུགས་ལ་བརྣགས་པ་གལ་ཆེའོ། །
        བཞི། སྐྱོན་མེད་ཀྱི་བརྡ་ཆད་གཟུང་ཚུལ། 《མཁས་འཇུག》ལས། སྔོན་ཆད་གཞན་དུ་མ་གྲགས་ཀྱང་། །མཁས་པ་རྣམས་ཀྱིས་ངོ་འཕྲོད་པའི། ། བརྡ་ནི་རྗེས་སྒྲུབ་ཉིད་ཡིན་ཏེ། ། རྒྱུ་མཚན་དག་ལ་ལྟོས་ཕྱིར་རོ། །⑩ཞེས་གསུངས་ཏེ། སྔོན་ཆད་མེད་པའི་བརྡ་གསར་གཞན་དུ་མ་གྲགས་ཀྱང་དཔྱད་ན་འཐད་པའི་སྒྲ་འགའ་ཞིག་རྗེས་སྒྲུབ་ཀྱི་བརྡ་ཆད་ཡིན་པས། མཁས་པ་རྣམས་ལ་སྐྱོན་མེད་ཕྱིར་དེ་བཞིན་གཟུང་རིགས་པར་བསྟན་ཏོ། །དེས་ན་གསར་དུ་སྦྱར་བའི་བརྡ་ཆད་རྒྱུ་མཚན་གྱིས་གཏན་ལ་ལེགས་པར་འབེབས་རིགས་ཤིང་། བརྡ་ཆད་ཚད་ལྡན་དང་ཚུལ་མཐུན་གྱིས་སྤྱོད་རིགས་པའི་ཚུལ་ལ་ངེས་པ་རྙེད་པ་གལ་ཆེ་ལ། དེ་ལྟ་བུའི་རྗེས་སྒྲུབ་ཀྱི་བརྡ་དེ་ལ་ཡང་གཉིས་ཏེ། རྗེས་སུ་མཚུངས་དང་ལོག་པ་ཡི། །རྗེས་སུ་སྒྲུབ་པ་རྣམ་པ་གཉིས། །ཞེས་གསུངས་པ་བཞིན་ཏེ། ཁྱི་དཀར་པོ་ལ་དུང་ཞེས་བཏགས་པ་ནི་རྗེས་སྒྲུབ་མཚུངས་པའི་བརྡ་ཆད་དང་། ཁྱི་ནག་པོ་ལ་དུང་ཞེས་བཏགས་པ་ནི་ལོག་པའི་རྗེས་སྒྲུབ་བམ། མི་མཚུངས་པའི་རྗེས་སྒྲུབ་ཀྱི་བརྡ་ཆད་ཅེས་ཟེར་བ་ཡིན་ནོ། ། རྗེས་སྒྲུབ་ཀྱི་བརྡ་ཆད་འདོགས་ཚུལ་ནི། 《མཁས་འཇུག》ལས། ཕན་ཚུན་འབྲེལ་བ་ལ་སོགས་པ། ། རྒྱུ་མཚན་འགའ་ལ་ལྟོས་ནས་དེ། །ཞེས་གསུངས་པ་བཞིན། ཕན་ཚུན་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་། ཕན་ཚུན་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ། ཚོགས་པ་ལ་ཡ་གྱལ་གྱི་མིང་བཏགས་པ། ཡ་གྱལ་ལ་ཚོགས་པའི་མིང་བཏགས་པ། འདྲ་བ་བཟློག་ནས་བཏགས་པ། འབྲེལ་བ་བཟློག་ནས་བཏགས་པ་སོགས་ཇི་སྙེད་ཅིག་ཡོད་དོ། ། འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ལ། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ལྟེང་ཀ་རྐང་ནད་ལྟ་བུ་ནི། ལྟེང་ཀའི་ཆུ་བཏུངས་ནས་འབྲས་བུ་རྐང་ནད་བྱུང་བས་དེ་ལྟར་བཏགས་སོ། ། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ། ཤེས་པའམ་ཡུལ་ཅན་ལྟ་བུ་སྟེ་བློའམ་ཤེས་པ་ནི་ཡུལ་ལས་སྐྱེ་བས་སོ། ། ཚོགས་པ་ལ་ཡ་གྱལ་གྱི་མིང་བཏགས་པ་ནི། རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ལྟ་བུ་སྟེ། དེ་དག་ཚོགས་པ་ལས་ཡིན་ཡང་ཚོགས་པའི་མིང་གིས་མི་འདོགས་པར་ཡ་གྱལ་གྱི་མིང་བཏགས་པའོ། །
        ཡ་གྱལ་ལ་ཚོགས་པའི་མིང་བཏགས་པ་ནི། རས་ཡུག་གཅིག་གི་ཕྱོགས་གཅིག་འཚིག་པ་ལ་རས་འཚིག་ཅེས་མིང་བཏགས་པ་དང་། ཁང་པའི་ཕྱོགས་གཅིག་མཐོང་བས་ཁང་པ་མཐོང་བར་ཐ་སྙད་བཏགས་པ་སྟེ། དོན་ལ་རས་ཀྱི་ཡ་གྱལ་འཚིག་པ་དང་། ཁང་པའི་ཡ་གྱལ་མཐོང་བར་རྗེས་གྲུབ་ཀྱི་ཐ་སྙད་དེ་བཞིན་བཏགས་པ་ལགས་སོ། །འདྲ་བ་བཟློག་ནས་མིང་བཏགས་པ་ནི་མི་བླུན་པོ་ལ་ལྷ་དང་མཁྱེན་ལྡན་དུ་བཏགས་ཤིང་འབོད་པ་དང་། འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་བཏགས་པ་ནི་སྨན་བྱ་རོག་རྐང་ལྟ་བུ། འབྲེལ་བ་བཟློག་ནས་བཏགས་པ་གཟའ་མིག་དམར་ལ་བཀྲ་ཤིས་སུ་བཏགས་པ་ལྟ་བུ་ཡིན་ནོ། །ལོག་པར་སྒྲུབ་པའི་རྗེས་འཇུག་གི་བརྡ་ཆད་ནི། 《མཁས་འཇུག》ལས། སྦྱར་བ་སྔ་མ་སྔོན་འགྲོ་ཅན། ། དེ་ཡི་རྒྱུ་མཚན་མི་འཇུག་ཅིང་། ། བརྗོད་འདོད་ཁོ་ནས་དབང་བསྒྱུར་བ། ། ལོག་པར་སྒྲུབ་པ་ཡིན་པར་འདོད། །ཅེས་པ་སྟེ། འདོད་རྒྱལ་གྱི་སྒྲ་སྔ་མ་སྔོན་དུ་སོང་བ་ལ་བརྟེན་ནས་ཕྱིས་གྲགས་འཇུག་འགལ་བར་སྦྱར་བ་ནི་ཁྱི་ནག་པོ་ལ་དུང་ཞེས་དང་། མི་ངན་པ་ལ་ལྷ། མི་ལ་ཁྱི་རུ་འབོད་པ་ལྟ་བུ་ནི་བརྗོད་འདོད་ཁོ་ན་ལ་ལྟོས་ཀྱི། རྒྱུ་མཚན་བཤད་ན་ཕྱིན་ཅི་ལོག་ཏུ་འགྱུར་བའི་སྒྲ་ཡིན་པ་རྣམས་ནི། ལོག་པར་སྒྲུབ་པའི་རྗེས་འཇུག་གི་བརྡ་ཆད་ཅེས་ཟེར་རོ། །
        ལྔ། གྲགས་འཇུག་འགལ་མི་འགལ་གྱི་བརྡ་ཆད་ནི། 《མཁས་འཇུག》ལས། དེ་ཡང་གྲགས་འཇུག་འགལ་བ་དང་། ། མི་འགལ་འགལ་ཞིང་མི་འགལ་བའི། ། སྒྲ་ཡི་འཇུག་ཚུལ་རྣམ་པ་བཞི། ། བརྡ་སྤྲོད་བྱེད་པ་རྣམས་ལ་གྲགས། །ཞེས་གསུངས་ཏེ། བརྡ་ཆད་ལ་དེ་ལྟར་གྲགས་པ་དང་དོན་ལ་འཇུག་མི་འཇུག་གཉིས་འགལ་མི་འགལ་རྣམ་པ་བཞི་རུ་འགྱུར་ཏེ། བརྡ་ལ་གྲགས་པ་དང་འཇུག་པ་མི་འགལ་བ་ནི། མཚོ་ལས་སྐྱེས་པའི་མེ་ཏོག་པད་མ་ལ་མཚོ་སྐྱེས་ཞེས་བརྡ་ལ་གྲགས་ཤིང་དོན་ལའང་མཚོ་ལས་སྐྱེས་པ་ཡིན་པས། གྲགས་འཇུག་གཉིས་མི་འགལ་བའི་བརྡ་ཆད་དང་། བརྡ་ལ་མ་གྲགས་ཀྱང་འཇུག་པ་ནི་མཚོ་ལས་སྐྱེས་པའི་སྲོག་ཆགས་དང་སྔོ་ལྡུམ་བུ་ལ། མཚོ་སྐྱེས་ཞེས་བརྡ་རུ་མ་གྲགས་ཀྱང་དོན་དུ་མཚོ་ལས་སྐྱེས་པ་ཡིན་པས། བརྡ་དེའི་དོན་དེ་ལ་འཇུག་ཀྱང་བརྡ་ལ་མ་གྲགས་ཤིང་མི་འཇུག་པ་ནི། སྐམ་སའི་རྡོ་དང་སྡོང་དུམ་བྱེ་མ་ལྟ་བུར་བརྡ་ཆད་ལ་མཚོ་སྐྱེས་སུ་མ་གྲགས་ཤིང་དོན་ལའང་མི་འཇུག་པའོ། ། མཚོ་ལས་སྐྱེས་པའི་པད་མ་མ་ཡིན་པ་ལ་མཚོ་སྐྱེས་བཏགས་ན། དེ་ནི་བརྡ་ཆད་ལ་གྲགས་ཀྱང་དོན་ལ་འཇུག་པ་མ་ཡིན་པས་གྲགས་འཇུག་འགལ་བ་དང་། རྡོ་དང་བྱེ་མ་ལྟ་བུ་ལ་ནི་མཚོ་སྐྱེས་ཞེས་མ་གྲགས་ལ་དོན་ལའང་འཇུག་པ་མིན་པས། གྲགས་འཇུག་གཉིས་ཀ་མ་ཡིན་པའི་བརྡ་ཆད་ཅེས་གྲགས་པ་བཞིན་ནོ། །
        དྲུག བརྡ་གསར་གང་དྲན་སྦྱར་བའི་སྐྱོན་བསྟན་པ་ནི། 《མཁས་འཇུག》ལས། བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ། ། དོན་ཆེན་སྒྲུབ་པ་མ་གཏོཊ་པ། ། སླན་ཆད་མི་སྦྱར་དོན་དེ་ལ། ། བརྡ་འཇུག་ན་ཡང་མི་རྟོགས་ཕྱིར། །ཞེས་གསུངས་སོ། ། བརྡ་སྤྲོད་པའི་མཁས་པ་རྣམས་ཀྱིས་བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་པ་སྦྱར་བ་མི་འགལ་མོད། དགོས་པ་ཆུང་ངུ་ཙམ་དང་།ཡང་ན་རང་ཉིད་ཀྱིས་དོན་དེ་ལ་བརྡ་ཆད་རྙིང་པ་ཡོད་བཞིན་དུ་དེ་མ་རྟོགས་པ་དང་མ་མཐོང་བ། ཐ་ན་མཁས་ཁྱད་དང་རློམ་སེམས་སོགས་ཀྱིས་བརྡ་གསར་གྱ་ཚོམ་དུ་གཏན་ནས་སྦྱོར་རིགས་པ་མ་ཡིན་ཏེ། དེ་ལྟར་བྱས་ན་གཞུང་དེ་ལ་ཐོས་བསམ་བྱེད་མཁན་རྣམས་ཀྱིས་མི་རྟོགས་པ་དང་ལོག་པར་རྟོག་པ། ཐ་ན་ཐེ་ཚོམ་གྱི་རྒྱུ་ཡང་ཡིན་པའི་ཕྱིར་དགོས་པ་ལས་དགག་བྱའམ་སྐྱོན་ཆེ་སྟེ། དཔེར་ན། སྨན་པ་དང་མངོན་བརྗོད་མཁན་པོ་འགས་སྨན་མིང་འགར་སེར་པོ་རྐང་ཁྲ་དང་རྒྱལ་པོ་ཟ་བླག་ཅན། མུ་ཟི་ལ་སའི་ཞག་དང་། ཆ་ག་པ་ལ་ནམ་མཁའི་སྤུར་བ་ཞེས་ཐ་སྙད་བཏགས་པ་བཞིན་ནོ། ། ཞེས་དཔེ་དང་བཅས་པའི་སྒོ་ནས་དགོས་པ་ཆུང་ངུ་ཙམ་ལ་བརྡ་གསར་གྱ་ཚོམ་དུ་འདོགས་པའི་ཉེས་དམིགས་ཞལ་གསལ་བར་གསུངས་ཡོད། འདི་ནི་སྒྲ་བསྒྱུར་གྱི་བྱ་བ་སྤྱི་ལ་ཡིད་གཟབ་ལྷག་པར་བྱེད་དགོས་པའི་དོན་གལ་པོ་ཆེ་ཞིག་སྟེ། གནའ་དེང་རྒྱལ་ཕྱི་རྒྱལ་ནང་གི་མི་རིགས་གང་ཞིག་ཡིན་ཡང་། བརྡ་གསར་གྱ་ཚོམ་དུ་སྦྱར་བ་དགེ་ལས་སྐྱོན་དུ་འགྱུར་བར་གཞུང་ལུགས་དང་ལག་ལེན་གང་ཅིར་སྣང་ཞིང་ཚུལ་དེ་སྤོང་བ་ཡིན་པས། རང་རེས་ཅི་ནས་ཀྱང་གཟབ་པ་གལ་ཆེ་བ་ཡིན་ཕྱིར། གལ་པོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་ནན་ཏན་གྱིས་གསུངས་པ་ལགས་སོ། །
        དེང་གི་བོད་རྒྱ་ལོ་ཙཱའི་ལག་ལེན་ནང་དུ། བརྡ་དང་ཐ་སྙད་གསར་པ་གང་བྱུང་དུ་སྦྱར་བའི་སྐྱོན་འདི་མངོན་གསལ་དུ་མཆིས་ཏེ“神舟”ལ། མཆོག་གྲུ་དང་ལྷ་གྲུ།“米”ལ་མུས་དང་རྨིད།“哲学”ལ། ཤེར་རྟོགས་རིག་པ་དང་མཚན་ཉིད་རིག་པ།“生态”ལ། སྐྱེ་ཁམས་དང་། འབྱུང་ཁམས། སྣོད་བཅུད།“绿色食品”ལ། སྔོ་ལྗང་ཟས་རིགས་དང་སྦགས་མེད་བཟའ་བཅའ། འབྱུང་འཕྲོད་བཟའ་བཅའ།“纸牌”ལ། ཏག་སེ་ཟེར་ཡང་ཤོག་ཤོ་དང་ཤོག་ཕའེ་སོགས་བརྡ་དང་ཐ་སྙད་གསར་པ་ནི་མཁས་རློམ་དང་བཅས་པའི་སྒོ་ནས་བྱུང་རྒྱལ་དུ་འདོགས་ཤིང་སྤྱོད་པ་ལས། དེ་ལྟར་བཏགས་པས་འགྱུར་གྱི་བརྡ་ཆད་གཅིག་མཐུན་མེད་པ་དང་ཟང་ཟིང་ཅན། ཐ་ན་ཀློག་པ་པོ་འཁྲུལ་ཞིང་མགོ་རྨོངས་ནས་བརྡ་དོན་མི་རྟོགས་པ། ཐེ་ཚོམ་གྱི་གཞི་རུ་འགྱུར་བས་དཔྱད་དཀའ་བ་སོགས་ཀྱི་ཉེས་དམིགས་ལ་དགོངས་བཞེས་གནང་མཁན་ནི། རུས་སྦལ་རྒན་པོའི་སྤུ་ལས་ཀྱང་ཆེས་ཉུང་བར་སྣང་བས། གནད་འདི་ལ་རྣམ་དཔྱོད་དང་ལྡན་པ་དག་གིས་ལེགས་པར་བསམ་རིགས་སོ། ། དེས་ན་འགྱུར་རྩོམ་གྱི་བརྡ་ཆད་གཅིག་གྱུར་དགོས་རྒྱུ་ནི་ཆེས་ཤིན་ཏུ་གལ་ཆེ་བས། ཆོས་རྗེ་ས་པཎ་གྱིས་ཀྱང་བརྡ་ཆད་ཀྱི་རིགས་ལམ་ནང་དུ། བརྡ་ཆད་གསར་པ་གང་བྱུང་དུ་བཏགས་མི་ཆོག་པའི་རྣམ་བཤད་འདི་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུངས་སྣང་བས། རང་ཅག་རྣམས་ཀྱི་ཡིད་ལ་ངེས་པར་དུ་བརྣགས་དགོས་ཤིང་། དགོངས་པ་དེ་དོན་དུ་འཁྱོལ་བ་གནང་རྒྱུ་ནི་དེ་བས་ཀྱང་གལ་ཆེའོ། །
        བདུན། ཤུགས་བསྟན་དུ་དགོས་དབང་གིས་བརྡ་གསར་འདོགས་རིགས་པའི་ཚུལ་བསྟན་པ་ནི། 《མཁས་འཇུག》ལས། བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ། ། དོན་ཆེན་སྒྲུབ་པ་མ་གཏོགས་པ། ། སླན་ཆད་མི་སྦྱོར་ཞེས་གསུངས་ནས། ཚིག་དོན་བརྡ་སྤྲོད་པའི་མཁས་པ་རྣམས་ཀྱིས་བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན། གསར་པ་སྦྱར་བ་མི་འགལ་བར་ཞལ་གསལ་ལ་གོ་རྒྱུ་གསལ་ངེས་སུ་བསྟན་ནས། བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་བའི་རྩ་དོན་ལ་གཞིགས་ཏེ་བརྡ་གསར་པ་འདོགས་རིགས་ཤིང་། བཏགས་པའི་བརྡ་ཆད་དག་ཀྱང་ཚད་ལྡན་དང་གཅིག་གྱུར། ངེས་སྲོལ་ཅན་དུ་འགྱུར་ངེས་བྱེད་པ་གལ་ཆེ། དེས་ན་འོས་ཤིང་རིགས་པའི་བརྡ་གསར་པ་འདོགས་འོས་པའི་ཚུལ་ལེགས་པར་གསུངས་གདའ་བས། བརྡ་ཆད་གསར་པ་རྣམས་བཀས་བཅད་ཀྱི་རྣམ་པས་ཐོག་མར་ཚད་ལྡན་བཟོ་དགོས་ཤིང་། ཚད་ལྡན་གྱི་བརྡ་ཆད་དག་ཀྱང་གཅིག་གྱུར་དང་ངེས་སྲོལ་ཅན་གྱི་ལམ་ནས་ལག་ལེན་ནང་དུ་སྤྱོད་རིགས་པ་ཡིན་ནོ། །
        བརྒྱད། བརྡ་ཆད་ཚད་ལྡན་མིན་ན་འཆོས་རིགས་པར་བསྟན་པ་ནི། 《སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ》ལས། འོ་ན་འདི་དང་མི་མཐུན་པ་གཞན་དུ་བརྡ་བཏགས་པ་དང་འགལ་ལོ་ཞེ་ན། སྨྲས་པ་ལ་ལར་གཞན་དུ་བཤད་པ་རྣམས། ། བོད་ཀྱིས་གོ་བ་བདེ་ཕྱིར་བསྒྱུརཞེས་དང་།ཡང་དེ་ལས། ཁོ་བོས་འདིར་བཤད་པ་ནི་རྒྱ་གར་གྱི་སྡེབ་སྦྱོར་མཚན་ཉིད་པ་བྲིས་པ་ཡིན་པས། མཁས་པ་རྣམས་ཀྱིས་འདི་ཁོ་ན་བཞིན་དུ་ཤེས་པར་བྱོས་ཤིགཅེས་གསུངས་ཏེ། རྒྱ་བོད་ཀྱི་མཁས་པ་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་གཞུང་དེ་དག་ལེགས་པར་སྦྱངས་པས། ཇི་བཞིན་ཤེས་ནས་སྨྲས་པ་ཡིན་ལ། སྐ་ཅོག་སོགས་མཁས་པ་སྔ་མ་རྣམས་ཀྱིས་མཁྱེན་ཡང་རྣམ་གཞག་མ་མཛད་པས། བརྡ་དང་གཞུང་དོན་འཁྲུལ་ནས་སྨྲ་བ་གངས་རིའི་ཁྲོད་འདིར་མང་བས་འདི་ལྟར་མ་ནོར་བར་སྦྱོར་རིགས་སོ། ། ཞེས་གསུངས་ཏེ། བླུན་པོ་ལོ་བརྒྱས་ཅུང་ཟད་ཤེས་རྣམས་ཀྱི། ། དབུས་སུ་བདག་གི་བློ་གྲོས་ག་ལ་གསལ། ། མཁས་པ་ལ་ལ་མཚོ་བཞིན་ངང་གིས་གང་། །ལ་ལ་འབྲུ་མར་བཞིན་དུ་བཙིར་ནས་བྱུང་། ། ལ་ལ་ཕོངས་པའི་ནོར་བཞིན་འབད་པས་བསྒྲུབས། ། ལ་ལ་རྒྱལ་པོའི་བུ་བཞིན་ལྷུན་གྱིས་གྲུབ། ། དེ་ལྟར་བློ་གྲོས་གསལ་དང་མི་གསལ་དང་། ། མཁས་དང་མི་མཁས་རྣམ་དབྱེ་རྗེས་ དཔག་ལས། ། བློ་ཆེན་གཞན་གྱི་བློ་ཡི་བང་མཛོད་ལ། ། བློ་ཆུང་རྣམས་ཀྱིས་ཐེ་ཚོམ་མ་བྱེད་ཅིག །ཅེས་གསུངས་ཏེ། བརྡ་དང་ཐ་སྙད་གཅིག་གྱུར་བྱ་རྒྱུ་དེ་ཡང་བརྡ་མཐུན་པ་ཙམ་གྱིས་མི་ཆོག་པར། བརྡ་ཆད་ཚད་དང་ལྡན་པ་དང་གཅིག་གྱུར། ངེས་སྲོལ་ཅན་ཞིག་དགོས་ཤིང་བརྡ་ཆད་གཅིག་གྱུར་དང་ངེས་སྲོལ་ཅན་ཙམ་ཡིན་པས་བློ་ཁ་ཁེངས་ཏེ་གྱ་ཚོམ་དུ་སྤྱོད་པར་ཡང་མི་རིགས་ཏེ། ངེས་པར་དུ་བརྡ་ཆད་ཚད་དང་ལྡན་པ་དགོས་ལ། དེ་མེད་ན་སྔར་གྲགས་ཤིང་གཅིག་གྱུར་དུ་སྤྱོད་མོད་ཀྱང་ཚད་ལྡན་མིན་པས། འཆོས་རིགས་པའི་ཚུལ་ཞལ་གསལ་པར་གསུངས་ཡོད་དོ། །

        གསུམ་པ། ཆོས་རྗེའི་བརྡ་ཆད་རྣམ་བཤད་ཀྱི་ཞན་ཆ།
        ཆོས་རྗེ་ས་པཎ་ཁོང་གིས《སྒྲ་སྦྱོར་བམ་པོ་གཉིས་པ》ཡི་གཞུང་དོན་གཞིར་བཟུང་སྟེ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བརྡ་ཆད་ཀྱི་རིགས་ལམ་རྣམ་གཞག་བསྟན་པ་དང་། དེ་ཡང་གཞུང་དེར་བརྡ་ཆད་གཅིག་གྱུར་དང་ཚད་ལྡན། ངེས་སྲོལ་ཅན་དགོས་པའི་རྩ་དོན་རང་བཞིན་གྱི་གཏན་འབེབས་གནང་བ་གཞིར་བཟུང་སྟེ། སྒྲ་བསྒྱུར་གྱི་ལག་ལེན་དངོས་ལ་དཔྱད་ཞིབ་མཛད་དེ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བརྡ་ཆད་ཀྱི་རིགས་ལམ་རྣམ་གཞག་དུ་མ་གསུངས་ཡོད། འདི་ནི་ཆོས་རྗེའི་བརྡ་ཆད་རིགས་ལམ་ཐད་ཀྱི་དགེ་མཚན་ཞིག་ཡིན་པ་སྨོས་མེད་ལགས་སོ། །འོན་ཀྱང་གཞུང་ལུགས་ཤིག་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ཏེ་དཔྱད་ན། ཆོས་རྗེ་མཆོག་ནི་བརྡ་ཆད་ཀྱི་རིགས་ལམ་སྨྲ་བའི་མཁས་པའི་དབང་ཕྱུག་ཏུ་གྱུར་ཡོད་ཅིང་། ཤེས་བྱའི་གནད་གསང་དེ་དག་ལ་རང་བློ་ལྐོག་ཏུ་མ་གྱུར་པར་མཁྱེན་པའི་དཀྱིལ་འཁོར་གྱི་ཆ་ཤས་ཆེས་ཆེར་རྒྱས་པ་ལགས་ན། ད་དུང་ཡང་ལེགས་བཤད་ཀྱི་སྐྱེས་དང་བཀའ་མཆིད་བཟང་པོ་དུ་མ་ཡོད་མོད་ཀྱི། སྐབས་དེའི་གང་ཟག་གིས་ཤེས་བྱ་དོན་གཉེར་གྱི་འདུན་པ་མི་ཆེ་བའི་གནས་སྐབས་ཉིད་ལ་ཉེ་བར་དགོངས་ནས། བརྡ་ཆད་ཀྱི་རིགས་ལམ་རྣམ་གཞག་རྒྱས་པར་མ་གསུངས་པ་དེས་བོད་ཀྱི་བརྡ་ཆད་རིག་པའི་རྣམ་བཤད་ཀྱི་གཞུང་ལུགས་གོང་དུ་འཕེལ་བའི་གེགས་སུ་གྱུར་ཡོད། དེ་ཡང་ཡིན་ཏེ། ཆོས་རྗེ་མཆོག་གི་ལེགས་བཤད་བདུད་རྩི་འཁྱིལ་བའི་ཞལ་གྱི་བུམ་བཟང་ལས། སྙིགས་མའི་དུས་ཀྱི་སེམས་ཅན་བསོད་ནམས་ཆུང་། ། དེ་ཕྱིར་མཁས་པ་སློབ་པའི་སྐལ་བ་མེད། ། བདག་གིས་འབད་ཀྱང་གཞན་གྱིས་འཛིན་པ་ཉུང་། །
དེས་ན་གཞན་ལ་ཕན་པའི་གོ་སྐབས་དཀའ། ། ད་དུང་བདག་ལ་ལེགས་བཤད་ཡོད་མོད་ཀྱང་། ། སྙིགས་མའི་དུས་ཀྱི་འགྲོ་བའི་སྤྱོད་ཡུལ་མིན། ། མཁས་པ་འདོད་པའི་སྐྱེ་བོ་ཉུང་བས་ན། ། བྱེད་པ་ཆུང་ཕྱིར་རྒྱས་པ་འདིར་མ་སྤྲོས། །ཞེས་ཡིད་ཕྱུང་བའི་ཐུགས་མཚལ་རྗེན་པར་དབྱུང་ནས་གསུངས་པ་འདི་ལས་ཤེས་ནུས་པ་ལགས་སོ། །

        བཞི་པ། མཇུག་བསྡུ་བའི་གཏམ།
        སྐུ་ཡི་མེ་ཏོག་གཙང་ལྗོངས་འཛིན་མར་བཞད། །ཐོས་བསམ་གར་སྟབས་གངས་རིའི་ཕང་པར་བསྒྱུར། ། རླབས་ཆེན་འཕྲིན་ལས་རྒྱ་བོད་ཡུལ་གྲུར་བསྐྱངས། ། ས་སྐྱ་པཎ་ཆེན་ཞབས་ལ་གུས་པས་འདུད། ། འཕགས་བོད་མཁས་གྲུབ་འབུམ་དགུའི་ཐུགས་ཀྱི་བཅུད། ། རྗེན་པར་ཕྱུང་བ་གཙུག་ལག་བདུད་རྩིའི་རྒྱུན། ། རྣམ་དཔྱོད་ཧུབ་ཀྱིས་དྲངས་ཏེ་བསིལ་ལྗོངས་སུ། ། བཅུ་ཕྲག་རིག་པའི་སྨན་ཆབ་མཚོ་རུ་བསྐྱིལ། ། གཞན་ལུགས་དག་སྣང་འོད་བརྒྱས་སྐྱོང་བཞིན་དུ། ། རང་ལུགས་གཙང་མ་འཆོལ་མེད་ལེགས་པར་བཟུང་། ། ཀླུ་བྱང་མན་ངག་མཛོད་འཛིན་ས་སྐྱ་པས། ། རྩོད་ལྡན་དུས་ཀྱང་རྫོགས་ལྡན་དཔལ་ལ་བཀོད། ། ཤེས་བྱའི་དེ་ཉིད་ཀུན་རིག་འདྲེན་བྱེད་འབུམ། ། བརྡ་ཆད་རྒྱུ་སྐར་བཀྲ་བའི་དབྱིངས་སུ་ཕྱོགས། ། ལེགས་བཤད་ཉེས་བཤད་རྣམ་དབྱེའི་འབྲུག་གི་སྒྲ། ། སྐལ་བཟང་མདོངས་མཐའ་དགྱེས་པའི་དཔྱིད་དུ་བསྒྲགས། ། དྭངས་པའི་ཡིད་མཁའི་ཤེས་རིག་ཟླ་བའི་ཟེར། ། འོད་ཀྱི་གཟེགས་མའི་ཆ་ཙམ་འཐོར་བ་ན། ། ལེགས་བྱས་ཀུ་མུད་འཛུམ་རླབས་ཡོངས་འཕྱུར་བའི། ། དགའ་སྟོན་འདི་ཡང་གང་གི་ཐུགས་རྗེས་སོ། ། ལུང་རིགས་མན་ངག་བྱེ་བའི་ཁུར་བསྣམས་ཏེ། ། ལེགས་བཤད་དབྱིག་གི་ཚོང་ཟོང་ཐང་མར་བརྡལ། ། གངས་ཀྱི་རི་ཐང་ཡངས་པའི་ཡུལ་མཆོག་ཏུ། ། སྔོན་མེད་རིག་པའི་མཆོད་ཡོན་ཅི་ཡང་སྒེག ། ནུབ་ཕྱོགས་མཁས་པའི་བློ་ལ་མ་ཤར་ཞིང་། ། ཤར་ཕྱོགས་གྲུང་པོའི་རིག་པས་མ་རྙེད་པའི། ། བརྡ་ཆད་རིགས་ལམ་ནོར་བུའི་དགེ་ལེགས་དཔྱ། ། ཁ་བའི་མེ་ཏོག་འཛུམ་པའི་ཡུལ་འདིར་བྱུང་། ། ཤར་ནུབ་གང་དུའང་བརྡ་ཆད་རིག་པའི་གཞུང་། །
མེད་པའི་དུས་སུ་མཛད་པའི་གཞུང་ལུགས་འདིར། ། གསར་གཏོད་བློ་ཡི་འཛུམ་རིས་མངོན་བཀྲ་བས། ། ཡི་རང་སེམས་ཀྱིས་དཔྱོད་པའི་ལས་སུ་ཞུགས། །


* བསོད་ཆོས། བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སྤྱི་སྤྱོད་སློབ་ཁྲིད་སྡེ་ཁག་གི་བོད་ཡིག་སློབ་དཔྱོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
① ② ཀྲང་དབྱིན་སུན་གྱིས་གཙོ་སྒྲིག་བྱས། བོད་རྒྱ་ཚིག་མཛོད་ཆེན་མོ། [M] མི་རིགས་དཔེ་སྐྲུན་ཁང་། 1993:1483
③ ④ ⑤ ⑥ ས་སྐྱ་པཎྜི་ཏ། མཁས་པ་འཇུག་པའི་སྒོ། [M] མི་རིགས་དཔེ་སྐྲུན་ཁང་། 1981:12.13.13.14
⑦ ⑧ ས་སྐྱ་པཎྜི་ཏ། མཁས་པ་འཇུག་པའི་སྒོ། [M] མི་རིགས་དཔེ་སྐྲུན་ཁང་། 1981:13.14
⑨ ས་པཎ་སོགས་ཀྱིས་མཛད། ཟློས་གར་དང་མཁས་འཇུག [M] མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004:283
⑩ ——12 ས་སྐྱ་པཎྜི་ཏ། མཁས་པ་འཇུག་པའི་སྒོ། [M] མི་རིགས་དཔེ་སྐྲུན་ཁང་། 1981:15.15.16
13ས་སྐྱ་པཎྜི་ཏ། མཁས་པ་འཇུག་པའི་སྒོ། [M] མི་རིགས་དཔེ་སྐྲུན་ཁང་། 1981:15.15

14 ས་སྐྱ་པཎྜི་ཏ། མཁས་པ་འཇུག་པའི་སྒོ། [M] མི་རིགས་དཔེ་སྐྲུན་ཁང་། 1981:13

15 ས་སྐྱ་པཎྜི་ཏ། མཁས་པ་འཇུག་པའི་སྒོ། [M] མི་རིགས་དཔེ་སྐྲུན་ཁང་། 1981:13

16——18ས་སྐྱ་པཎྜི་ཏ་སོགས་ཀྱིས་མཛད། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:518.519.521


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1