ཨུ་རུ་སི་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་ཁཱ་ནཱ་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-13
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལིས་ཨང་ལ་ཁར་པར་བཏང་སྟེ། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁ་པར་གཏོང་སྐབས་ཨུ་རུ་སིའི་ཕྱོགས་ཀྱིས་ཉེ་སྔོན་ནཱ་ཁཱ་ས་ཁུལ་དུ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པའི་ཐད་སྤྱད་པའི་བར་འདུམ་གནས་ཚུལ་དེ་ཧྥ་རན་སིའི་ཕྱོགས་ལ་སྙན་ཞུ་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་གཞི་རྩའི་རྩ་དོན་གཏན་འབེབས་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད། རྩ་དོན་དེ་དག་གིས་ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཚེས་དགུ་ཉིན་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་གི་རྨང་གཞི་གྲུབ་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཕྱིན་ཆད་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འབྲེལ་ཡོད་བྱེད་ཐབས་སྤྱོད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ནཱ་ཁཱ་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་འགྲོ་བ་དང་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་གནད་དོན་དེ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།