ཟླ་11ཚེས་12ཉིན་དང་ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་12ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ནན་ཐུང་གྲོང་ཁྱེར་ཝུའུ་ཧྲན་ས་ཁུལ་གྱི་པིན་ཅང་ཡུག་ཁུལ་དུ་རྟོག་ཞིབ་གནང་སྐབས་གྲོང་མི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཟླ་11ཚེས་12ཉིན་དང་ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་13ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུ་བེད་ལྟེ་བའི་ཆུ་འཐེན་ས་ཚིགས་བཞི་པར་ཆུ་འཐེན་འཕྲུལ་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།
ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་ཧུར་ཐག་འདོན་པ་བཅས་བྱས་ཏེ་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་མིག་དཔེ་འདོན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་མངོན་འགྱུར་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་དགོས་པའི་ནན་བཤད་གནང་བ་རེད།
ཟླ་11ཚེས་12ཉིན་དང་ཚེས་13ཉིན། ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་ཆིན་ཅན་དང་ཧྲེང་ཀྲང་ཝུའུ་ཀྲེང་ལུང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ནན་ཐུང་དང་དབྱང་ཀྲོའུ་སོགས་ས་ཆར་ཕེབས་ནས་འབྲི་ཆུ་དང་མིས་བཟོས་གཙང་པོའི་ངོགས་དང་། ཆུ་བེད་ལྟེ་གནས། རིག་དངོས་སྲུང་སྐྱོབ་ཚན་པ་སོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཚུལ་སོགས་ལ་བརྟག་ཞིབ་གནང་བ་རེད།
ནན་ཐུང་ནི་འབྲི་ཆུ་མཚོར་བཞུར་ཁའི་བྱང་རྒྱུད་དུ་གནས་པ་དང“གཙང་པོ་དང་མཚོ་མོའི་འཛུལ་སྒོ”ཞེས་བརྗོད་ཀྱི་ཡོད། གྲོང་ཁུལ་ལྷོ་རྒྱུད་ཀྱི་པིན་ཅང་ས་ཁུལ་གྱི་གཙང་པོ་ཡངས་ཤིང་རྒྱ་ཆེ་ལ་ལང་ལོང་དུ་རྒྱུག་ཅིང་། ཧོང་ཉི་རི་བོ་དང་། མ་ཨན་རི་བོ། ལང་ཧྲན་རི་བོ། ཅན་ཧྲན་རི་བོ། ཅུན་ཧྲན་རི་བོ་བཅས་གཙང་པོའི་འགྲམ་དུ་འགྱིང་ངེར་གནས་པའི་རི་བོ་ལྔ་སྔོ་ལྗང་གོས་ཀྱིས་བརྒྱན་ཡོད་པ་དང་། གཙང་པོའི་ལམ་རྒྱུད་ཀྱི་སྤྱི་ལེ་14ནི་འབྲི་ཆུའི་ལྷོ་རྒྱུད་དུམ་བུའི་སྣོད་བཅུད་ལྟེ་བའི་ཁུལ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆུ་འགོ་གལ་ཆེན་ཞིག་རེད།
ཚེས་12ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཝུའུ་ཧྲན་ས་ཁུལ་གྱི་པིན་ཅང་ཡུག་ཁུལ་དུ་ཕེབས་ནས་ཝུའུ་ཧྲན་དང་དེ་བཞིན་གཙང་འགྲམ་ཁུལ་གྱི་སྣོད་བཅུད་སླར་གསོ་སྲུང་སྐྱོང་དང་འབྲི་ཆུའི་ཆུ་ཁོངས་སུ་ཉ་འཛིན་གཏན་འགོག་བྱེད་ཐབས་ལག་བསྟར་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། ནན་ཐུང་གིས་སྣོད་བཅུད་ལྗང་མདོག་བར་ཁྱམས་བསྐྲུན་པའི་བྱ་ཐབས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་གཙང་འགྲམ་རྒྱུད་དུ་ཞབས་ཐང་མར་པིན་ཅང་གི་སྣོད་བཅུད་ཁོར་ཡུག་ལ་གཟིགས་ཞིབ་གནང་ནས་ས་གནས་ཀྱིས་འབྲི་ཆུའི་སྨད་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བའི་སྐོར་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་སྣོད་བཅུད་ཁོར་ཡུག་ལ་མ་འཇོག་བྱེད་པ་དེ་ནི་དོན་མེད་ཀྱི་མ་འཇོག་ཅིག་དང་གོ་མ་ཆོད་པའི་མ་འཇོག་ཅིག་མིན་པར་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་མ་འཇོག་ཅིག་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་ཀྱི་ཕན་འབྲས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ནས་སྣོད་བཅུད་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དེ་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
གཙང་འགྲམ་དུ་འཆམ་འཆམ་བྱེད་བཞིན་པའི་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་མཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས། ཚང་མར་ལོ་40ལྷག་ཙམ་གྱི་གོང་དུ་ང་ཝུའུ་ཧྲན་ས་ཁུལ་དུ་ཡོང་མྱོང་ཡོད་ལ་ས་གནས་དེའི་ཟིལ་རླབས་ཆེ་བའི་གཙང་པོས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ད་ཆ་བཅོས་སྒྲིག་བྱས་པ་བརྒྱུད། སྔོན་ཆད་བཙོག་ཟིང་ཞན་གསུམ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་མི་རྣམས་ཀྱིས་བརྗེད་པར་དཀའ་བའི་པིན་ཅང་སྣོད་བཅུད་སྤྱི་གླིང་ཞིག་ཏུ་གྱུར་ཡོད། ཚང་མ་འདི་ལྟ་བུའི་གྲོང་ཁྱེར་ནང་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་བདེ་སྐྱིད་ཅིག་རེད། བདེ་སྐྱིད་ནི་ཁྱེད་ཚོས་མཉམ་དུ་འབད་འཐབ་དང་ལག་གཉིས་ཀྱིས་གསར་གཏོད་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་གྲོང་ཁྱེར་ནི་དེང་རབས་ཅན་གྱི་གཞི་རྟེན་གལ་ཆེན་ཞིག་རེད་ལ། མི་འབོར་ཆེས་གཅིག་སྡུད་དང་སྦགས་བཙོག་འབུད་ཚད་ཆེས་གཅིག་སྡུད་ཀྱི་ས་ཆ་ཞིག་རེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་གྱི་ཐོན་སྐྱེད་བར་མཐོངས་དང་། འཚོ་བའི་བར་མཐོངས། སྣོད་བཅུད་བར་མཐོངས་བཅས་འཆར་འགོད་ལུགས་མཐུན་བྱས་ཏེ་གྲོང་ཁྱེར་གྱི་ཐོན་སྐྱེད་འཚོ་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་ལ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་གཏོང་དགོས། མིག་སྔར། མངའ་ཁོངས་ཕྱིར་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་གནོན་ཤུགས་ད་དུང་ཧ་ཅང་ཆེན་པོ་ཡོད། ཚང་མས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་མུ་མཐུད་དོན་འཁྱོལ་བྱས་ཏེ་རིམས་ནད་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝུའུ་ཧྲན་ས་ཁུལ་གྱི་པིན་ཅང་ཡུག་ཁུལ་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་གིས་ནན་ཐུང་རྟེན་རྫས་བཤམས་མཛོད་ཁང་དུ་བརྟག་ཞིབ་གནང་ཞིང་། ཀྲང་ཅན་ནི་ཉེ་རབས་རང་རྒྱལ་གྱི་གྲགས་ཅན་ཁེ་ལས་མཁས་ཅན་དང་སློབ་གསོ་མཁས་ཅན་ཞིག་ཡིན་པ་དང་ཁོང་གིས་ཀྲུང་གོའི་ཉེ་རབས་ཀྱི་མི་རིགས་བཟོ་ལས་དར་རྒྱས་དང་། སློབ་གསོ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོང་གིས་གཉེར་བའི་ནན་ཐུང་དངོས་མང་རྟེན་རྫས་བཤམས་མཛོད་ཁང་ནི་རང་རྒྱལ་གྱི་སྤྱི་པའི་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ཡིན་པ་དང་དེའི་ནང་ད་ཆ་ལོ་རྒྱུས་རིག་དངོས་དང་། དམངས་སྲོལ་དངོས་རྫས། རང་བྱུང་དངོས་དཔེ་སོགས་དངོས་རྫས་སྣ་ཁ་ཁྲི་5ལྷག་ཙམ་ཉར་ཚགས་བྱས་ཡོད། ཞི་ཅིན་ཕིང་གིས་རྟེན་རྫས་བཤམས་མཛོད་ཁང་གི་ལོ་རྒྱུས་ལྡན་པའི་སྐྲུན་དངོས་ལ་གཟིགས་པ་དང་འབྲེལ། ཀྲང་ཅན་གྱི་བཞུགས་གནས་རྙིང་པའི་འགྲེམས་སྟོན་ཁང་དུ་ཕེབས་ནས་ཀྲང་ཅན་གྱིས་ཁེ་ལས་གཉེར་བ་དང་། སློབ་གསོ་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གཉེར་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ས་གནས་དེ་གའི་ཁེ་ལས་མཁས་ཅན་གྱི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། སྤྱི་ཚོགས་ཀྱི་འགན་འཁྲི། འབད་འཐབ་ཀྱི་སྙིང་སྟོབས་སོགས་སྐྱེད་སྲིང་བྱས་ཚུལ་གྱི་ངོ་སྤྲོད་ཀྱང་གསན་པ་རེད། ཞི་ཅིན་ཕིང་གིས་ང་ད་ཐེངས་ཆེད་མངགས་ནན་ཐུང་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དུ་ཀྲང་ཅན་གྱིས་ཁེ་ལས་གཉེར་བ་དང་སློབ་གསོ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གཉེར་བའི་གནས་ཚུལ་ཤེས་རྟོགས་བྱེད་པར་ཡོང་བ་ཡིན། སྐབས་དེ་དུས་ཀྱི་ནང་རྩོད་ཕྱི་འཁྲུག་གི་དུས་བབ་འོག ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་པའི་ཤེས་ཡོན་ཅན་ཞིག་ཡིན་པའི་ཀྲང་ཅན་ལ་རྗེས་ལུས་ཐེབས་ན་རྡུང་རྡེག་ཕོག་ངེས་ཡིན་པ་དང་། ཁེ་ལས་་གཉེར་ན་གཞི་ནས་རྒྱལ་ཁབ་སྐྱོབ་ཐུབ་པའི་གནས་ལུགས་ཤེས་རྟོགས་བྱུང་ནས། སྔོན་ཐོན་ལག་རྩལ་དང་གཉེར་སྐྱོང་འདུ་ཤེས་ནང་འདྲེན་ཧུར་ཐག་བྱེད་པ་དང་། དངོས་སྒྲུབ་རྒྱལ་དར་དང་ལག་ལེན་དངོས་སུ་བསྟར་འགོ་བརྩམས་ཏེ། ཁེ་ལས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་སྤྱི་ཕན་བཅས་ཀྱི་བྱ་གཞག་རབ་དང་རིམ་པ་གཉེར་ནས། མང་ཚོགས་ལ་རོགས་རམ་དང་ཕ་ཡུལ་ལ་བདེ་སྐྱིད་བསྐྲུན་ཡོད་པས། ཁོང་ནི་རང་རྒྱལ་གྱི་མི་རིགས་ཁེ་ལས་མཁས་ཅན་གྱི་མིག་དཔེ་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་ཁེ་ལས་མཁས་ཅན་འཚར་ལོངས་ཡོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། དམངས་གཉེར་ཁེ་ལས་མཁས་ཅན་ཕྱུག་པོ་ཆགས་རྗེས་མིག་ལྟོས་ཡར་འདྲེན་བྱེད་པ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་སེམས་འཆང་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་རོགས་རམ་བྱེད་པའི་ནུས་པ་འདོན་པ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཕན་གྱི་བྱ་གཞག་གཉེར་བའི་ནང་ཧུར་ཐག་ཞུགས་ཡོད། གསར་གཏོད་བྱེད་ཕོད་པ་དང་། འབད་འཐབ་ཧུར་ཐག་བྱེད་པ། རྩེར་སོན་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ནན་ཐུང་རྟེན་རྫས་བཤམས་རྫོས་ཁང་དང་ཀྲང་ཅན་གྱི་བཞུགས་གནས་རྙིང་པ་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བརྩིས་ནས་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་དང་གཞོན་ནུ་ལོ་ཆུང་ལ་སློབ་གསོ་ཐེབས་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚེས་13ཉིན། ཞི་ཅིན་ཕིང་དབྱང་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་པ་རེད། གནའ་བོའི་མིས་བཟོས་གཙང་པོའི་དབྱང་ཀྲོའུ་དུམ་བུ་ནི་མིས་བཟོས་གཙང་པོ་ཧྲིལ་པོའི་ནང་གི་ཆེས་གནའ་བོའི་དུམ་བུ་ཞིག་ཡིན་པ་དང་། དབྱང་ཀྲོའུ་ནི་ཀྲུང་གོའི་གནའ་བོའི་མིས་བཟོས་གཙང་པོའི་དེ་སྔའི་གནས་ཡུལ་གྲོང་ཁྱེར་ཡིན་ལ། འབྲི་ཆུའི་དཔལ་འབྱོར་རྒྱུད་དང་མིས་བཟོས་གཙང་པོ་ཆེན་པོའི་རིག་གནས་རྒྱུད་འདྲེས་མཚམས་ཀྱི་གྲོང་ཁྱེར་ཞིག་ཀྱང་རེད། མིས་བཟོས་གཙང་པོའི་སན་དབན་སྣོད་བཅུད་རིག་གནས་སྤྱི་གླིང་དུ་ཞི་ཅིན་ཕིང་གིས་མིས་བཟོས་གཙང་པོ་ཆེན་པོའི་ལམ་རྒྱུད་ཀྱི་ཁོར་ཡུག་བཅོས་སྒྲིག་དང་། སྣོད་བཅུད་སླར་གསོ། དེང་རབས་མཚོ་ཐོག་སྐྱེལ་འདྲེན་དཔེ་སྟོན་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཉེ་བའི་ལོ་ཤས་རིང་། སྒྲིག་འགལ་འཛུགས་སྐྲུན་གཙང་བཤེར་དང་ཆུ་རྒྱུད་ཆུ་ལམ་གཤོང་བ་སོགས་བཅོས་སྒྲིག་བྱས་པ་བརྒྱུད་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཞི་ཅིན་ཕིང་མིས་བཟོས་གཙང་པོའི་སན་དབན་དུམ་བུའི་ངོགས་སུ་ཞབས་ཐང་མར་ཕེབས་ནས། མིས་བཟོས་གཙང་པོའི་སྣོད་བཅུད་བར་ཁྱམས་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། མིས་བཟོས་གཙང་པོའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ལ་ཐོབ་པའི་གྲུབ་འབྲས་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་གྲུ་ཁར་གྲོང་མི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས་དབྱང་ཀྲོའུ་ནི་ས་ཆ་ཡག་པོ་ཞིག་རེད། ཆུ་དང་བསྟུན་ནས་བསྐྲུན་པ་དང་། ཆུ་ལ་བརྟེན་ནས་དར་རྒྱས་བྱུང་བ། ཆུ་ལ་བརྟེན་ནས་མཛེས་སྡུག་ལྡན་པས་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གལ་ཆེན་ཞིག་རེད། ལོ་ངོ་སྟོང་ཕྲག་རིང་། མིས་བཟོས་གཙང་པོས་ངོགས་གཉིས་ཀྱི་གྲོང་ཁྱེར་དང་མི་དམངས་གསོ་སྐྱོང་བྱས་པས། མིས་བཟོས་གཙང་པོའི་ངོགས་གཉིས་ཀྱི་མི་དམངས་ཀྱི་ཕྱུག་འགྱུར་ཆུ་བོ་དང་བདེ་སྐྱིད་ཀྱི་ཆུ་བོ་རེད། ཚང་མས་ཐུན་མོང་ཐོག་མིས་བཟོས་གཙང་པོར་སྲུང་སྐྱོང་ཡག་པོ་བྱས་ནས་མིས་བཟོས་གཙང་པོས་ནམ་ཡང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་རེ་བ་ཡོད་ཅེས་གསུངས་པ་རེད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བ། གཞོན་ནུ་ལོ་ཆུང་གི་སྐྱོན་བྲལ་འཚར་ལོངས་བཅས་དང་འབྲེལ་བ་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་རེད་ལ། རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་རེ་འབོད་ཀྱང་རེད། མིས་བཟོས་གཙང་པོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྲགས་ཅན་སྲུང་སྐྱོང་དང་སླར་གསོ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ། མིས་བཟོས་གཙང་པོའི་མཚོ་ཐོག་སྐྱེལ་འདྲེན་ཕྱོགས་སྒྱུར་རིམ་སྤོར་བཅས་དང་གཅིག་གྱུར་ཡོང་བར་བྱས་ནས། མིས་བཟོས་གཙང་པོའི་རྒྱུད་ཀྱི་ས་ཁོངས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་ལ་དགེ་མཚན་ལྡན་པའི་ཆ་རྐྱེན་སྐྲུན་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཅང་ཏུའུ་ཆུ་བེད་ལྟེ་གནས་སུ་ཕེབས་པ་རེད། ཅང་ཏུའུ་ཆུ་བེད་ལྟེ་གནས་ནི་ལྷོ་ཆུ་བྱང་འདྲེན་ཤར་ལམ་ལས་གྲྭའི་ཆུ་འགོ་རེད་ལ། མིག་སྔར་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་ཤུགས་ཞིང་ནང་ཆུ་བེད་ལས་གྲྭ་དང་ཨེ་ཤེ་ཡའི་བཤེར་འཐེན་ས་ཚིགས་ལྟེ་གནས་ཆེ་ཤོས་ཀྱང་རེད། ཞི་ཅིན་ཕིང་འགྲེམས་ཁང་དུ་ཕེབས་ནས་ལྷོ་ཆུ་བྱང་འདྲེན་གྱི་ཤར་ལམ་ལས་གྲྭ་དང་ཅང་ཏུའུ་ཆུ་བེད་ལྟེ་གནས་ཀྱི་ཆེད་དོན་གློག་བརྙན་ལ་གཟིགས་པ་དང་། ས་བབ་མཚོན་བྱེད་ཀྱི་བྱེ་གཞོང་དང་ཟུང་འབྲེལ་གྱིས་ལྷོ་ཆུ་བྱང་འདྲེན་གྱི་ཤར་ལམ་ལས་གྲྭ་འཛུགས་སྐྲུན་འཁོར་སྐྱོད་ཀྱི་གནས་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཁོང་གིས་ཆུ་འཐེན་ས་ཚིགས་བཞི་པར་ཕེབས་ནས་ཆུ་འཐེན་འཕྲུལ་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ལྟ་དཔྱད་ཚད་འཇལ་ལས་སྟེགས་སུ་ལས་དོན་མི་སྣས་ཞི་ཅིན་ཕིང་ལ་བླངས་མ་ཐག་པའི་ཆུ་དཔེ་བསྟན་པ་དང་འབྲེལ། ས་གནས་དེ་གས་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཀྱང་ཞུས་པ་རེད།
ཅང་ཏུའུ་ཆུ་བེད་ལྟེ་བའི་འགྲེམས་སྟོན་ཁང་དུ་ཞི་ཅིན་ཕིང་གིས་ཕེབས་ཀྱིན་གཟིགས་ཀྱིན་དུ་ཆུ་བེད་ལྟེ་བའི་འཕེལ་རྒྱས་འཛུགས་སྐྲུན་གྱི་ལོ་རྒྱུས་དང་། ཆུ་འདྲེན་དང་། འཁྱིལ་ཆུ་ཕྱིར་འབུད། ཆུ་ལོག་གཤོང་བ། མཚོ་ལམ་ཤར་གཏོང་། སྣོད་བཅུད་ཁོར་ཡུག་ལེགས་བཅོས་སོགས་ཀྱི་ནུས་པ་འདོན་སྤེལ་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས“བྱང་དཀོན་ལྷོ་འབེལ”ནི་རང་རྒྱལ་གྱི་ཆུའི་ཐོན་ཁུངས་ཁྱབ་ཚུལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱིས་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་བྱེད་དོན་ནི། ཆུའི་ཐོན་ཁུངས་ལ་ཚན་རིག་དང་མཐུན་པའི་སྙོམས་སྒྲིག་བྱས་ཏེ་ལྷོ་བྱང་དོ་མཉམ་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་འདི་རེད། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ལས་གྲྭའི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་འཆར་འགོད་དང་འཛུགས་སྐྲུན་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་ནས། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ལས་གྲྭ་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན། གཙང་པོ་དང་མཚོའི་སྣོད་བཅུད་ཁོར་ཡུག་སླར་གསོ། ལྷོ་བྱང་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་སྲོག་རྩ་བཅས་སུ་འགྱུར་བའི་འགན་ལེན་བྱེད་དགོས། ལྷོ་ཆུ་བྱང་འདྲེན་ལས་གྲྭ་ལག་བསྟར་བྱེད་པ་བྱང་ཕྱོགས་ས་ཁུལ་གྱི་ཆུ་གྲོན་ཆུང་དང་སྤྱི་འདོམས་བྱེད་པ་དང་། ཆུ་འདྲེན་པ་དང་ཆུ་གྲོན་ཆུང་བྱེད་པ་གཉིས་ཀར་དམ་འཛིན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཅིག་ནས་བྱང་ཕྱོགས་སུ་ཆུ་འདྲེན་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་བྱང་ཕྱོགས་ས་ཁུལ་གྱིས་དོན་དངོས་གཞིར་བཟུང་། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་ཆུ་ལ་བརྟེན་ནས་ལས་རིགས་གཏན་འཁེལ་མཐའ་འཁྱོངས་བྱས་ཏེ་ཆུ་གྲོན་ཆུང་བྱེད་པ་ལས་གང་བྱུང་དུ་ཆུ་སྤྱོད་ཚད་ཆེ་རུ་གཏོང་མི་རུང་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ལས་གྲྭར་ཐོབ་པའི་གྲུབ་འབྲས་གལ་ཆེན་ནི་འཛུགས་སྐྲུན་པ་ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་ཡུན་རིང་དཀའ་སྤྱད་ངལ་རྩོལ་བྱས་པ་དང་ཁ་འབྲལ་ཐབས་མེད་ལ་ལམ་རྒྱུད་ཀྱི་གནས་སྤོས་ཡུལ་མི་ཁྲི་40ཡིས་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་ཡང་ཁ་འབྲལ་ཐབས་མེད། ཆུ་བེད་ལྟེ་གནས་སྒྲིག་བཀོད་ཆེ་གྲས་དང་ཅང་ཏུའུ་ཆུ་བེད་ལྟེ་གནས་འགྲེམས་སྟོན་ཁང་ལ་བརྟེན་ནས། རྒྱལ་ཁབ་ཀྱི་གནས་ཚུལ་དང་ཆུའི་གནས་ཚུལ་སྐོར་གྱི་སློབ་གསོ་ཧུར་ཐག་སྤེལ་ནས། ལས་བྱེད་པ་དང་མང་ཚོགས་སྤྱི་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཆུའི་ཐོན་ཁུངས་གྲོན་ཆུང་དང་ཆུའི་སྣོད་བཅུད་སྲུང་སྐྱོང་བྱེད་པའི་བསམ་བློའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གནོད་མེད་ཅན་ལ་ཕྱོགས་སྒྱུར་གང་མགྱོགས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།