“ཁང་པ་གོག་ཧྲུལ་དུ་གྱུར་ནས་གྱང་ལ་སེར་ཁ་ཆེན་པོ་གས་པ”དང་། “སྒལ་པར་ཆུ་ཟོམ་ཁུར་ནས་རི་སྟེང་ནས་ཆུ་ལེན་པ”“ཡོང་འབབ་གསོག་དཀའ་བ་དང་དངུལ་ཡོད་ཀྱང་ཅ་ལག་ཉོ་མི་ཐུབ་པ”སོགས་ནི་དེ་སྔ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དཀར་མཛེས་རྫོང་བྱེ་གསེར་ཤང་དབྱར་ནང་གྲོང་ཚོའི་གྲོང་མི་སྨི་ཧྥུང་ཁྱིམ་གྱི་གནས་ཚུལ་རེད།
ད་ཆ་སྨི་ཧྥུང་གི་སྡོད་ཁང་གསར་པ་གནས་སའི་དཀར་མཛེས་རྫོང་སྲིབ་ངོ་ཤང་རྒྱུད་བཟང་ལུང་ཤུར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་སུ་སྐྱོད་སྐབས། རྒྱ་ཆེ་བའི་གཞུང་ལམ་དང་། གཙང་ཞིང་གྲལ་སྒྲིག་པའི་སྡོད་ཁང་། ཆ་ཚང་བའི་ཆུ་གློག རྒྱང་རིང་གི་གངས་རི་བཅས་ལས་ས་མཐོའི་བྱིས་སྒྲུང་གི་གྲོང་རྡལ་ཆུང་ངུ་ཞིག་ལྟར་སྣང་།
སྟོན་གྱི་ཟླ་10པར། “མི་རིགས་མཐུན་སྒྲིལ་གྱི་ཏང་དར་དམར་པོའི”དྲ་སྦྲེལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སི་ཁྲོན་ས་ཚིགས་ཀྱི་བཅར་འདྲིའི་བྱེད་སྒོ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་སྤེལ་བ་དང་། དེ་ནི་དཀར་མཛེས་རྫོང་དང་སེར་ཤུལ་རྫོང་སོགས་སུ་བསྐྱོད་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྣེ་ཁྲིད་བྱེད་པ་སོགས་ལ་བཅར་འདྲི་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
“ཆུ་གློག་དཀོན་པ་དང་། བུ་ཕྲུག་སློབ་གྲྭར་སྐྱོད་ཁག་པ། སྨན་བཅོས་འཕྲོད་བསྟེན་རྗེས་སུ་ལུས་པ། འགྲིམ་འགྲུལ་ཆ་རྐྱེན་རྗེས་སུ་ལུས་པ་བཅས་དེ་སྔོན་གྱི“དཀའ་སྡུག་ཆེ་བའི་འཚོ་བ”དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་བསྡུར་ནས་གླེང་སྐབས། སྨི་ཧྥུང་གི་བཟའ་ཟླ་གཡུ་དགའ་ལྷ་མོ་རང་དབང་མེད་པར་མིག་ཆུ་ཤོར་བ་དང་། དེང་གི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་ཁོང་གི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།
“ཉེ་འགྲམ་དུ་སློབ་གྲྭ་དང་སྨན་ཁང་ཡོད་པ་མ་ཟད། ད་དུང་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་པོ་ཡོད”ཅེས་གཡུ་དགའ་ལྷ་མོས་གསར་འགོད་པར་ཁོང་ཚོའི་ཁྱིམ་ཚང་སྤོས་པའི་གནས་ཚུལ་ངོ་སྤྲོད་བྱས། དེ་གར་སྤོས་ནས་ལོ་ཁ་ཤས་སོང་བའི་གཡུ་དགའ་ལྷ་མོས་ཁྱིམ་དེར་ཧ་ཅང་དགའ་པོ་བྱེད་ཅིང་། ཁོང་གིས“ཟ་ལག་བཟོ་བ་དང་གཟུགས་པོ་བཀྲུ་བར་ཆུ་ཚ་པོ་འདང་ངེས་འདུག”ཅེས་བརྗོད།
སྨི་ཧྥུང་ནི་རྒྱ་རིགས་དང་བཟའ་ཟླ་གཡུ་དགའ་ལྷ་མོ་ནི་བོད་རིགས་ཡིན་པ་དང་། ཁོང་གཉིས་པོ་དུས་རབས་གོང་མའི་ལོ་རབས་90པའི་ནང་ངོ་ཤེས་ཤིང་། “སྐབས་དེ་དུས་དཔལ་འབྱོར་ཆ་རྐྱེན་ཧ་ཅང་སྐྱོ་བས། ཕ་ཡུལ་ཧོ་ནན་ནས་ཕྱིར་གླ་པ་རྒྱུག་པར་ཡོང་བ་ཡིན། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དེ་གའི་ཆ་རྐྱེན་དེ་བས་ཞན་པ་འདུག ”ཕ་ཡུལ་དང་ཁ་བྲལ་ཏེ་ལོ་30ལྷག་ཙམ་སོང་ནས་འདི་ལོ་ལོ་62ལ་སླེབས་པའི་སྨི་ཧྥུང་གིས་ལོ་དེ་དག་རིང་གི་དཀར་མཛེས་ཀྱི་འཕོ་འགྱུར་གྱི་དཔང་པོ་བྱེད་ཐུབ་པ་དང་ཁོང་ཡང་དེ་གའི་འཚོ་བར་ཧ་ཅང་དགའ་པོ་ཡོད།
བོད་བཟོའི་སྲོལ་རྒྱུན་གྱི་ནང་ཆས་བསྒྲིགས་པ་དང་མགྲོན་བསུ་ཁང་དུ་ཡུལ་ལྗོངས་རི་མོ་བཀལ་བས་བོད་རྒྱ་ཟུང་འབྲེལ་གྱི་ཁྱིམ་ཚང་ལ་དྲོ་སྐྱིད་དང་བདེ་སྐྱིད་ཀྱི་རྣམ་པ་ལྡན་ཡོད། 2018ལོར་སྨི་ཧྥུང་ནང་མི་དེ་གར་སྤོས་རྗེས་ཡུལ་ལྗོངས་རི་མོ་ཁ་ཤས་ཉོས་ཡོད། བཟའ་ཟླ་གཡུ་དགའ་ལྷ་མོས། ཁོང་ཡིག་གཟུགས་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་དགའ་པོ་ཡོད་པས་རྒྱུན་དུ་ཡིག་གཟུགས་སྦྱོང་བ་དང་གསར་འགྱུར་ལྟ་གི་འདུག་ཅེས་བརྗོད།
སྨི་ཧྥུང་གཞོན་དུས་གྲིབ་སྐྱོན་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར་མོད། འོན་ཀྱང་ཁོང་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ཁོང་གིས་འཚོ་བར་འཁང་ར་དང་སྐྱོ་སྣང་སྐྱེ་བ་མཐོང་རྒྱུ་མི་འདུག ཁོང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས། གནའ་དེང་བསྡུར་ཐབས་བྲལ་ཡོད་ཅེས་བརྗོད། སྐབས་འགར་ཁོང་གིས་རྒྱལ་སྤྱིའི་གསར་འགྱུར་དང་མི་ཚེའི་མཚན་ཉིད་རིག་པའི་སྐོར་ཡང་ཏོག་ཙམ་ཤོད་ཀྱི་འདུག ཆུ་ཚོད་5ལྷག་ཙམ་རླངས་འཁོར་ལ་བསྡད་རྗེས་གཞི་ནས་གྲོང་ཚོར་སླེབས་པ་དང་སྨི་ཧྥུང་ནང་མིས་ཚང་མར་བསམ་ཡུལ་ལས་འདས་པའི་སྤྲོ་སྣང་སྦྱིན།
ལོ་30ལྷག་ཙམ་རིང་སྨི་ཧྥུང་ཁྱོ་ཤུག་གཉིས་ཀྱིས་ཕན་ཚུན་ལྟ་རྟོག་དང་ཧ་ཅང་འཆམ་མཐུན་ངང་འཚོ་བ་བསྐྱལ་ཞིང་། ད་ཆ་ཕྲུ་གུ་གཉིས་ཀྱང་དར་མ་ཆགས་པ་དང་འཚོ་བ་ཡང་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། བཟའ་ཟླ་གཡུ་དགའ་ལྷ་མོ་མེ་ཏོག་འདེབས་རྒྱུར་དགའ་བ་དང་སྒོ་རའི་ནང་བཏབ་པའི་མེ་ཏོག་དག་རབ་ཏུ་བཞད་ཅིང་། སྨི་ཧྥུང་གིས་ཁྱིམ་གྱི་སྒོ་ཁར་དྲོད་ཁང་ཞིག་བརྒྱབ་ནས་ས་མཐོའི་སྔོ་ཚལ་བཏབ་པར་སྔོ་ཐིང་ཐིང་གི་རྣམ་པས་ཁེངས།
དཀར་མཛེས་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་དབྱང་ཀྲི་ཀང་གིས། བཀོད་སྒྲིག་ས་ཚིགས་དེའི་ཉེ་འགྲམ་གྱི་སྨི་100ཡི་སར། ཐག་རིང་ལུང་ཁུག་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་གྲྭ་བཙུགས་ཡོད་པ་དང་། སྨི་500ཡི་སར་དཀར་མཛེས་རྫོང་ཀྲུང་ལུགས་སྨན་ཁང་དང་སྨན་རྩིས་ཁང་བསྐྲུན་ཡོད་པས། ཁོང་ཚོའི་བུ་ཕྲུག་སློབ་གྲྭར་སྐྱོད་པ་དང་ནད་གཞི་ལྟ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། 2016ལོ་ནས་བཟུང་། དཀར་མཛེས་རྫོང་གིས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་ས་ཁོངས་7འཆར་འགོད་བྱས་ནས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ཤུགས་ཆེན་སྤེལ་བ་དང་། རིམ་རྩིས་ལྟར་ན། མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་ལོ་གཉིས་ཀྱི་དུས་ཚོད་ནང་དུད་ཚང་807གྱི་མི་3547གནས་སྤོས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།
གཞན་ཡང་། སྨི་ཧྥུང་གིས། ད་དུང་རྒྱལ་ཁབ་ཀྱིས་ང་ཚོར་ཁ་གསབ་རོགས་དངུལ་སྣ་ཚོགས་སྤྲད་པ་དང་། ས་གནས་དེ་གའི་སྲིད་གཞུང་གིས་ངའི་བཟའ་ཟླ་དང་ཕྲུ་གུའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པས། ལོ་ལྟར་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་ཁ་ཤས་རག་གི་འདུག འབྱུང་འགྱུར། ད་དུང་ས་གནས་དེ་གས་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་བཏང་ནས། མི་སེར་རྣམས་སྒོ་འགྲམ་ནས་བགོ་འགྲེམས་ཡོད་པ་དང་ཡོང་འབབ་རག་པ་བྱེད་རྒྱུ་རེད་ཅེས་གསར་འགོད་པར་བརྗོད་བྱུང་།
ད་ཆ་གྲོང་ཚོའི་ཏང་ཀྲི་པུས་བྱེད་སྒོ་སྣ་ཚོགས་སྤེལ་ནས། “གྲོང་པ་ཁྱིམ་མཚེས་རོགས་རེས་རུ་ཁག”དང“རྩལ་ནུས་ཆེར་གཏོང་རུ་ཁག”“ཁོར་ཡུག་སྲུང་སྐྱོང་རུ་ཁག”“རིག་རྩལ་རུ་ཁག”བཅས་བཙུགས་ནས་གཞི་རིམ་གྱི་ལས་དོན་ལ་ཞབས་འདེགས་ཞུ་གི་ཡོད་པས། གཞི་རིམ་ཏང་ཡོན་གྱི་ཞུགས་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་ནས། མི་སེར་ལ་དཀའ་ངལ་གང་འཕྲད་ཀྱང་འཕྲལ་མ་ཉིད་དུ་ཏང་ཡོན་འཚོལ་བ་བརྒྱུད། གནས་སྤོས་དུད་ཚང་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཚོ་བ་སྐྱིད་པོ་བྱུང་ནས་ཏང་འཛུགས་སྐྱོང་གི་ནུས་པ་འབུར་དུ་ཐོན་ཡོད་པ་རེད།