ཟླ11པའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ནས་མགོ་འཛིན་མཛད་དེ་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ནས་འགོ་འཛིན་མཛད་དེ་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཛོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ས་ཁུལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཐོག་མར་ལྗང་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ལ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་མཚོན་གསར་བ་གསར་སྐྲུན་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཤུགས་སྣོན་པར་མ་ཟད། གསར་སྐྲུན་ལ་འདེད་སྐུལ་བམ་འཕེལ་རྒྱས་ཀྱི་གནས་བབ་གསར་བ་གསར་སྐྲུན་བྱེད་པ་དང་། རི་ཆུ་དང་མི་སྡོད་གྲོང་ཁྱེར་འཆམ་མཐུན་མཉམ་གནས་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱས་ནས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་དེ་རང་རྒྱལ་གྱི་སྐྱེ་ཁམས་ཐོག་མར་ལྗང་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་གཡུལ་ས་གཙོ་བོ་དང་རྒྱལ་ནང་དང་རྒྱལ་སྤྱི་ཕྱོགས་གཉིས་ཀར་འཁོར་སྐྱོད་བྱེད་ཐུབ་པའི་འཕར་རྩ་གཙོ་བོ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་པའི་གཙོ་ཤུགས་དམག་དཔོན་དུ་འགྱུར་བར་བྱེད་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་མཛད་ཚར་རྗེས་ཆེད་དུ་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུས་པ་རེད། བཞུགས་མོལ་ཚོགས་འདུའི་སྟེང་། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རོན་ཆིག ཆུ་བེད་པུའུ་ཡི་པུའུ་ཀྲང་ཨུ་ཅིན་ཕེན། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཧྥུའུ་སོགས་བློ་མཐུན་བདུན་གྱིས་སྔ་གཞུག་ཏུ་གཏམ་བཤད་ནས། བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་བསམ་འཆར་དང་གྲོས་གཞི་བཏོན། བཞུགས་མོལ་ཚོགས་འདུར་ཞུགས་པའི་ཞིང་ཆེན་དང་གྲོང་ཁྱེར་གཞན་པའི་འགན་འཁུར་པ་གཙོ་བོས་ཡིག་ཐོག་གི་གཏམ་བཤད་སྤྲད།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ལོ་ལྔའི་རིང་ལ། ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་སྒྱུར་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་འགྱུར་ལྡོག་གསར་བ་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤྱིར་བཏང་དུ་བརྟན་བརླིང་ཡིན་པ་དང་གྲུབ་ཚུལ་ལེགས་སྒྱུར་བྱས་ཡོད་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་བ་དང་། འཕེལ་རྒྱས་ཁྲོད་དུ་སྲུང་སྐྱོབ་དང་སྲུང་སྐྱོབ་ཁྲོད་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས། ལྷག་པར་དུ་ད་ལོའི་ཚུན་ལ། འབྲི་ཆུའི་འགྲམ་རྒྱུད་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་ནུས་ལྡན་སྒོས་ཁ་གཏད་འཇལ་ཞིང་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། ཆུ་ལོག་གི་གནོད་འཚེ་ཐེབས་པའི་ཤུགས་རྐྱེན་དང་ཕྱི་ཕྱོགས་ཁོར་ཡུག་འགྱུར་ལྡོག་གི་གནོད་པ་ཡོངས་སུ་བསལ་ནས། རང་རྒྱལ་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངོས་ཕུང་གཙོ་བོའི་ཁྲོད་དུ་ཐོག་མར་དཔལ་འབྱོར་འཕར་ཚད་སྔར་གསོ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བློ་མཐུན་དང་ལྷག་པར་དུ་ཏང་སྲིད་མགོ་ཁྲིད་པ་གཙོ་བོས་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་འཕེལ་རྒྱས་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ། བྱ་བ་སྣ་ཚོགས་ནན་ཏན་སྒོས་བསྒྲུབ་ནས་ཕན་འབྲས་བཟང་བོ་ལེན་དགོས། དེང་སྐབས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་ཚོད་འཛིན་བྱས་པའི་དཀའ་གནད་དང་གནད་དོན་གཙོ་བོར་དམིགས་ནས་ཞིབ་འཇུག་བྱེད་པ་དང་། གནས་ཚུལ་ངོ་མར་ཞིབ་བཤེར་བྱས་ནས་ཁ་གཏད་འཇལ་བའི་ཐབས་ཇུས་འདོན་དགོས། ཀྲུང་དབྱང་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཧུར་ཐག་སྒོས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ཁྲོད་ཞུགས་པ་དང་། མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་སོགས་ཀྱི་ཐད་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་དགོས་ཟེར།
ཧན་ཀྲིན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་དང་ཁྱབ་ཁོངས་ཡོངས་སུ་འབྲེལ་མཐུད་བྱེད་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་གྱི་ནུས་པ་བཏོན་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་གསར་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
ཏེན་ཞའོ་ཞང་དང་ལིག་ཧི། ཁྲིན་ཞི། ཞའོ་ཅེ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།