ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། མའོ་ཞི་ཁོའི་ནུབ་བྱང་ཕྱོགས་ཀྱི་ནཱ་ཡཱ་ལི་ཐི་ཀྲིག་གི་བདེ་འཇགས་སྡེ་ཁག་གིས་ཚེས་བཅུ་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཀྲིག་དེར་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།
སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་སྔ་དྲོར། སྣུམ་འདྲུད་རླངས་འཁོར་ཞིག་ནཱ་ཡཱ་ལི་ཐི་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཐི་ཕིས་ཁི་གྲོང་ཁྱེར་ནས་བཀའ་ཏཱ་ལཱ་ཧཱ་ལཱ་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་བགྲོད་སྐབས་གློ་བུར་དུ་ཚོད་འཛིན་བྱེད་ཐབས་བྲལ་ནས། གཞུང་ལམ་གྱི་འགོག་སྲུང་ལན་ཀན་ལ་ཐོ་བརྒྱབ་རྗེས་འགས་གཏོར་བྱུང་སྟེ། ཉེ་འདབས་ཀྱི་རླངས་འཁོར་ཆུང་བ་གཉིས་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་གཅིག་ལ་གཏོར་བརླག་ཚབས་ཆེན་ཐེབས་པར་མ་ཟད། རླངས་འཁོར་སྟེང་གི་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་བྱུང་སའི་གཞུང་ལམ་བཀག་སྡོམ་བྱས་ཏེ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།
གཞན་ཡང་བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ལས་སྣུམ་འདྲུད་རླངས་འཁོར་གྱི་ཉེ་སར་ཡོད་པའི་རླངས་འཁོར་བཅུ་ཕྲག་འགར་གཏོར་བརླག་ཐེབས་ཡོད་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ལས་བྱུང་བའི་འགས་གཏོར་གྱི་མེ་ལྕེ་རྨིད་བཅུ་ཕྲག་འགའི་མཐོ་ཚད་ཡོད་པ་དང་། སྣུམ་འདྲུད་རླངས་འཁོར་ལ་གཏོར་བརླག་ཚབས་ཆེན་ཐེབས་ནས་ལྷུ་ལག་སོགས་གང་སར་ལྷུང་ཡོད། རླངས་འཁོར་རེ་འགར་མེར་འཚིག་ནས་ལྕགས་ཀྱི་སྒྲོམ་གཞི་ཙམ་ལས་ལྷག་མེད།