གནམ་ཟླ་ཇེ་གྲང་དུ་སོང་བས། ཁྲུང་ཁྲུང་སྐེ་ནག་ཡང་གནས་སྤོ་བར་རན་སོང་། སྔོན་དཔག་བྱས་ན་ཟླ་འདིའི་ཚེས་20ཡས་མས་སུ། མཛོད་དགེའི་བརླན་སའི་ཁྲུང་ཁྲུང་སྐེ་ནག་གནས་སྤོ་བྱེད་འགོ་རྩོམ་རྒྱུ་རེད།
སི་ཁྲོན་མཛོད་དགེའི་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་ས་མཐོའི་བརླན་ས་ཆེ་ཤོས་དེ་རེད། ཁྲུང་ཁྲུང་སྐེ་ནག་སི་ཁྲོན་དུ་སྐྱེ་འཕེལ་འཚོ་གནས་བྱ་ཡུལ་གྱི་གྲས་ཤིག་ཀྱང་ཡིན། མིག་སྔར། ཁྲུང་ཁྲུང་སྐེ་ནག་མང་ཆེ་བའི་ཨ་མས་བྱ་ཕྲུག་སྐྱེས་ཡོད། ཁྲུང་ཁྲུང་དར་མ་གཉིས་ཀྱིས་ཁྲུང་ཁྲུང་ཆུང་ཆུང་གཅིག་གཉིས་ཤིག་ཁྲིད་དེ་དལ་གྱིས་ཉི་མར་ལྡེ་ཞོར་བརླན་སར་ཟས་འཚོལ་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་མཛོད་དགེ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་ཕྱོགས་འདུས་བྱེད་པའི་དུས་ཚོད་ནི་ཟླ་11པའི་ཟླ་སྟོད་རེད། སྔོན་དཔག་བྱས་ན་ཟླ་11ཚེས་20ཉིན་གྱི་གཡས་གཡོན་དུ་ཚང་མ་ཡུན་ནན་ཏ་ཧྲན་པའོ་དང་ཀུའེ་ཀྲོའུ་ཚའོ་ཧའེ་རུ་འཕུར་རྒྱུ་རེད།
ཁྲུང་ཁྲུང་སྐེ་ནག་གནས་སྤོའི་དུས་ཚོད་གནད་ལ་འཁེལ་བའི་ངང་ལྟ་ཞིབ་ཚད་ལེན་བྱ་ཆེད། སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣས་ཁྲུང་ཁྲུང་ཕྲུ་གུ་20ཡི་ལུས་ཐོག་ཏུ་GPSརྗེས་འདེད་ཡོ་ཆས་སྒྲིག་སྦྱོར་བྱས་པ་དང་GPSཡི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་11ཚེས་9ཉིན། ཁྲུང་ཁྲུང་སྐེ་ནག་གི་སྔོན་སྐྱོད་དཔུང་སྡེ་སྔ་རྗེས་སུ་ཀུའེ་ཀྲོའུ་ཚའོ་ཧའེ་དང་ཡུན་ནན་གྱི་ཏ་ཧྲན་པའོ་རུ་འབྱོར་བ་དང་། ད་ལོར་ཁྲུང་ཁྲུང་སྐེ་ནག་ལྷོ་ཕྱོགས་སུ་སྤོས་པ་དེ་སྔར་ལོ་ལས་ཉིན་10ཡས་མས་ཀྱིས་སྔ་བ་ཡོད།
ཁྲུང་ཁྲུང་སྐེ་ནག་དང་འཚོ་བའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཆེད། མཛོད་དགེའི་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དོ་དམ་སྲུང་སྐྱོང་མི་སྣ་30ལྷག་ཙམ་བཀོད་སྒྲིག་བྱས་ནས་དུས་བཀག་ལྟར་དོ་དམ་སྲུང་སྐྱོང་ས་ཚིགས་93ལ་སྐོར་སྐྱོད་ལྟ་ཞིབ་བྱས་པ་དང་། མིག་སྔར་རྫོང་ཡོངས་ཀྱི་མངའ་ཁོངས་སུ་ལྟ་ཞིབ་ཚད་ལེན་ཐུབ་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཉིས་སྟོང་ལས་བརྒལ་ཡོད།