༄༅།།སྦི་དམ་གྱི་ཁ་གཅོད་ལ་སོ་གྲངས་21ཡོད་པའི་རྒྱུ་མཚན་ཅི་ཡིན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-23



         སྦི་རག་ཤེལ་དམ་གྱི་ཁ་གཅོད་ལ་སོ་གྲངས་ག་ཚོད་ཡོད་དམ་ཟེར་ན་ལན་འདེབས་ཐུབ་མཁན་ཉུང་ཉུང་ཡིན་སྲིད།
         དྲང་པོར་བཤད་ན། རྒྱུན་དུ་མཐོང་ཐུབ་པའི་ཁ་གཅོད་ཆེ་མ་ཆུང་གསུམ་ཚང་མ་སོ་གྲངས་21ཅན་ཡིན། དམ་བེའི་ཁ་གཅོད་སོ་གྲངས་21ཅན་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན།

         སྔོན་ཆད། སོ་གྲངས་24རེ་ཡོད་པ་རེད།
         སྦི་རག་གི་དམ་བེའི་ཁ་གཅོད་ལ་སོ་གྲངས་23དང་24ཅན་ཡང་བྱུང་མྱོང་བ་མ་ཟད་དེ་རིགས་བདག་ཐོབ་རེ་ཞུ་ཡང་བྱེད་མྱོང་ཡོད། 
         དུས་རབས་19པའི་དུས་མཇུག་ཏུ། ཝེ་ལེན·ཕེ་ཐི་ཡིས་ཤེལ་དམ་གྱི་ཁ་གཅོད་སོ་གྲངས་24ཅན་གསར་གཏོད་བྱས་པ་མ་ཟད་ཆེད་ཁེའི་བདག་ཐོབ་རེ་ཞུ་བྱས། ཁོས་ཁ་གཅོད་ལ་ཤོག་བུའི་བར་ཆོད་བཟོས་ནས་བཏུང་བྱ་དང་ལྕགས་རིགས་ཁ་གཅོད་མི་རེག་པར་བྱས། ཕེ་ཐེ་ཡིས་སོ་གྲངས་24རེ་བཟོས་ན་ཁ་གཅོད་ཀྱིས་དམ་བེའི་ཁ་དམ་སྦྱར་བྱེད་ཐུབ་པ་ཤེས་ལ། སོ་གྲངས་24ཅན་དེ་ལས་རིགས་ཀྱི་ཚད་གཞིར་གྱུར་ཏེ། དུས་རབས་20པའི་ལོ་རབས་30པ་ཡས་མས་བར་བེད་སྤྱད་པ་རེད། 
         སོ་གྲངས་24ཅན་གྱི་ཁ་གཅོད་དེ་དག་དང་ཐོག་རྡོག་གནོན་འཕྲུལ་འཁོར་གྱིས་རེ་རེ་བཞིན་བཟོ་བ་ཡིན་མོད། བཟོ་ལས་ཅན་གྱི་འཕེལ་རིམ་དང་བསྟུན་ནས་འཕྲུལ་ཆས་ཅན་དུ་གྱུར་པ་རེད།  
         རང་འགུལ་འཕྲུལ་འཁོར་ཐོན་རྗེས། དམ་བེའི་ཁ་གཅོད་མཉེན་སྦུག་ཞིག་ཏུ་བཅུག་ནས་རང་འགུལ་གྱིས་སྒྲིག་སྦྱོར་བྱས་པ་རེད། འོན་ཀྱང་སྒྲིག་སྦྱོར་བྱེད་སྐབས་སོ་གྲངས་24ཅན་གྱིས་མཉེན་སྦུག་འགག་སླ་བ་ཤེས་རྟོགས་བྱུང་བས་སོ་གྲངས་23ཅན་དུ་བཅོས་པ་རེད་ལ།  རིམ་བཞིན་ད་ལྟའི་སོ་གྲངས་21ཅན་དུ་བཟོས་པ་རེད། 
         འཛམ་གླིང་ཡོངས་ཀྱི་ཆང་དམ་གྱི་ཁ་གཅོད་བཟོ་མཁན་ཁེ་ལས་ཨང་དང་པོ་ནི་དབྱི་ཐ་ལིའི་ཁེ་ལས་ཤིག་ཡིན་པ་དང་། ཨང་གཉིས་པ་ནི་ཀྲུང་གོའི་ཏིང་ཀྲུང་འཕྲུལ་ཆས་ཀུང་སི་ཡིན། ཀུང་སི་དེའི་ཆུ་ཚོད་གཅིག་གི་ཁ་གཅོད་ཐོན་ཚད་ཁྲི་30ཡིན་ལ། ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་པོར་བཟོ་པ་4ལས་དགོས་ཀྱི་མེད། 
         སོ་གྲངས་21ཅན་ལེགས་ཤོས་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། 
         ཁ་གཅོད་ཀྱི་སོ་གྲངས་21ཅན་འདིའང་མི་རྣམས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་བློ་གྲོས་ཀྱི་ཉིང་བཅུད་ལས་བྱུང་བ་ཞིག་ཡིན་པ་ལས། རང་འདོད་ལྟར་མང་བཟོ་ཉུང་བཟོ་བྱས་ཆོག་པ་ཞིག་གཏན་ནས་མིན།

         སྦི་རག་ནང་དུ་དབྱང་གཉིས་ཐན་རྫས་མང་པོ་ཡོད་པས། དེའི་དམ་བེའི་ཁ་གཅོད་ལ་མ་མཐའ་ཡང་ཆ་རྐྱེན་གཉིས་ཚང་དགོས་ཏེ། གཅིག་ནས་དམ་སྦྱར་རང་བཞིན་ལེགས་པོ་དགོས་པ་དང་། གཉིས་ནས་སོ་གྲངས་དམ་པོ་དགོས་པ། དེ་ཡང་དམ་བེའི་ཁ་གཅོད་རེ་རེའི་ལྟེབ་ཁ་དང་དམ་བེའི་ཁ་ཡི་ཐུག་ངོས་ཆེ་ཤོས་གྲུབ་ཐབས་བྱེད་དགོས་ཏེ།  ཁ་གཅོད་ཀྱི་སོ་གྲངས་དང་དམ་བེའི་ཁ་འཕྲད་པ་ཅི་ཙམ་མང་ན་དེ་ཙམ་གྱིས་ཁ་དམ་པ་མ་ཟད་ཁ་འབྱེད་ཀྱང་སླ་བ་ཡིན། སོ་གྲངས་21ཅན་ཆ་རྐྱེན་འདི་གཉིས་དང་འཚམ་པོ་ཡོད།
         དམ་བེའི་ཁ་གཅོད་ཀྱི་སོ་གྲངས་21ཡིན་པ་དེ་དེའི་ཁ་འབྱེད་ཆས་དང་ཡང་འབྲེལ་བ་ཡོད་དེ། 

         སྦི་རག་ནང་དུ་རླུང་གཟུགས་མང་པོ་འདུས་ཡོད་པས་ཁ་འབྱེད་སྐབས་དམ་བེའི་ནང་གི་རླུང་གནོན་སྙོམས་པོ་མ་བྱུང་ཚེ་མི་ལ་རྨས་སྐྱོན་བཟོ་ཉེན་ཡོད། དམ་བེའི་ཁ་འབྱེད་ཆས་གསར་གཏོད་བྱས་རྗེས་ཁ་གཅོད་ཀྱི་སོ་གྲངས་ལ་བཟོ་བཅོས་མང་པོ་བྱས་ཡོད་ལ། སོ་གྲངས་21ནི་ཆེས་བདེ་འཇགས་དེ་ཡིན། 
         དེས་ན་ད་ལྟ་ཁྱེད་ཀྱིས་མཐོང་བའི་སྦི་རག་ཤེལ་དམ་གྱི་ཁ་གཅོད་ཚང་མའི་སོ་གྲངས་21རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1