ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་འཚོགས་པ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-25


        ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུའི་ཐོག །ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་བྱས་ཏེ། སི་ཁྲོན་གྱི་བོད་འབྲེལ་ལས་དོན་གཏིང་ཟབ་ཞིབ་ཚགས་དང་ཏན་ཏིག་བསྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་རང་ཞིང་གི་བོད་འབྲེལ་ཁུལ་དང་རྫོང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་བསྟན། དབྱི་ལི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུའོ་ཙུ་ཕིང་ཚོགས་འདུར་ཞུགས།
        སྤྱི་ཟླ་11པའི་ཚེས་19ཉིན། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཚོགས་འདུར་ཞུགས་ཏེ་གསུངས་བཤད་གནང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་སི་ཁྲོན་གྱི་བོད་འབྲེལ་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ཏན་ཏིག་གིས་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་རང་ཞིང་གི་བོད་འབྲེལ་ཁུལ་དང་རྫོང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་གྱིས་བསྟན།  
        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁུའོ་ཙུ་ཕིང་ཚོགས་འདུར་ཞུགས།
        ཕེང་ཆིང་ཧྭ་ཡིས་གསུང་བཤད་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་ཟབ་མོ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོར་སྒྲུབ་པའི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གི་གསུང་བཤད་གལ་ཆེན་ལས། ཕྱོགས་ཡོངས་ནས་ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་ཡོད་པ་དང་། མིག་སྔའི་བོད་དོན་ལ་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་།  བོད་དོན་སྔར་བས་ཡག་པོར་བསྒྲུབ་རྒྱུའི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། བྱེད་ཕྱོགས་དང་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་པ། ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་བཀོད་སྒྲིག་གལ་ཆེན་གནང་སྟེ། དུས་གནས་རྟོགས་དཔྱོད་དང་ཁྱོན་ཡོངས་ཁོང་དུ་ཆུད་པ། བསམ་བློ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པས། མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ཏེ། དུས་རབས་གསར་པའི་བོད་དོན་དང་དེ་བཞིན་བོད་འབྲེལ་ལས་དོན་ཡག་པོར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་བོད་འབྲེལ་ལས་དོན་ལ་གཙིགས་མཐོང་ཆེན་པོ་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐེངས་མང་དུ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། སི་ཁྲོན་གྱི་བོད་འབྲེལ་ལས་དོན་ཡག་པོར་བསྒྲུབ་རྒྱུར་རེ་བ་ཆེན་པོ་བཅོལ་ཡོད་ལ་བླང་བྱ་གལ་ཆེན་ཡང་བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་ལྟེ་བའི་དོན་གནད་ཁོང་དུ་ཡང་དག་པར་ཆུད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་གྱི་བོད་འབྲེལ་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་དེ་བློ་རྩ་བརྟན་པོས་མདུན་དུ་བསྐྱོད་དགོས་ཞེས་བསྟན།
        ཕེང་ཆིང་ཧྭ་ཡིས། རང་ཞིང་གི་བོད་འབྲེལ་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་ཁོང་དུ་ཆུད་པ་དང་འཐབ་ཇུས་ཀྱི་ཐབས་ལམ་ཁ་གསལ་བཟོ་དགོས། ཀྲུང་དབྱང་གི་བོད་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ། ཞིང་ཆེན་ཏང་ཨུས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་འབྲེལ་ལས་དོན་ལ་སྐུལ་འདེད་གཏོང་བ། བརྟན་བརླིང་སྲུང་སྐྱོང་བྱེད་པ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ། དགོན་པའི་དོ་དམ་རྒྱུན་འཁྱོངས་བྱེད་པ་གནད་འགག་ཏུ་འཛིན་པ། དབུལ་གྲོལ་འགག་སྒྲོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་། དམངས་འཚོའི་ལས་གཞི་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་གཅིག་འདོམས་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་རིགས་ལས་དོན་གྱི་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གིས་མི་རིགས་ལས་དོན་ལ་དབུ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། སི་ཁྲོན་གྱི་བོད་འབྲེལ་ཁུལ་དང་རྫོང་ཁག་གི་བྱ་གཞག་སོ་སོར་གྲུབ་འབྲས་གལ་ཆེན་ཐོབ་ཅིང་།  དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་། དམངས་འཚོ་ཟམ་མི་ཆད་པར་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་བརྟན་པོ་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཡིན་ཞིང་། རྒྱལ་ཡོངས་མི་དམངས་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བ་ཡང་ཡིན་ཏེ། བོད་འབྲེལ་ཁུལ་དང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་གཅིག་ཏུ་སྒྲིལ་བ་ཡིན། འོན་ཀྱང་གསལ་པོ་ཤེས་དགོས་པ་ཞིག་ལ། རང་རེའི་ཞིང་ཆེན་གྱི་བོད་འབྲེལ་ལས་དོན་གྱི་ལས་འགན་ཁག་སྔར་བཞིན་དཀའ་ཚེགས་ཆེ་བས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་སྲུང་འཛིན་དང་། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། མ་མཐའི་མཚམས་ཐིག་གི་བསམ་གཞིགས་འཛུགས་པ་བཅས་བྱས་ནས་ལས་ཀའི་རང་དབང་དམ་པོར་འཛིན་དགོས་ཞེས་བསྟན།
        ཕེང་ཆིང་ཧྭ་ཡིས་བསྟན་རྒྱུར། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་འཛིན་ནན་པོ་བྱེད་པ་དང་། མང་ཚོགས་ཀྱི་སློབ་གསོའི་སྣེ་ཁྲིད་ལ་ཤུགས་སྣོན་དང་། ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བ། སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ཤུགས་ཆེན་པོས་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏང་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏང་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ། ཁྱད་ཆོས་དང་བཟང་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་གཏོང་བ། བོད་འབྲེལ་ཁུལ་དང་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གོ་གནས་སུ་འཇོག་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཆང་བ། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྐྱིན་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཙོ་གནད་སྐྱེ་ཁམས་སླར་གསོའི་ལས་གྲྭ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རང་བྱུང་གནོད་འཚེ་འགོག་བཅོས་བྱེད་ནུས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཁེབས་སྲ་བརྟན་དུ་གཏང་དགོས་ཞེས་བསྟན།
        ཕེང་ཆིང་ཧྭ་ཡིས། ཏང་གིས་བོད་འབྲེལ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རླུང་རླབས་ཀྱི་ཉམས་སད་ལ་ཁ་གཏད་འཇལ་བ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཆབ་སྲིད་ཀྱི་སྟོབས་ཤུགས་སྲ་ཞིང་བརྟན་པ་ཞིག་སྐྲུན་གང་ཐུབ་བྱ་དགོས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་ཏང་གི་འཛུགས་སྐྱོང་ཁག་གཅིག་གྱུར་ངང་དམ་འཛིན་ཡག་པོ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལག་བསྟར་བྱེད་པ། “དམིགས་བསལ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དྲག་འདེམས་ཧྲག་སྒྲིག་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱ་རྒྱུར་མཐོང་ཆེན་བྱེད་པ། བོད་འབྲེལ་ཁུལ་དང་རྫོང་གི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བའི་ལས་གྲྭ་གཏིང་ཟབ་ཏུ་སྤེལ་བ།  ལས་བྱེད་པ་དང་ལས་བཟོ་བའི་གཅེས་སྐྱོང་སྲིད་ཇུས་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དག་ཐེར་བྱེད་པ། འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་རིམ་པ་ཁག་གིས་མང་ཚོགས་ཀྱི་ལས་དོན་སྒྲུབ་ནུས་དང་། འཐབ་རྩོད་གལ་ཆེན་ལ་ཁ་གཏད་འཇལ་ནུས། ཉེན་ཁ་ཚབས་ཆེན་སྔོན་འགོག་བྱེད་ནུས་བཅས་ཆེ་རུ་གཏང་དགོས་པ་དང་། བོད་འབྲེལ་ཁུལ་དང་རྫོང་ཏང་ཨུས་བྱེད་པོའི་འགན་འཁྲི་འཁུར་བ། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་འགོ་ཁྲིད་ཚན་ཆུང་དང་དེ་བཞིན་བོད་འབྲེལ་གཞུང་ལས་ཁང་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་རྣམ་གྲངས་དོན་འཁྱོལ་ཡོང་བར་བརྩོན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་གྲོང་ཁྱེར་གྱིས་རོགས་སྐྱོར་ལས་དོན་དེ་རང་འཁྲིའི་ལས་དོན་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱེད་པ་བཅས་ཕྱོགས་གང་ཅིའི་ཐད་ནས་སྡོམ་ཤུགས་ཆེན་པོ་ཆགས་པར་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ཞིང་ཕན་ནུས་ཐོན་པར་མཉམ་དུ་སྐུལ་འདེད་གཏང་དགོས།
        ཚོགས་འདུའི་ཐོག །རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལིའང་ཧྲན་ཁུལ། ཁྲེང་ཏུའུ་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ཞིང་ཆེན་ཁྲིམས་ཁང་གི་འགོ་འཛིན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། དྲག་ཆས་ཉེན་རྟོག་སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི།  ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཀྲུང་དབྱང་གི་སི་ཁྲོན་གྱི་སྡེ་ཚན། ཀྲེ་ཅང་དང་ཀོང་ཏུང་གི་སི་ཁྲོན་ལ་ཁ་གཏད་རོགས་སྐྱོར་ལས་དོན་ཚོ་ཆུང་། གྲོང་ཁྱེར(ཁུལ)དང་དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་བོད་འབྲེལ་རྫོང(གྲོང་ཁྱེར)32ཀྱི་འགན་འཁུར་བློ་མཐུན་སོགས་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1