དཀར་མཛེས་གེ་སར་གནམ་གྲུ་ཐང་།
ཁྲོ་ལའི་ཕུག་ལམ་གྱི་ཤར་གཏོང་མཛད་སྒོ་སྤེལ་ཡུལ།
ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་བརླིང་ཡོང་བ། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་སི་ཁྲོན་དང་བོད་ལྗོངས་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།
སྤྱི་ཟླ11པའི་ཚེས8ཉིན།ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་བུ་ལས་མགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་དེ་པེ་ཅིང་དང་ཁྲོན་བོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་ལས་གྲྭའི་གསེར་སྐྱེམས་ལའི་ཕུག་ལམ།རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བཅས་ས་ཁུལ་གསུམ་དུ་བརྙན་ལམ་སྦྲེལ་མཐུད་རྣམ་པའི་ཐོག་ནས་འཚོགས་ཡོད་པ་རེད། ཚོགས་ཆེན་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་།
1954ལོའི་སྤྱི་ཟླ12པའི་ཚེས25ཉིན་ཁྲོན་བོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་དཀར་མཛེས་མཐོ་སྒང་དང་ནང་ལོགས།བོད་
ལྗོངས་བར་གྱི་འབྲེལ་བ་ལོ་རྒྱུས་ཐོག་ཡར་རྒྱས་བྱུང་ཡོད། 2008ལོའི་སྤྱི་ཟླ10པའི་ཚེས22ཉིན་དར་མདོ་གནམ་ཐང་དུ་གནམ་གྲུ་དངོས་སུ་བབས་འཕུར་བྱས་ནས་དཀར་མཛེས་ཁུལ་མང་ཚོགས་ཀྱི་ཕུགས་འདུན་གྲུབ་ཡོད། 2017ལོའི་སྤྱི་ཟླ12པའི་ཚེས31ཉིན་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ལྕགས་ཟམ་རྫོང་བར་ཤར་གཏོང་ཐུབ་ནས་དཀར་མཛེས་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཡོད། ད་རེས་ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལས་གྲྭ་སྐྲུན་མགོ་བཙུགས་པ་སོགས་ལ་བལྟས་རྗེས་དཀར་མཛེས་ཁུལ་གྱི་ས་ཆ་དང་མེས་རྒྱལ་ས་གནས་ཁག་བར་གྱི་བར་ཐག་ཇེ་ཉེར་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་རེད།
གནའ་རབས་ཀྱི་དཔང་རྟགས།དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ཞན།
དཀར་མཛེས་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་འབུམ་ཡག་སྡེ་དཔོན་གྱི་སྟག་ལྤགས་གུར་ཟེར་བའི་རྒྱལ་ཁབ་རིམ་པའི་རིག་དངོས་ཤིག་ཡོད་པར་ཆེད་རམས་པ་དང་མཁས་དབང་དག་གིས་གུར་དེའི་ཐོག་ནས་མགྲོན་བུ་འབོར་ཆེན་ཡོད་པར་གཞིགས་ནས་གནའ་སྔ་མོ་ནས་དཀར་མཛེས་ཁུལ་དང་མཚོ་རྒྱུད་ས་ཁུལ་བར་འབྲེལ་བ་ཡོད་པ་ཤེས། གཞན་ཡང་དངོས་མང་བཤམས་སྟོན་ཁང་དུ་ལི་ཆས་དང་རྫ་ཆས་སོགས་ལས་བཟོས་པའི་རིག་དངོས་དག་ལས་དཀར་མཛེས་ས་ཁུལ་གྱིས་སྔ་ས་ནས་ཀྲུང་ཡོན་ས་ཁུལ་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་བར་འགྲོ་འོང་བྱས་པར་ར་སྤྲོད་བྱས།
དཀར་མཛེས་མཐོ་སྒང་ནི་ས་ཁམས་ཀྱི་བར་བརྒལ་ཁུལ་ཞིག་ཡིན་ལ། གནའ་བོའི་ཚོང་འདྲེན་རྡལ་ལམ་ངེས་པར་བརྒྱུད་དགོས་པའི་ས་ཆ་ཞིག་ཀྱང་ཡིན་པ་རེད།དཔྱད་གཞིའི་ཡིག་རིགས་ཐོག་ནས་མཚོན་པ་ལྟར་ན། ཁྲུན་ཆིའུ་དུས་རབས་ཀྱི་སྐབས་སུ། ལྷོ་ནུབ་པས་རི་མཐོ་གཡང་གཟར་ཁྲོད་ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེ་མོ་དང་ཀྲུང་ལྷོའི་ཕྱེད་གླིང་དུ་སྐྱོད་པའི་དམངས་ཁྲོད་ཀྱི་བགྲོད་ལམ་ཞིག་བཏོད་ཡོད་པའི་ནང་ལམ་ཐིག་ཁག་གཅིག་དཀར་མཛེས་ས་ཁུལ་བརྒྱུད་དགོས་ཀྱི་ཡོད། ཕྱིས་སུ་གསར་གཏོད་བྱས་པའི་ལྷོ་ཕྱོགས་དར་གོས་ཚོང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ2000ཙམ་ཡོད་པ་དང་།དེ་ནི་ཀྲུང་གོའི་ཆེས་གནའ་བོའི་རྒྱལ་སྤྱིའི་བགྲོད་ལམ་གྲས་ཤིག་ཡིན་ལ་དེས་དཀར་མཛེས་ཁུལ་ས་ཁོངས་ཀྱི་ས་ཆ་མི་ཉུང་བ་ཞིག་བརྒྱུད་ཡོད།
ད་ལོའི་སྤྱི་ཟླ9པར་རང་ཁུལ་གྱིས་ཆེད་རམས་པ་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་དར་གོས་ལམ་བུའི་ཚན་རིག་རྟོག་ཞིབ་བྱེད་སྒོ་སྤེལ་ཡོད་ཅིང་།ཚན་རིག་རྟོག་ཞིབ་ཚོགས་པས་དཀར་མཛེས་རྫོང་དུ་གནའ་བོའི་གྱང་དང་གནའ་བོའི་དགོན་པ་ཞིག་འཚོལ་ཞིབ་བྱས་ཡོད་པར་གཞིགས་ནས་རང་ཁུལ་གྱི་དཀར་མཛེས་རྫོང་ནི་དར་གོས་ལམ་བུའི་གྲོང་རྡལ་གལ་ཆེན་ཞིག་ཡིན་པར་ར་སྤྲོད་པས་མ་ཚད། དར་གོས་དང་དར་གོས་ལམ་བུའི་རིག་གནས་དེ་དག་དར་མདོ་དང་རྟའུ་སོགས་ས་ཆ་དང་འབྲེལ་བ་དམ་ཟབ་ཡོད་པ་ངོས་འཛིན་བྱས། དཀར་མཛེས་ཁུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་དངོས་མང་བཤམས་སྟོན་ཁང་གི་དར་གོས་ཐང་ག་དང་དཔོན་གོས། དར་གོས་གྱོན་ཆས་ཐོག་གི་རི་མོ། དེ་བཞིན་ལྷ་སྒང་དགོན་པས་ཉར་ཚགས་བྱས་པའི་དར་གོས་ཐང་ག་སོགས་ཀྱིས་ཐད་ཀའི་དཔང་རྟགས་ཐུབ་པ་རེད།
དཀར་མཛེས་ཁུལ་ས་ཁོངས་སུ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་དཀར་མཛེས་བརྒྱུད་པའི་ངག་རྒྱུན་དང་བར་བརྒྱུད་དཔང་རྟགས་མང་པོ་ཡོད་ཅིང་། 2013ལོར་གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་སེར་ཤུལ་ནས་ཐུ་བྷོད་དུས་སྐབས་ཀྱི་རྡོ་བརྐོས་ཁྱུའི་ཤུལ་བཞག་ཁག3རྙེད་པ་སྟེ། མཆོད་པ་ལྷ་རི་རྡོ་བརྐོས་ཚོགས་པ་དང་པད་མ་ལྷ་རི་རྡོ་བརྐོས་ཚོགས་པ། ལོ་ཆུང་གྲོང་སྡེའི་རྡོ་བརྐོས་ཚོགས་པ་བཅས་བཤད་ཚུལ་དེ་རིགས་ལ་དེ་བས་གཞི་འཛིན་ས་ཡོད་པར་བྱས་ཡོད། དེ་དུས་ནས་ཐང་རྒྱལ་རབས་དང་སུང་རྒྱལ་རབས།དཀར་མཛེས་མི་རིགས་བར་མཉམ་འདྲེས་ཀྱི་བར་ཁྱམས་དང་ཚོང་དོན་གྱི་བགྲོད་ལམ་ཡོད་པས་དར་རྩེ་མདོ་ནི་གནའ་བོའི་ཚོང་འདྲེན་རྡལ་ལམ་ཐོག་གི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་བཞིན་ཡོད།
ཁྲོན་བོད་ཇ་འདྲེན་རྡལ་ལམ་དེ་ཐང་སུང་རྒྱལ་རབས་སྐབས་ནས་དར་བ་དང་།མིང་རྒྱལ་རབས་དང་ཆིན་རྒྱལ་རབས་སྐབས་སུ་དར་རྒྱས་བྱུང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་དུས་མཇུག་ཏུ་དེ་བས་དར་རྒྱས་བྱུང་། ཤར་གཡག་རྔ་ནས་ཀྲུང་ཡོན་ས་ཁུལ་བར་འབྲེལ། ནུབ་ལྷ་ས་ནས་འབྲུག་ཡུལ། བལ་པོ། རྒྱ་གར་བཅས་དང་འབྲེལ། དར་མདོའི་ཁོངས་ནས་བྱང་ལྷོ་ལམ་ཐིག་གཉིས་སུ་གྱེས་ཤིང་། བྱང་གི་ལམ་རྒྱུད་དུ་རང་ཁུལ་གྱི་རྟའུ་དང་བྲག་མགོ། དཀར་མཛེས། སྡེ་དགེ་རྫོང་སོགས་བརྒྱུད་དགོས་ཤིང་། ལྷོའི་ལམ་རྒྱུད་དུ་རང་ཁུལ་གྱི་ཉག་ཆུ་དང་ལི་ཐང་། འབའ་ཐང་རྫོང་སོགས་བརྒྱུད་དགོས་པ་རེད།
དེང་རབས་ཀྱི་གོམ་སྟབས། དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཕེལ་ཁ་དར།
དཀར་མཛེས་ཁུལ་དེའང་མེས་རྒྱལ་མཐོ་སྒང་གི་ས་ཁུལ་མང་ཆེ་ཤོས་དང་འདྲ་བར། ལོ་ངོ་སྟོང་ཕྲག་ཁ་ཤས་རིང་རི་ལམ་ཀྱག་ཀྱོག་ལ་བརྟེན་ནས་ཕྱི་ཕྱོགས་དང་འབྲེལ་བ་བྱས་པ་ཞིག་ཡིན་ཡང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྣམ་པ་དེར་གཞི་ནས་འགྱུར་ལྡོག་བྱུང་ཡོད།
སྐབས་དེར། མཐོ་ཞིང་བརྗིད་པའི་འུ་ལག་རི་བོ་ནི་ཕྱི་འབྲེལ་གྱི་འགོག་རྐྱེན་ཆེ་ཤོས་དེ་ཡིན་ཞིང་།གནའ་བོའི་ཚོང་འདྲེན་རྡལ་ལམ་ཡོད་པའི་རྗེས་ནས་འུ་ལག་རི་བོ་བརྒྱུད་ནས་ཞིས་ཁམས་ཕྱོགས་སུ་སྣུར་སྲིང་བྱས་པའི་རྟ་དྲེལ་ལམ་དེར་ཁྲོན་ཁམས་རྒྱ་ལམ་ཆེ་མོ་ཞེས་འབོད་ཀྱིན་ཡོད། དེ་ཡང་ཁྲོན་བོད་གཞུང་ལམ་གྱི་གཡག་རྔའི་ལམ་དུམ་གྱི་མ་ལག་དེ་ཡིན་པ་རེད།
ཁྲོན་ཁམས་རྟ་དྲེལ་ལམ་དེར་ཁྲོན་ཁམས་གཞུང་ལམ་ཡང་ཟེར་ཞིང་། ལམ་དེ་ནི1938ལོར་བསྐྲུན་ཡོད། མིང་དུ་གཞུང་ལམ་ཞེས་བཏགས་ཀྱང་དོན་དུ་རྟ་དྲེལ་འཕྲང་ལམ་ཞིག་ལས་མ་མཆིས། 1950ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བྱེས་འཐབ་དམག་སྡེ་གཉིས་པའི་དམག་དཔུང་བཅོ་བརྒྱད་པས་བཀའ་ལྟར་འུ་ལག་རི་བོ་བརྒྱུད་དེ་བོད་དུ་སྐྱོད་སྐབས་རྒྱ་ལམ་བསྐྲུན་ཞོར་བཅིངས་འགྲོལ་བཏང་ནས་དཀའ་སྡུག་ཚད་མེད་མྱོང་།
འུ་ལག་རི་བོའི་གཞུང་ལམ་ནི1950ལོའི་སྤྱི་ཟླ3པ་ནས་ལས་མགོ་བཙུགས་ཏེ་སྤྱི་ཟླ6པའི་ཟླ་སྨད་དུ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། ལམ་བཟོ་བའི་དུས་ཚོད་ཟླ་བ4ལས་མ་འགོར་ནའང་དཀའ་ཚེགས་ཤིན་ཏུ་ཆེ་བ་སྟེ། འདི་ནའི་གསོ་རླུང་དཀོན་པ་དང་གངས་འཁྱག་གིས་རི་རྒྱ་བསྡམས་པ།གཅན་གཟན་གཏུམ་པོ་ཐོན་པ་བཅས་ཀྱི་ཉེན་ཁ་དང་འཕྲད་པས་མ་ཚད། སྐབས་དེར་འཕྲུལ་ཆས་ཆེ་རིགས་མེད་ལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་ཡང་མེད་པས་དཀའ་ངལ་ཧ་ཅང་ཆེ། ཧོ་ལུང་གིས་འུ་ལག་རི་བོའི་གཞུང་ལམ་བསྐྲུན་པའི་དཀའ་ཚེགས་སྐོར་གླེང་སྐབས། དེ་ནི་ང་ཚོའི་རྒྱང་སྐྱོད་སྐབས་དང་གཅིག་པ་རེད་ཨང་། ཡིག་ཚགས་ཀྱི་དཔྱད་གཞིའི་ཐོག་ནས་མཚོན་དོན། འུ་ལག་རི་བོའི་གཞུང་ལམ་སྐྲུན་སྐབས་ཆ་སྙོམས་སྤྱི་ལེ་རེར་དམག་མི7རེ་ཤི་བ་རེད།
1954ལོའི་སྤྱི་ཟླ12པའི་ཚེས25ཉིན་ཁྲོན་བོད་གཞུང་ལམ་ཤར་གཏོང་ཐུབ་ཡོད། ཧོ་ལུང་གིས《བོད་རིགས་མི་དམངས་ལ་ཡུན་རིང་འཛུགས་སྐྲུན་བྱེད་རོགས་བྱ་དགོས》ཞེས་པའི་རྩོམ་ཡིག་ནང་ཁམས་བོད་གཞུང་ལམ(ཁྲོན་བོད་གཞུང་ལམ)དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་བོད་ལྗོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་བྱ་གཞག་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད་ཅེས་བཤད།
འུ་ལག་རི་བོའི་གཞུང་ལམ་བཟོ་སྐྲུན་བྱས་པ་ནི་རང་རྒྱལ་གྱིས་གཞུང་ལམ་བསྐྲུན་པའི་ལོ་རྒྱུས་ཐོག་གི་རླབས་ཆེའི་བྱ་སྤྱོད་ཅིག་ཡིན། འོན་ཀྱང་ཉེན་ཁའི་རྒྱུ་རྐྱེན་ཧ་ཅང་མང་། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། 1975ནས1983ལོའི་སྤྱི་ཟླ9པའི་བར། འུ་ལག་རི་བོའི་གཞུང་ལམ་དུ་འགྲིམ་འགྲུལ་དོན་རྐྱེན136བྱུང་ཡོད།
1996ལོའི་སྤྱི་ཟླ5པའི་ཚེས25ཉིན་འུ་ལག་རི་བོའི་ཕུག་ལམ་དངོས་སུ་སྐྲུན་མགོ་ཚུགས་ཡོད། ཕུག་ལམ་སྔོག་འདོན་བྱེད་པའི་དཀའ་ཚད་དེ་གཞུང་ལམ་བསྐྲུན་པ་ལས་དཀའ་ཡང་སྤྱིའི་རིང་ཚད་ལ་སྨི4162.17ཡོད་པའི་ཕུག་ལམ་ཞིག་བསྐྲུན་ཡོད།
རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་བཟོ་པ་ཚོས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ནས2001ལོའི་སྤྱི་ཟླ་དང་པོའི་ཚེས11ཉིན་འུ་ལག་རི་བོའི་ཕུག་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོ་དང་ནང་ལོགས། མཐའ་ན་འཛམ་གླིང་ས་གནས་ཁག་བར་གྱི་བར་ཐག་ཇེ་ཉེར་བཏང་ཡོད་པ་རེད།
མ་འོངས་པའི་རྒྱང་ལྟ། ལངས་གཟུགས་གྱི་འགྲིམ་འགྲུལ་རྣམ་པ་ཆགས།
འུ་ལག་རི་བོའི་ཕུག་ལམ་འཛུགས་སྐྲུན་བྱེད་པ་དང་དུས་མཚུངས་སུ། དཀར་མཛེས་ས་ཁོངས་ནང་གི་རྒྱལ་ཁབ་དང་ཞིང་ཆེན། རྫོང། ཡུལ་ཤོག་རིམ་པ་བཅས་ཀྱི་གཞུང་ལམ་ཡང་རྒྱུན་ཆད་མེད་པར་བསྐྲུན་ཡོད།
དུས་རབས20པའི་ལོ་རབས90པར་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དར་མདོའི་གནམ་གྲུ་ཐང་བསྐྲུན་རྒྱུའི་འཆར་གཞི་བཀོད་ཡོད། 1993ལོར་དར་མདོའི་གནམ་ཐང་གི་གནས་ཡུལ་གཏན་འཁེལ་ལས་དོན་ལེགས་གྲུབ་བྱུང་བ་དང་། 1994ལོར་གནམ་གྲུ་ཐང་གི་སྔོན་གྲབས་ཞིབ་འཇུག་སྙན་ཞུའི་བཟོ་འགོད་ལེགས་གྲུབ་བྱུང་ཡོད། 1994ལོར་དར་མདོའི་གནམ་ཐང་དེ་ལོ་ལྔའི་འཆར་གཞི་དགུ་པའི་ནང་བཅུག་ཡོད་མོད། འོན་ཀྱང་ས་བབ་མཐོ་བས་འཕྲུལ་ཆས་འདེམས་དཀའ་བ་སོགས་ཀྱི་རྐྱེན་གྱིས་གནས་སྐབས་ལས་གཞི་འཛུགས་རྒྱུ་མ་བྱུང་། 1999ལོའི་སྤྱི་ཟླ10པར་རང་ཁུལ་གྱིས་དར་མདོའི་གནམ་ཐང་གི་དུས་མགོའི་ལས་དོན་སླར་ཡང་སྤེལ་མགོ་ཚུགས།2005ལོའི་སྤྱི་ཟླ11པར་དར་མདོའི་གནམ་ཐང་ཚོད་ལྟའི་ལམ་དུམ་དངོས་སུ་ལས་མགོ་བཙུགས། 2006ལོའི་སྤྱི་ཟླ5པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུའི་དར་མདོའི་གནམ་ཐང་འཛུགས་རྒྱུའི་མཆན་འགོད་བཀའ་ལན་གནང་། 2008ལོའི་སྤྱི་ཟླ10པའི་ཚེས22ཉིན་དར་མདོའི་གནམ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་ཡོད།དུས་དེ་ནས་བཟུང་དཀར་མཛེས་ས་ཁུལ་དུ་དམངས་སྤྱོད་གནམ་ཐང་དང་པོ་དེ་ལེགས་འགྲུབ་བྱུང་ཡོད།
2012ལོའི་སྤྱི་ཟླ12པའི་ཚེས30ཉིན། འུ་ལག་རི་བོའི་ཕུག་ལམ་རིང་ཤོས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་ལྟའི་ལམ་དུམ་ལས་མགོ་ཚུགས་པ་དང་། 2014ལོའི་སྤྱི་ཟླ་དང་པོའི་ཚེས29ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུའི་མོས་མཐུན་བྱས། ལམ་ཐག་ཧྲིལ་པོར་སྤྱི་ལེ135དང་ལམ་གཞིའི་ཞེང་ཚད་ལ་སྨི24.5 ཤར་ནུབ་ཀྱི་མཚོ་འཕགས་ཧེ་བག་སྨི1900ཡོད། ལམ་ཐིག་ཧྲིལ་པོའི་ཟམ་པ་དང་ཕུག་ལམ་གྱི་མཐོ་ཚད་བརྒྱ་ཆ82ལ་ཟིན་པའི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད། 2017ལོའི་སྤྱི་ཟླ12པའི་ཚེས31ཉིན་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་དཀར་མཛེས་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད།
2018ལོར་དཀར་མཛེས་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར293.08ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ9འཕར་ཡོད།ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་སྐས་རིམ་ཁྲི་ཉིས་སྟོང་བརྒལ་ནས་མིའི་ཐེངས་གྲངས་ཁྲི2230ལ་ཟིན་ཡོད། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་ཐོག་མར་སྒོར་དུང་ཕྱུར222.5ལ་ཟིན་ཡོད།
2013ལོའི་སྤྱི་ཟླ9པའི་ཚེས16ཉིན། མཚོ་འཕགས་སྨི4411ཡོད་པའི་འདབ་པ་ཉི་སྟེན་གནམ་གྲུ་ཐང་དུ་གནམ་གྲུ་དངོས་སུ་འཕུར་གཏོང་ཐུབ་ཡོད། 2014ལོའི་སྤྱི་ཟླ7པར་འདབ་པ་ཉི་སྟེན་གནམ་གྲུ་ཐང་དུ་ཟོག་འདྲེན་ལས་སྒོ་དངོས་སུ་གཉེར། 2017ལོའི་སྤྱི་ཟླ9པའི་ཚེས26ཉིན། རྒྱལ་སྲུང་གཞུང་ལམ317པའི་ཁྲོ་ལའི་ཕུག་ལམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད། 2019ལོའི་སྤྱི་ཟླ9པའི་ཚེས16ཉིན་དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་ཡོད།
འདས་ཟིན་པའི་ལོ10དང་ལྷག་པར་དུ2015ལོའི་ལོ་མཇུག་ཏུ། ཁུལ་ཨུས་འགྲིམ་འགྲུལ་སྔོན་སྐྱོད་འཐབ་ཇུས་དེ་ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་ནང་བཞག་པ་ནས་བཟུང་དཀར་མཛེས་འགྲིམ་འགྲུལ་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2009ནས2019ལོ་བར་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར724.26བཏང་བ་དང་། 2019ལོའི་ལོ་མཇུག་བར་ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ34831ལ་ཟིན་ཡོད། དེའི་ནང་རྒྱལ་སྲུང་གཞུང་ལམ་སྤྱི་ལེ3439དང་ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ2279 རྫོང་རིམ་པའི་གཞུང་ལམ་སྤྱི་ལེ533 ཡུལ་ཤོག་རིམ་པའི་གཞུང་ལམ་སྤྱི་ལེ3936 ཆེད་སྤྱོད་གཞུང་ལམ་སྤྱི་ལེ1207བཅས་བསྐྲུན་ཡོད་པ་རེད།།