མི་ཉག་འཇིགས་མེད་རྡོ་རྗེས་བྲིས་ཤིང་པར་བླངས།
དེང་གི་ས་ཁོངས་ལྟར་བྱས་ན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོལ་རྡལ་གྱི་ཁོངས་གཏོགས་ཨ་ཅ་རི་གསར་རུ་ཁག་གསུམ་པ་ཐེར་མ་ལུང་པ་ཞེས་པའི་ལུང་ཕྲན་དེའི་ཕུ་ཙམ་ན་གནའ་བོའི་དུས་ཀྱི་བྲག་རིས་རྩ་ཆེན་ཞིག་ཡོད་པ་གསར་དུ་ཤེས་རྟོགས་བྱུང་ཞིང་། དེ་ཡང་སྤྱི་ལོ་2020ལོའི་ལོ་དཀྱིལ་ཙམ་ལ་ས་གནས་དེའི་གྲོགས་པོ་དཔལ་ཁོ་བརྒྱུད་ནས་ཐེར་མ་ལུང་པའི་བྲག་དམར་ངོས་ལྡེབས་ཀྱི་འདབས་སུ་གནའ་བོའི་དུས་ཀྱི་བྲག་རིས་འགའ་ཞིག་ཡོད་པར་ཐོས་པ་དང་། བྲག་རིས་རྙིང་པ་དེར་ད་ལྟའི་བར་དུ་རྟོག་ཞིབ་བྱེད་མཁན་གྱི་མི་སུ་ཡང་བྱུང་མེད་པ་སོགས་ཀྱིས། ཁོ་བོ་སྤྱི་ལོ་2020ལོའི་ཟླ་8པའི་ནང་ཡུལ་དངོས་སུ་རྟོག་ཞིབ་ཏུ་བསྐྱོད་པ་ཡིན།
དེ་ཡང་ད་ལྟའི་བར་དུ་ཡིག་ཐོག་ཏུ་འཁོད་ཡོད་པའི་མདོ་དབུས་མཐོ་སྒང་གི་བྲག་རིས་རྙེད་ཡུལ་གཙོ་བོ་ནི་རྒྱལ་ནང་གི་སྟོད་མངའ་རིས་དང་། བྱང་ནག་ཆུ། མཚོ་སྔོན་གྱི་ཁོངས་གཏོགས་ས་ཆ་འགའ་རེ་དང་། ཡུན་ནན་གྱི་ཡུལ་ལུང་འགའ་རེ་སོགས་དང་། རྒྱ་གར་གྱི་ཁོངས་གཏོགས་ལ་དྭགས་སོགས་རི་བོ་ཧི་མ་ལའི་ཕྱི་ནང་གི་རི་རྒྱུད་དག་ཏུ་སྒྱུ་རྩལ་དང་། མཚོན་དོན། ལོ་རྒྱུས་སོགས་གང་གི་ཆ་ནས་བརྟགས་ན་ཡང་གཅིག་མཚུངས་སམ་འདྲ་བའི་མཚུངས་ཆོས་མང་པོ་ཡོད་པའི་བྲག་རིས་རྙིང་པ་མང་དུ་ཐོན་ཡོད་འདུག དེ་ལ་འདིར་ཨ་ཅ་རི་གསར་ཐེར་མ་ལུང་པའི་བྲག་རིས་ཡོད་ས་ནི་ལྷ་སྒང་གྲོང་རྡལ་ནས་བྱང་ཕྱོགས་སུ་སྤྱི་ལེ་ཉི་ཤུ་མ་ཟིན་ཙམ་སོང་བའི་མཚམས་སུ་ཡོད་ཅིང་། ཡུལ་འདི་ནི་མདོ་ཁམས་མི་ཉག་རབ་སྒང་རིང་མོའི་ཁོངས་སུ་གཏོགས་ལ། བཙན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་མི་ཉག་རུ་ཡོང་བཟའི་ཕ་ཡུལ་དང་ཡང་ཐག་མི་རིང་ཞིང་བཙན་པོ་སྲོང་བཙན་སྐབས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་བརྒྱ་དང་བརྒྱད་བཞེངས་པའི་ཡོངས་རྫོགས་རབ་དགའི་ལྷ་སྒང་དང་བར་ཐག་ཤིན་ཏུ་ཉེ་པོ་ཡོད། ཡུལ་འདིར་འཚོ་བའི་མི་དག་གི་སྤྱིའི་འཚོ་གནས་གཙོ་བོ་ནི་འབྲོག་ལས་ལ་བརྟེན་གྱི་ཡོད། བོད་ཀྱི་ཡུལ་ལུང་སྤྱིའི་ལོ་རྒྱུས་ཀྱི་འཕེལ་རིམ་ལྟར་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ཡུལ་འདིར་རྒྱལ་བ་བཀའ་བརྒྱུད་པའི་བསྟན་པ་ཤིན་ཏུ་དར་ཞིང་། འདི་དང་ཐག་མི་རིང་བའི་སར་བཀའ་བརྒྱུད་པའི་གདན་ས། ཨ་རི་སྟོང་གྲ་དགོན་དང་། ཝ་ཤུལ་དཔལ་གྱི་རི། སྙན་ལམ་གྲོད་པ་ཕུག་སོགས་བཀའ་བརྒྱུད་པའི་བླ་མ་སྐྱེས་ཆེན་མང་པོ་བྱོན་བཞུགས་མཛད་གནས་གྲགས་ཅན་གྱི་གདན་ས་ཡོད་ཅིང་། ད་ལྟ་ཡང་ཡུལ་འདི་དང་ཐག་མི་རིང་བའི་རི་སྒང་རྫ་རྡོ་དག་གི་ཁྲོད་རྫ་ཁང་ཕོ་ལོག་མ་(རྫ་རྡོ་གཡའ་ལེབ་དག་གིས་བརྩིགས་པའི་སྒྲུབ་ཁང་ཆུང་ངུ་རྣམས་ཀྱི་མིང་སྟེ། རྫ་རྡོ་རྣམས་གཅིག་སྣེ་གཅིག་གིས་མནན་པའི་ཚུལ་གྱིས་ཐོག་བཀབ་ཡོད་ཅིང་ཕར་བལྟས་ཚོད་ལ་མི་ཉག་ཕོ་ལོག་དང་འདྲ་པོ་ཡོད་པས་རྫ་ཁང་ཕོ་ལོག་མ་ཟེར།)ཤིན་ཏུ་མང་པོ་མ་ཉམས་པར་ཡོད། དེ་བཞིན་དུ་གནས་ལུང་དང་དཔལ་ལུང་། ལྷ་ལུང་སོགས་ཀྱིས་མིང་གིས་འབོད་པའི་ཡུལ་ལུང་དང་སྒྲུབ་གནས་མང་པོ་ད་ལྟ་ཡང་མཇལ་དུ་ཡོད་ལ་ཡུལ་མི་དག་གི་ངག་རྒྱུན་དུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་བཞུགས་གནས་ཡིན་པས་གནས་བྱིན་ཅན་རྩ་ཆེན་པོར་བརྩི་སྲོལ་ཡོད།
རྩོམ་པ་པོས་རྡོ་བརྐོས་རི་མོ་ཚད་འཇལ་བཞིན་པ།
བར་ལམ་དུས་ཀྱི་འཕེལ་འགྲིབ་ཀྱིས་མི་ཉག་ཡུལ་དུ་བཀའ་བརྒྱུད་པའི་བསྟན་པ་ཉམས་འགྲིབ་ཤུགས་ཆེར་སོང་བས། དེའི་ཕྱིས་མི་ཉག་ཡུལ་གྱི་མཁས་གྲུབ་ཀྱི་སྐྱེས་བུ་ཚོགས་ཤུལ་ནོར་བུ་བསྟན་འཛིན་གྱིས་སྙན་ལམ་དགོན་པ་གསར་དུ་བཞེངས་ཏེ་སྔ་འགྱུར་རྙིང་མ་རྫོགས་ཆེན་དགོན་པའི་ཆོས་བརྒྱུད་དུ་གཏོགས་པའི་དགོན་པ་རུ་གྱུར་ཅིང་། ཨ་ཅ་རི་གསར་སྡེ་པའི་བླའི་མཆོད་གནས་དགོན་པ་ཡིན།ཐེར་མ་ལུང་པ་འདིར་ངག་རྒྱུན་ལ་ཐེར་མ་བླ་མ་ཞེས་གྲུབ་ཐོབ་བླ་མ་ཆེན་པོ་ཞིག་ཡོད་ལ། ཐེར་མ་བླ་མའི་རྟའི་རྗེས་ཤུལ་ཡིན་ཞེས་རྡོའི་སྟེང་དུ་རྟ་རྗེས་ཡོད་པ་ཞིག་ད་ལྟ་བར་མཇལ་དུ་ཡོད་ཅིང་། ཡུལ་མི་ཚོས་ཀྱང་དེར་གུས་བརྩི་བྱེད་པའི་སྲོལ་མ་ཉམས་པར་ཡོད་འདུག
བཞོན་པ།
བྲག་རིས་རྙིང་པ་འདི་ཉིད་གནས་ཡུལ་ནི། བོད་ཀྱི་ཡུལ་ལྷ་ཟོ་དོར་ཆེན་མོ་མི་ཉག་བཞག་བྲ་ལྷ་རྩེའི་མདུན་ཞོལ་དུ་ཁེལ་ཅིང་། ཨ་ཅ་རི་གསར་ཐེར་མ་ལུང་པ་ཞེས་ལུང་ཕྲན་ཆུང་ངུ་ཞིག་ཡོད་པའི་སྟོད་ཙམ་དུ། རྒྱབ་རི་བྲག་དམར་ངོས་ཞེས་རི་ཆུང་ངུ་རི་ངོས་སུ་བྲག་རྡོ་ཙག་ཙིག་ཡོད་ཅིང་། བྲག་ཆུང་ངུ་རྣམས་སྤང་གི་གསེབ་ཏུ་ཟུག་ནས་ཆེར་མི་མངོན་ཞིང་རི་ངོས་དེ་ཅུང་གཟར་ཙམ་ཡོད་པའི་འདབས།
རྡོ་ཡིས་བརྡར་འབྲི་བྱས་པའི་འབྲོང་གཡག
ལུང་ཆུང་དེར་བཞུར་བཞིན་པའི་ཆུ་ཕྲན་ཞིག་ཡོད་པ་དང་ཐུག་གྲབས་ཡོད་པ། མདུན་རི་ལ་ཡུལ་མི་ཚོས་ཐང་རིས་ཐོག་སྟེ་ཐང་ཤིང་ཆུང་ངུ་ཡོད་པའི་རི་ལྡེབས་སྤང་རི་ཉམས་དགའ་བ་སའི་དཔྱད་བཟང་བས་བཀྲ་ཤིས་རྟགས་བརྒྱད་འཛོམས་པར་གྲགས་པའི་སར། བྲག་རིས་གནས་སའི་བྲག་ངོས་ཆུང་ངུ་དེ་ཉིད་ལྷོ་ཕྱོགས་སུ་ཁ་གཏད་ཅིང་ཉི་འོད་དང་ཆར་ཆུ་གང་ཡང་འགོག་མི་ཐུབ་པའི་བྲག་རྡོ་ཆུང་ངུ་ཞིག་གི་ངོར་བརྐོས་ཡོད་ཅིང་། བལྟས་པ་ཙམ་གྱིས་གནའ་རབས་གདོད་མའི་དུས་ཀྱི་བྲག་རིས་ཤིག་གི་གཤིས་ཉམས་དོད་ཅིང་། བྲག་གི་རྡོ་རྒྱུ་ཅི་ཡིན་མི་ཤེས་ཀྱང་བལྟས་ཚོད་ལ་ལྕགས་རྡོ་ལྟ་བུ་སྲ་མཁྲེགས་ཅན་ཞིག་ཏུ་འདུག་ལ། བྲག་རིས་ཡོད་སའི་བྲག་རྡོ་སྤྱིའི་མཐོ་ཚད་ལ་ལི་སྨི་120cmདང་། ཞེང་ཁ་ལ་ལི་སྨི་180cmཡོད། མཚོ་འཕགས་ནི་3870ཙམ་རེད་འདུག
འདིར་ཕྲན་གྱིས་ཐོག་མའི་རྟོག་ཞིབ་སྐབས་སུ་བྲག་རྡོ་ཆུང་ངུ་དེའི་བར་མཚམས་སའི་ཅུང་ཙམ་ཆོད་འདུག་པས་གཡས་གཡོན་གཉིས་སུ་ཁག་བགོས་ནས་རི་མོ་རྣམས་རགས་ཙམ་གྲངས་སུ་འདེབས་པར་བྱ་རྒྱུ་ཡིན།
གཡོན་ཕྱོགས་ཀྱི་བྲག་ངོས་སུ། གཡག་རྒོད་དམ་འབྲོང་ཅུང་ཙམ་ཆེ་བའི་རིགས་ལི་སྨི་11cmཙམ་ཡོད་པ་གཅིག་དང་། ཆུང་ངུའི་རིགས་བརྒྱད། གཡག་ཆུང་ངུ་གསུམ་རྔོན་ཁྱི་ལྟ་བུ་སྲོག་ཆགས་ཤིག་གིས་འདེད་པ། མི་བཞིའི་ཕུ་ཐུང་རིང་པོ་ཅན་གྱི་གོས་གྱོན་ཞིང་བྲོ་འཁྲབ་པ་ལས་མི་གསུམ་ལག་སྦྲེལ་བྱས་ཏེ་བྲོ་འཁྲབ་བཞིན་པ་ལྟ་བུ་དང་། ཡང་བྱ་རྒྱལ་ཁྱུང་ཨེ་མིན་སྙམ་པའི་གཟུགས་བརྙན་ཞིག །རྟ་བཞོན་པའི་མི་ཆེ་ཆུང་གསུམ། ཤ་བ་ཨེ་མིན་སྙམ་པའི་ཆུང་ངུ་ཞིག །རྐང་ཐང་དུ་ཡོད་པའི་མིའི་རྣམ་པ་ཆེ་ཆུང་མི་འདྲ་བ་ཁྱོན་བསྡོམས་བཅུ་བདུན་ཡོད་པ་ལས་གསུམ་གྱིས་མདའ་འཕེན་པའི་རྣམ་པ་དང་། མི་ཅུང་ཆེན་པོ་གཉིས་ཀྱིས་མདའ་མཐའ་ཁ་གཏད་དུ་འཕེན་བཞིན་པའི་རྣམ་པ་དང་། ཡང་གཅིག་གིས་ཁ་ཕྱིར་འཁོར་ནས་ཕྱི་རྒྱབ་ལ་མདའ་འཕེན་པ། གྲངས་སུ་འདེབས་མི་ཐུབ་པ་ལ་སྲོག་ཆགས་ཤིག་ཨེ་ཡིིན་སྙམ་པ་གཅིག་དང་། གཞན་རི་མོ་ཕྲན་བུ་འགའ་སོགས་ཡོད་པ་དང་། གཡས་ངོས་ཕྱོགས་ཀྱི་བྲག་ཏུ། འབྲོང་ཆེ་བའི་གྲས་གསུམ།
ཤ་བ་ཅུང་ཙམ་ཆེ་བ་གསུམ་སྟེ་རིང་ཚད་ལ20cmལྷག་ཙམ་ཡོད། རྔོན་ཁྱི་ཨེ་ཡིན་སྙམ་པ་གཉིས་བཅས། མིའི་གཟུགས་བརྙན་རིང་ཚད་ལ་ལི་སྨི་8cmཙམ་ཡོད་པ་གཉིས། གཞན་ཡང་རི་མོ་ཤིན་ཏུ་མི་གསལ་བའི་སྲོག་ཆགས་ཤིག་ཨེ་ཡིན་ནམ་སྙམ་པ་སོགས་འདུག
མདོ་དབུས་མཐོ་སྒང་གི་རི་རྒྱུད་དུ་གཏོགས་པའི་སྟོད་ལ་དྭགས་ནས་མདོ་སྟོད་སྨད་བར་གྱི་ཡུལ་ལུང་ཁག་ཏུ་འདི་དང་འདྲ་བའི་བྲག་རིས་མང་དུ་རྙེད་ཅིང་། ལེ་དབར་སྟོང་ཕྲག་མང་པོའི་བར་གྱིས་ཆོད་པའི་ཡུལ་ལུང་འདི་དག་ཏུ་ད་སྔ་རྙེད་ཟིན་པའི་བྲག་རིས་ཁག་ལ་ཐུན་མིན་གཅིག་མཐུན་གྱི་ཁྱད་ཆོས་མང་པོ་ཡོད་ཅིང་། འདི་ཉིད་ཤ་བ་དང་འབྲོང་སོགས་བརྐོས་ཡོད་པའི་སྐད་གྲགས་ཅན་གྱི་མངའ་རིས་རུ་ཐོག་གི་བྲག་རིས་དང་འདྲ་བར་མ་ཟད། ལྷག་པར་དུ་འབྲོང་གཡག་གི་རི་མོ་རྣམས་ནི་མཚོ་སྔོན་གྱི་འབྲོང་ལུང་བྲག་རིས་ཁག་དང་། ཡུལ་ཤུལ་གྱི་ཆུ་དམར་ལེབ་ཀྱི་ངང་ལའི་བྲག་རིས་སོགས་དང་བལྟས་ཚོད་ཀྱིས་གཅིག་མཚུངས་སུ་འདུག་ཅིང་། སྤྱིའི་ཆ་ནས་རྐོ་སྟངས་དང་རི་མོའི་རྣམ་པ་སོགས་ཉེ་བའི་ཆར་གསར་དུ་རྙེད་པའི་ཁམས་གླག་ཁོག་གི་བྲག་རིས་དང་ཤིན་ཏུ་འདྲ་པོ་ཡོད་པ་སོགས་ཀྱིས་མཚོན་འདིར་ཡང་བྲག་རིས་ཀྱི་དཀྱིལ་སྙིང་ནི་འབྲོང་དང་ཤ་བས་བཟུང་ཡོད།
དེས་ན་བྲག་རིས་འདི་ཉིད་ལོ་རྒྱུས་ཀྱི་དུས་ཡུན་དང་། རི་མོའི་བག་ཏུ་ཉལ་བའི་རྟོགས་དཀའ་བའི་མཚོན་དོན། དེ་བཞིན་དུ་སྒྱུ་རྩལ་གྱི་ཆ་སོགས་ཕྱོགས་གང་ནས་ཀྱང་བརྟག་དཔྱད་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་ལ། གཡག་དང་ཤ་བ་ནི་མདོ་དབུས་མཐོ་སྒང་གི་བྲག་རིས་རྙིང་པའི་ཁྲོད་ཆེས་མང་ཞིང་། མདོ་དབུས་མཐོ་སྒང་གི་ས་བབ་དང་འཚོ་བ་སོགས་དང་འབྲེལ་ནས་བཤད་ན་ཚབ་མཚོན་རི་མོ་ཡང་ཡིན་པར་གྲགས།
དེ་ཡང་འདིར་བརྐོས་པའི་རི་མོ་དག་ཤིན་ཏུ་སྟབས་བདེའི་རྣམ་པར་བརྐོས་འདུག་ན་ཡང་། འབྲོང་གཡག་དག་གི་ཁྱད་ཆོས་ནི། རྭ་ཅོ་གནམ་ལ་གཟེངས་ཤིང་ཤ་ཤེད་རྒྱས་པ། རྔ་མ་གྱེན་དུ་བསླངས་པ་དང་། ཡང་འགའ་ཞིག་གིས་རྔ་མ་འཕྲེད་དུ་བསླངས་ཡོད་པའམ་ཅུང་ཟད་འཕྲེད་དུ་བསླངས་པ་སོགས་ངར་ཤུགས་ཀྱི་རྣམ་པ་མཚོན་པར་བྱས་འདུག་པས་གཡག་རྒོད་དམ་འབྲོང་གི་རྣམ་པར་མངོན་པ་ལས། དེང་སྐབས་འགྲོ་བ་མིའི་སྒོ་ཕྱུགས་སུ་བཀོལ་སྤྱོད་བྱེད་བཞིན་པའི་སྤྱིར་བཏང་གི་གཡག་དང་གཏན་ནས་མི་འདྲ་བར་འདུག
དེ་བཞིན་དུ་ཤ་བ་རྣམས་ནི་རྭ་ཅོ་གནམ་དུ་གཟེངས་ཤིང་། ལུས་ཀྱི་ཉམས་ལ་ལྡེམ་ཆ་དོད་པའི་གཟུགས་རིས་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་མཁས་དབང་ནམ་མཁའི་ནོར་བུའི་གསུང་འབུམ་དུ་བཀོད་ཡོད་པའི་ཤ་བའི་མདོས་ཤིག་ཏུ། རྭའི་སྐྱེ་རྩལ་གཞན་ལས་འཕགས་པ་ནི། །ཤ་བའི་ཤེད་རྩལ་གཞན་ལས་འཕགས་པའི་རྟགས། །①ཞེས་གསུངས་པ་བཞིན་འདིར་ལྟོས་བཅས་ཀྱིས་རི་མོ་ཆེ་བའི་གྲས་ཀྱི་ཤ་བ་གཅིག་གྱེན་དུ་མཆོང་སྟབས་ཀྱི་རྣམ་པར་བརྐོས་ཡོད་པ་སོགས་ངོ་མཚར་བར་འདུག །ད་དུང་བྱ་རྒྱལ་ཁྱུང་གི་རི་མོ་ལྟ་བུ་རི་མོ་རེ་བྱུང་བ་དེ་གལ་ཏེ་བྱ་རྒྱལ་ཁྱུང་ཡིན་པའི་དབང་དུ་བཏང་ན་གདོད་མའི་ཆོས་ལུགས་དང་འབྲེལ་བ་ཡོད་པ་བཤད་མ་དགོས་པ་ཞིག་རེད་ལ། དེ་བཞིན་དུ་མི་མང་པོའི་མཉམ་དུ་བྲོ་འཁྲབ་བཞིན་པའི་རྣམ་པ་དེའི་སྟེང་ནས་ཀྱང་མ་མཐའ་ཡང་གནའ་བོའི་དུས་ཀྱི་རུས་རྒྱུད་ཚོ་བ་ཐུན་མོང་གི་འཚོ་བ་རོལ་སྟངས་མཚོན་ཐུབ་པའི་རྣམ་པ་ཞིག་མིན་ནམ་སྙམ། མིའི་གཟུགས་རིས་མང་པོ་བརྐོས་པ་དང་། ལྷག་པར་དུ་རྟ་ལ་བཞོན་པ་དང་། མདའ་གཞུ་འཕེན་པ་སོགས་ཀྱིས་གནའ་བོའི་གདོད་མའི་དུས་ཀྱི་འགྲོ་བ་མིའི་འཚོ་བ་དང་། མི་དང་སྲོག་ཆགས་བར་གྱི་འབྲེལ་བ་སོགས་མཚོན་པ་ཡིན་ཞེས་དེང་སྐབས་ཞིབ་འཇུག་པ་དག་གིས་བཤད་བཞིན་ཡོད།
རི་མོ་འདི་དག་གི་རྐོ་སྟངས་ནི་བརྡུང་བརྐོས་དང་། བརྡར་འབྲིའི་རྣམ་པ་སྟེ་སྲ་མཁྲེགས་ཅན་གྱི་རྡོ་བ་ལག་ཆར་བེད་སྤྱད་དེ་བརྐོས་པ་ལས་གཟོང་སོགས་ལྕགས་ཆས་དང་ལི་ཆས་རིགས་གང་ཡང་བེད་སྤྱོད་བྱས་པའི་ཉམས་མི་འདུག་ཅིང་། རོ་མོ་དག་ཀྱང་འབྲི་སྟངས་ཤིན་ཏུ་སྟབས་བདེ་ཅན་དུ་སོང་བས་དུས་ཚོད་སྔ་བའི་གྲས་སུ་འགྲོ་བ་ནི་བཤད་མ་དགོས་པ་ཞིག་རེད་ལ། དེ་ཡང་ད་ལྟ་ཕར་བལྟས་པ་ཙམ་གྱིས་འདིར་ཡོད་པའི་རི་མོ་ཁག་ནི་དུས་སྐབས་གཅིག་ལ་བརྐོས་པ་ལས་གསར་བསྣན་གྱི་རྣམ་པ་ཅི་ཡང་མེད་པས་ཞིབ་འཇུག་གི་རིན་ཐང་དེ་བས་ཀྱང་ལྡན་ཡོད། བོད་ཀྱི་མཛེས་རྩལ་ཀུན་བཏུས་ཀྱི་བྲག་བརྐོས་ཆེད་དེབ་ཏུ། བོད་ལྗོངས་བྲག་རིས་ཀྱི་བྱུང་དུས་གཙོ་ཆེར་གནའ་བོའི་ལྕགས་རྡོ་མཉམ་སྤྱོད་ཀྱི་དུས་སྐབས་ཡིན། ཨེ་ཤ་ཡ་ནུབ་མའི་གཙང་པོ་གཉིས་ཀྱི་འབབ་རྒྱུད་དུ་ལོ་ངོ་6000ནས་4000བར་ལྕགས་རྡོ་མཉམ་སྤྱོད་བྱས། མཚོ་བོད་མཐོ་སྒང་གི་ཡུལ་འདིར་ཕལ་ཆེར་4000ནས་2000བར་བྱུང་། ཞེས་དང་། མཚོ་སྔོན་འབྲོང་ལུང་གི་བྲག་རིས་དག་ནི་མི་ལོ་3200ཡས་མས་ཀྱི་ལོ་རྒྱུས་ཡོད་པར་སྨྲ། ②ཞེས་བཤད་པ་དང་། མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་དུ། ཉིན་ཞིག་ཞང་ཞུང་རུ་ཐོག་གི་མི་རྒྱུད་ཚོས་བྲག་རྡོའི་ངོས་སུ་བྲིས་པའི་རི་མོ་མི་ཉུང་བ་ཞིག་ཡོད་འདུག་པ་དེ་རིགས་ལ། དུས་ཕྱིས་དབྱིན་ཡུལ་གྱི་གནའ་བོའི་རིག་རྫས་རྟོག་ཞིབ་མཁན་པོ་འགས་ཞིབ་འཇུག་བྱས་འབྲས་སུ་ཁོང་རྣམ་པས་གཏན་འབེབས་བྱས་ཡོད་པ་ནི་ཨཱོསྟྲ་ལི་ཡའི་གཉུག་གནས་མི་རིགས་ཀྱི་ཡ་ཐོག་གི་ལོ་རྒྱུས་ལོ་གྲངས་སྟོང་ཕྲག་བཞི་བཅུའམ་བཞི་ཁྲིའི་གོང་དུ་འགྲོ་ཐུབ་ཀྱི་ཡོད་པར་བརྟེན། མི་རིགས་དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཁྲོད་དུ་རྙིང་ཤོས་ཡིན་པར་ངོས་འཛིན་བྱས་ཡོད། ཞང་ཞུང་རུ་ཐོག་གི་བྲག་བརྐོས་རི་མོ་འདི་ཚོ་ལའང་རྙིང་མའི་རང་གཤིས་ཁྱད་ཅན་ཞིག་ཡོད་པ་མངོན་སུམ་དུ་མཐོང་ཐུབ་པ་དེ་ལྟར་ན་ལོ་གྲངས་བཞི་ཁྲི་ཙམ་བརྒལ་ཡོད་མེད་བཤད་དཀའ་མོད། ཞང་ཞུང་གི་དུས་རིམ་གོང་མ་ལས་ཆེས་སྔ་བའི་དུས་ཀྱི་རི་མོ་ཡིན་པ་ནི་བློ་སྤོབས་ཆེན་པོའི་སྒོ་ནས་བཤད་ཐུབ་པ་ཡིན། ③ཞེས་གསུངས་པ་སོགས་ལ་གཞིགས་ན་བྲག་རིས་འདི་ལ་ཡང་འབྲི་སྤྱད་ཀྱི་ལག་ཆ་དང་། རྣམ་པ། རི་མོའི་ནང་དོན་སོགས་གང་ལ་བལྟས་ན་དུས་ཡུན་ཤིན་ཏུ་རིང་པོར་སོང་ཡོད་པ་ནི་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་རེད།
ཡང་འདིར་ནན་ཏན་གྱིས་བཤད་བསམ་པ་ཞིག་ལ། བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་བྲག་བརྐོས་ཆེད་དེབ་ཏུ། མདོ་དབུས་མཐོ་སྒང་གི་བྲག་རིས་ཀྱི་ཁྱབ་ཡུལ་རི་མོ་དང་མཚོ་བོད་བྲག་བརྐོས་རི་མོའི་ཉམས་འགྱུར་གྱི་འགྱུར་རིམ་གཅིག་གྱུར་ངང་འཕེལ་ལམ་ཞིག་མངོན་ཡོད། དེའི་གཞི་རྩའི་ཁྱད་ཆོས་ནི་མཐོ་སྒང་གི་བྲག་རིས་ཆེས་ཐོག་མར་མཚོ་སྔོན་ནུབ་ནས་བྱུང་སྟེ་ཤར་ནས་ནུབ་ཏུ་དར་ལ་ཞོར་ནས་བྱང་འབྲོག་བརྒྱུད་མཐར་བོད་ལྗོངས་མངའ་རིས་ཀྱི་རུ་ཐོག་ལ་སླེབས། ཞེས་དང་། གནས་འདིར་བྲག་རིས་ཀྱི་འབྱུང་ཡུལ་ནི་ཤར་ནས་ནུབ་སྟེེ། མཚོ་སྔོན་ནས་བྱང་འབྲོག་ས་ཆ་བརྒྱུད་མཐར་ནུབ་ཁུལ་དུ་དར་ཡོད། ④ཅེས་བཤད་པའི་སྡོམ་ཚིག་དེ་ནི་ངེས་གཏན་འཕེར་བ་ཞིག་རེད་མི་འདུག་པས། འདི་ལྟར་ཞིབ་འཇུག་གི་གསང་བའི་གནད་དོན་ལ་རྟོག་དཔྱོད་མཐར་ཆགས་སྔོན་དུ་མ་སོང་བར་སྡོམ་ཚིག་བཀོད་པ་ཡང་ཡི་མི་རངས་བའི་གནས་ཤིག་ཅི་ལ་མིན། དེ་ལྟ་ན་ཉེ་བའི་ཆར་ཁམས་ཉག་རོང་གླག་ཁོག་ནས་གསར་དུ་ཤེས་རྟོགས་བྱུང་བའི་བྲག་རིས་རྙིང་པ་དང་། ད་ཐེངས་ཀྱི་བྲག་རིས་འདི་སོགས་ཁམས་ཀྱི་ཡུལ་ལུང་དག་གི་བྲག་རིས་ཤིན་ཏུ་རྙིང་པ་དག་ལ་ཇི་ལྟར་འགྲེལ་བརྗོད་བྱ་རྩིས་ཡིན།
མདོ་དབུས་མཐོ་སྒང་གི་རི་མོའི་ཁྲོད་འབྲོང་དང་ཤ་བ། རྔོན་པ་དང་རྔོན་ཁྱི། རྟ་བཞོན་པའི་མི་དང་། མདའ་གཞུ་ཐོགས་པའི་མི་སོགས་བྱུང་མང་ཞིང་། ཕྱི་ནང་གི་ཉམས་ཞིབ་པ་དག་གིས་ཀྱང་རྗེས་སུ་དཔག་པའི་རིག་འདེད་དམ་ཕྱིའི་རྣམ་པ་ཙམ་ལ་གཞིགས་ཏེ། ཆེས་གནའ་བོའི་དུས་ཀྱི་རུས་རྒྱུད་ཚོ་པ་ཁག་གི་འཚོ་བ་དང་། མི་དང་སྲོག་ཆགས་བར་གྱི་འབྲེལ་འདྲེས་མཚོན་པ་རེད་ཅེས་དང་། ཡང་གདོད་མའི་དུས་ཀྱི་ཆོས་ལུགས་དང་འཚོ་བ་སོགས་མཚོན་བྱེད་ཀྱི་ཡི་གེའི་ཚབ་མཚོན་ལྟ་བུར་ཡང་ཆ་འཇོག་བྱེད་བཞིན་ཡོད་པ་ལས། འདིར་ཁོང་རྣམ་པས་བཤད་ཟིན་པ་དག་བསྐྱར་ཟློས་ཀྱི་ངལ་བ་བྱས་ཤིང་། ཕྲན་རང་ཉིད་ཀྱིས་ཀྱང་འདི་ཡིན་དང་དེ་མིན་ཞེས་ཚིག་ཐག་ཆོད་པ་གང་ཡང་བཤད་པའི་རྔོ་མི་ཐོགས་ལ། བྲག་རིས་འདིའི་ཕག་ཏུ་ཡིབ་པའི་རིག་གནས་ཀྱི་གསང་བ་ནི་དེ་བས་ཀྱང་ཤེས་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །
འོན་ཀྱང་རང་ཉིད་ཀྱི་ལྟ་ཚུལ་ཕྲན་བུ་འགའ་རེ་འདིར་བརྗོད་ན། སྟོད་ལ་དྭགས་ནས་སྨད་འབྲི་ཆུའི་སྨད་རྒྱུད་དེ་དེང་གི་ཡུན་ནན་ས་ཆའི་བར་གྱི་བྲག་བརྐོས་རི་མོ་མང་པོ་བྲི་སྟངས་དང་ནང་དོན་སོགས་གཅིག་མཐུན་ནམ་འདྲ་བའི་ཆ་ཤིན་ཏུ་མང་བ་ནི་ཆེས་ངོ་མཚར་བའི་གནས་ཤིག་ཡིན། དེ་ཡང་འགྲིམ་འགྲུལ་དང་བརྡ་འཕྲིན་སོགས་གང་ཡང་མེད་པའི་ཆ་རྐྱེན་འོག་ཡུལ་གྱི་བར་ཐག་ལེ་དབར་སྟོང་ཕྲག་དེ་ཙམ་གྱིས་བསྐལ་ཀྱང་གནའ་བོའི་དུས་ཀྱི་བྲག་རིས་མང་པོ་ཞིག་ལ་སྤྱི་ལ་ཁྱབ་པའི་གཅིག་མཐུན་གྱི་འདྲ་ཆོས་མང་དུ་བྱུང་འདུག་པ་དེར་བསམ་གཞིག་མང་དུ་གཏོང་རྒྱུ་ཡོད། བོད་ཡུལ་གྱི་གནའ་བོའི་དུས་ཀྱི་བྲག་བརྐོས་རི་མོ་རྣམས་ལ་དེང་སང་ཡོངས་གྲགས་ཀྱིས་ངོས་འཛིན་ཐོབ་པ་བཞིན། རི་མོའི་རྣམ་པའི་སྟེང་ནས་གདོད་མའི་འཚོ་བ་མཚོན་པ་ཙམ་གྱིས་མི་ཚད་པར་རིག་གནས་དང་། དད་མོས་སོགས་ཀྱི་གསང་བ་ཤིན་ཏུ་མང་པོ་ཞིག་ཡོད་པ་ནི་སུས་ཀྱང་ད་སྔའི་བར་དུ་བཤད་མ་ཐུབ་པར་ལུས་ཡོད། དེ་ཡང་གནའ་བོའི་དུས་ཀྱི་བྲག་བརྐོས་རི་མོ་མང་པོ་ཞིག་ནི་གནས་རི་དང་། གཞི་བདག་སོགས་དེང་སང་གི་བར་དུ་རི་བོ་དང་ཡུལ་ལུང་རྩ་ཆེན་དུ་བརྩི་བ་དག་གམ་ས་གཉན་ཡུལ་གཉན་དག་གི་འདབས་རོལ་དུ་ཡོད་པ་ཡིན་པས། འདི་ཐོག་མར་བཞེངས་སྐྲུན་སྐབས་ཀྱང་གང་འདོད་དུ་བརྐོས་པ་ཞིག་མིན་པར། ཆོ་ག་དང་ཕྱག་སྲོལ་གྱི་བརྒྱུད་རིམ་ཆ་ཚང་བ་ཞིག་བརྒྱུད་པའི་བསམ་བློའི་རྨང་གཞིའི་སྟེང་ནས་གཟོད་བཟོས་པ་ཞིག་མིན་ནམ་སྙམ་པའི་དོགས་པ་ངང་གིས་འབྱུང་། གནའ་བོའི་བོན་དང་རྙིང་མའི་གཏེར་ཆོས་ཀྱི་མདོས་སོགས་གཏོ་ཆོག་འགའ་རེར་ཤ་བའི་བོན་དགུ་ ⑤ཞེས་པས་མཚོན་ཤ་བའི་སྐོར་མང་དུ་ཡོད་པ་དང་། དེའི་ཕྱིས་བཙན་པོའི་རྒྱལ་རབས་སྐབས་སུ་ཡང་བོན་གྱི་བློན་པོ་དག་གིས་ཤ་བ་མང་པོ་བསད་དེ་དམར་མཆོད་བྱས་པའི་ལོ་རྒྱུས་ཡོད་པ་སོགས་ལ་བསམ་གཞིག་བྱ་རྒྱུ་ཡོད་ཅིང་། དེ་བཞིན་དུ་ཆགས་མེད་རིན་པོ་ཆེས་བསྒྲིགས་པའི་མདོས་སྣ་དྲུག་ཅུ་ལས། རླུང་སྒོ་གཅོད་མདོས་ཞེས་པ་ལས། ངར་མི་འབྲུག་གདོང་ཤ་བ་ཞོན་པ་ལག་ན་བ་དན་ཐོགས་པ་འབྲུ་སྣ་ཆང་བུ་ནམ་མཁའ་མདའ་འཕང་གིས་བརྒྱན་པ། ⑥ཞེས་སོགས་མང་དུ་འབྱུང་བ་སོགས་དང་ཆ་འདྲ་བར་གནས་རི་དང་ཡུལ་ལུང་གཉན་པོ་དག་གི་བྲག་ངོས་སུ་ཤ་བ་སོགས་གཟུགས་རིས་འདྲ་མིན་རྐོ་བའི་སྲོལ་འདི་ཡང་གནའ་བོའི་དུས་ཀྱི་ཆོས་ལུགས་ཆོ་ག་དང་དེ་ལས་བྱུང་བའི་མིའི་བསམ་བློའི་འཛིན་སྟངས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཡིན་ནམ་སྙམ། ཡང་དེ་བཞིན་དུ་མཁས་པ་ཆེན་པོ་འཇུ་མི་ཕམ་གྱི་གསུང་འབུམ་དུ་འཁོད་པའི་གཏེར་ཆེན་གུ་རུ་ཆོས་དབང་གི་གཏེར་མར་གྲགས་པའི་མདོས་ཀྱི་བསྔོ་བའི་འཕྱོངས་ཞེས་པར། བྷྱོཿ རྣལ་འབྱོར་དབང་ཕྱུག་བདག་ཅག་གིས༔
དགའ་རྒུ་བསགས་ནས་མཐུན་རྒུ་བསྡེབས༔ དཀའ་བ་མི་ལ་བཙལ་བའི་མདོས༔ སྲ་བ་བྲག་ལ་བརྐོས་པའི་མདོས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ ཏིང་འཛིན་དག་པས་འདོད་རྒུར་བསྒྱུར༔ མདོས་བཅས་དེ་ནི་བདར་བདར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ མདོས་བཏགས་དེ་ནི་བརྒྱན་བརྒྱན་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ མདོས་བྲི་དེ་ནི་བཀོད་བཀོད་ནས༔ སྟག་གཟིག་ཚང་ནས་ཐོན་པ་འདྲ༔ ⑦ཞེས་གསུངས་པའི་སྲ་བ་བྲག་ལ་གནས་པའི་མདོས་ཞེས་པ་ནི་བྲག་ངོས་སུ་བརྐོས་པའི་གཟུགས་རིས་ཤིག་ལ་ཟེར་བ་མིན་ནམ་སྙམ་ལ། གོང་དུ་སོང་བ་བཞིན་ཤ་བའི་སྐོར་གྱི་མདོས་དང་ཆོ་ག་མང་དུ་ཡོད་པ་དང་། གནའ་བོའི་དུས་ཀྱི་བྲག་རིས་ཁག་ཏུ་ཤ་བ་དང་། གཡག་སོགས་ཀྱི་རི་མོ་གཙིགས་སུ་བཟུང་ནས་རྐོ་སྲོལ་ཡོད་པ་སོགས་གཅིག་ལ་གཅིག་མཐུན་ལྟར་དུ་གྲུབ་པ་མིན་ནམ་སྙམ།
ཡང་བོན་གྱི་ཡིག་ཆ་མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ཅེས་པར། དགུང་ལ་ཉི་ཟླ་གནས་པ་དེ། ཉི་ཟླ་དགུང་དང་བྲལ་བས་ན། སེམས་ཅན་མུན་པས་གཡོག་པར་མཆིས། ཉ་སྲམ་མཚོ་ལ་གནས་པ་དེ། མཚོ་དང་བྲལ་ན་དེ་ཡིས་འཆི། བྲག་ལ་ཤ་བ་གནས་པ་དེ། ཤ་བ་བྲག་དང་བྲལ་ན་འཆི། ⑧ཞེས་གནའ་བོའི་བོན་གྱི་ཡིག་ཆར་ཤ་བ་ནི་བྲག་དང་བྲལ་མི་རུང་བ་དང་། བྲག་དང་བྲལ་ན་འཆི་བར་འགྱུར་ཞེས་པས་ཤ་བ་དང་བྲག་གི་བར་ལ་འབྲལ་དུ་མི་བཏུབ་པའི་འབྲེལ་བ་ངེས་ཅན་ཞིག་ཡོད་པ་བསྟན་འདུག་ཅིང་། གོང་དུ་དྲངས་པའི་མཁས་དབང་ནམ་མཁའི་ནོར་བུ་གསུང་འབུམ་དུ་བཀོད་པའི་ཤ་བའི་མདོས་ཀྱི་འཕྲོར། དུང་གི་ཤ་བ་ཤེལ་གྱི་ར་ཅོ་ཅན་མི་སྐད་སྨྲ་ཤེས་མཁན་ཞིག་ཡོད་པ་དེ་ལ་ཡོན་ཏན་མང་དུ་ཡོད་པ་ལས། ཤ་བས་མི་སྐད་སྨྲ་བ་ནི། ལྷ་མི་འཕྲིན་པ་བྱེད་པའི་དོན། ཞེས་བཤད་པ་བཞིན་ཤ་བ་དེ་ནི་མི་དང་ལྷའི་བར་འཕྲིན་པ་བྱེད་མཁན་ཡང་ཡིན་པར་བཤད་པས་གནའ་བོའི་དུས་ཀྱི་ཆོས་ལུགས་དད་མོས་ཀྱི་བསམ་བློའི་ཁྲོད་ཀྱི་ཤ་བ་ནི་སྲོག་ཆགས་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་གོ་གནས་བཟུང་ཡོད་དོ། །
ཡང་གོང་གི་ཤ་བའི་མདོས་སུ། ཤིང་དང་བྱ་དང་ཤ་བ་གསུམ། །འཇིག་རྟེན་དེ་ཡི་རྒྱན་ལགས་ཏེ། །གསེར་དང་གཡུ་ཡིས་བརྒྱན། །ཞེས་དང་། འཇིམ་པའི་ཤ་བ་ནམ་མཁའ་ལ་འགྲོ་བ་དང་། རྔ་ལ་ཞོན་ནས་འགྲོ་བ་སོགས་ཟག་བཅས་ཀྱི་རྫུ་འཕྲུལ་མང་པོ་ཡོད་སྐད་དང་། ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་དྲངས་འདུག་པ་སོགས་ཀྱིས་མཚོན་ཤ་བ་དང་། ཤ་བའི་མདོས། བྲག་ལ་གནས་པའི་ཤ་བ་སོགས་ལ་གནའ་བོའི་དུས་ཀྱི་ཆོས་ལུགས་ཆོ་གའི་ལམ་ལུགས་ཤིག་གམ་དེས་བསྐྱེད་པའི་དད་མོས་ཤིག་གི་བསམ་བློའི་རྨང་གཞི་ལས་སྟོད་ལ་དྭགས་ནས་མདོ་ཁམས་སྨད་ཀྱི་བར་དུ་གཅིག་གྱུར་ཏམ་ཡང་ན་ཤིན་ཏུ་འདྲ་བའི་རི་མོ་ཁག་བྱུང་བ་ཞིག་མ་ཡིན་ནམ་སྙམ།
དེ་བཞིན་དུ་གཡག་གི་སྐོར་ནི་ཏུན་ཧོང་ཡིག་ཆ་སོགས་གནའ་བོའི་དུས་ཀྱི་ཡིག་ཆ་མང་པོར་འཁོད་ཅིང་། གནའ་བོའི་དུས་ཀྱི་མི་རྣམས་གཡག་དང་འཐབ་འཛིང་དང་། འབྲེལ་འདྲིས་རྒྱུན་ཆད་མེད་པར་བྱེད་བཞིན་ཡོད་ཅིང་། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ཐོག་མར་ཁྲི་ལ་འཁོད་སྐབས་དོག་པ་དྲུག་གི་ནང་དུ་ཡང་གཡག་གི་འཇིག་པ་ཞེས་པ་ཞིག་བཀོད་ཡོད་པ་བཞིན། གཡག་གི་འཇིག་པའི་ལན་དུ་མཚོན་ཡོད་པར་བཤད་པ་ལྟ་བུས་མཚོན་མདོ་དབུས་མཐོ་སྒང་དུ་གཡག་དང་མིའི་འཚོ་བ་གཉིས་ནི་ས་བབ་སོགས་ཀྱིས་ལོ་ངོ་ཤིན་ཏུ་མང་པོར་འབྲལ་མེད་དུ་གནས་ནས་ཡོང་བ་ཡིན་ཞིང་། དུས་ད་ལྟ་ཡང་ས་གནས་རེ་འགར་འབྲོང་དང་གཡག་ལ་བརྩི་མཐོང་ཆེན་པོ་བྱེད་སྲོལ་ཡོད་པ་(སྟོད་མངའ་རིས་སྒེར་རྩེ་ནས་ཡིན་པའི་གྲོགས་པོ་ཞིག་གིས་ཁོ་བོར་བཤད་ན། ཁོང་ཚོའི་ཡུལ་གྱི་ཨ་རིའི་གངས་འདབས་སུ་གནས་པའི་མི་དག་གིས་ཡུལ་དེའི་འབྲོང་བྲེ་སེར་ཁམ་པ་དག་གཞི་བདག་གི་སྒོ་ཟོག་ཏུ་བརྩིས་ནས་གནོད་བྱེད་སྲོལ་མེད། ཅེས་པ་དང་། མདོ་ཁམས་ཀྱི་ཡུལ་ལུང་མང་པོར་འབྲོང་གཡག་གིས་སྙིང་སྟོབས་དང་དཔའ་རྩལ་མཚོན་པ་རེད་ཟེར་སྲོལ་ཡོད་པ་ལྟ་བུ་སོགས་མང་དུ་ཡོད་དོ། །)ལྟ་བུ་ཞིག་མ་ཡིན་ནམ།
དེ་བཞིན་དུ་བོད་མིའུ་གདུང་དྲུག་ཅེས་བོད་འདིར་སྲིད་པ་ཆགས་པ་ནས་བཟུང་རྩ་བའི་རུས་ཚན་ཆེན་པོ་བཞིའམ་དྲུག་བྱུང་ཡོད་པར་བཤད་ཅིང་། རུས་ཚན་སོ་སོར་ཡང་བླ་ཟོག་མི་འདྲ་བ་རེ་ཡོད། དེ་ཡང་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས།⑨བོད་ཀྱི་རུས་ཆེན་བཞི་ལས་རིགས་བཟང་ལྔ་བསལ་བ་ནས་བཟུང་རང་རང་གི་བླ་ཟོག་ཡོད་དེ། ལྡོང་གི་བླ་ཟོག་ཤ་བ། འབྲིའི་བླ་ཟོག་གཡག སྦྲའི་བླ་ཟོག་རྐྱང་། སྒའི་བླ་ཟོག་ལུག སྒོའི་བླ་ཟོག་ར་ཡིན། ཞེས་སོགས་གསུངས་པས་ད་ཐེངས་ཀྱི་བྲག་བརྐོས་རི་མོ་གནས་ཡུལ་གྱི་མདོ་ཁམས་མི་ཉག་རབ་སྒང་ནི་ལྡོང་གི་རུས་ཚན་དུ་གཏོགས་ཏེ། བོད་མིའུ་གདུང་དྲུག་གི་རུས་མཛོད་ལས། ཡུལ་མི་ཉག་ནས་ལྡོང་གི་རིགས་⑩ཞེས་བཤད་པ་བཞིན་མི་ཉག་གི་ཡུལ་ཁམས་སྤྱི་ལྡོང་གི་རིགས་རུས་སུ་གཏོགས་པས་ལྡོང་གི་བླ་ཟོག་ཤ་བར་བཀུར་བར་བྱ་སྲོལ་གནའ་ནས་ད་ལྟའི་བར་དུ་མདོ་ཁམས་མི་ཉག་གི་ཡུལ་དུ་ཡོད་ཅིང་། ཁོ་བོ་ཅག་གི་ད་ལྟའི་མི་རབས་སྔོན་མ་དག་གི་ངག་ལས་ཀྱང་ཁ་ཤ་དང་། ཤ་བ་སོགས་གཞི་བདག་མི་མ་ཡིན་གྱི་སྒོ་ཟོག་ཏུ་གཏོགས་པས་གནོད་བྱ་མི་རུང་ཞེས་ཟེར་སྲོལ་ཡོད། དེ་བཞིན་དུ་ཡང་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། ཆུ་ནག་གི་འབྲི་ཡི་རིགས་རྣམས་ཀྱི་བླ་ཟོག་གཡག་ཡིན་པས། ཁང་ཐོག་ཏུ་གཡག་མགོ་འབྲི་བའམ་བཅའ་བར་བྱེད་པས། དེ་དག་གི་ཡུལ་ལ་གཡག་མགོའི་ཁོག་ཅེས་གྲགས་ཞེས་སོགས་བཤད་པས་མཚོན་ཡུལ་ཁམས་འདི་དག་ཏུ་ཤ་བ་དང་གཡག་གི་གཟུགས་བརྙན་བརྐོས་པ་ལ་ཡང་ཆོས་ལུགས་དད་མོས་ཀྱི་བསམ་བློ་དང་། བླ་ཟོག་བླ་རུ་བཀུར་བའི་འདུ་ཤེས་སོགས་ཀྱི་ངོས་མང་པོ་ནས་འགྲེལ་བཤད་རྒྱག་རྒྱུ་དང་གོ་བ་ལེན་རྒྱུ་ཡོད་པ་ནི་གོར་མ་ཆགས་སོ། །
དེ་བཞིན་དུ་ཡུལ་ཁམས་འདིར་གནའ་ཆེས་སྔ་བའི་དུས་ནས་གཡག་དང་ཤ་བ་སོགས་སྲོག་ཆགས་ཀྱིས་མིང་གིས་བཏགས་པའི་ཡུལ་ལུང་མང་དུ་ཡོད་པ་ལས། དཔེར་ན། ཤ་མ་ལངས། ཤ་ཕོ་ལུང་། ཤ་བ་ལབ་རི་སོགས་དང་། གཡག་ལུང་དང་། རྟ་ཤུལ་མཛོ་ཤུལ་སོགས་སེམས་ཅན་གྱི་མིང་གིས་བཏགས་པའི་ཡུལ་ལུང་མང་དུ་ཡོད་པས་གནའ་བོའི་ཆེས་གདོད་མའི་སྐབས་ནས་འགྲོ་བ་མི་དང་སྲོག་ཆགས་འདི་དག་མཉམ་གནས་ཀྱིས་འཚོ་བ་རོལ་ནས་བྱུང་ཡིན་པ་ཤེས་ཐུབ་བོ། །
དེ་ལྟར་ད་ཐེངས་ཀྱི་ཡུལ་དངོས་ནས་རྟོག་དཔྱོད་ཀྱི་མཐོང་ཐོས་རྣམས་གཞི་ལ་བཞག་ཅིང་། རྙེད་སོན་བྱུང་བའི་དཔྱད་གཞིའི་ཡིག་ཆ་རྣམས་དང་བསྡུར་བ་ཕྲན་ཙམ་བྱས་ཏེ་དཔྱད་པ་བཏང་བའི་ཁུལ་ཡིན་ཡང་། སོ་སྐྱེ་རང་ག་བ་ཞིག་གི་རྣམ་དཔྱོད་དང་ཤེས་རབ་ལ་ཚད་ཡོད་པར་བཤད་པ་ལྟར་སྐྱོན་དང་ནོར་འཁྲུལ་གྱི་ཆ་ཅི་རིགས་པར་ཡོད་ངེས་པས་མཁྱེན་ལྡན་དག་གིས་དཔྱད་བརྗོད་གནང་རོགས་ཞུ་བ་ཡིན་ནོ། །
① ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ། པོད་གཉིས་པའི་ལྡེབ་194 ངོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོའི་ཟླ་བ12པར་དཔར།
② བོད་ཀྱི་མཛེས་རྩལ་ཀུན་བཏུས། ལྡེབ་32 ངོས། ཀྲང་ཡཱ་ཧྲས་张亚莎བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ 2017ལོའི་ཟླ2 པར་དཔར།
③ ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ། པོད་བཞི་པའི་ལྡེབ་134 ངོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོའི་ཟླ་བ12 པར་དཔར།
④ བོད་ཀྱི་མཛེས་རྩལ་ཀུན་བཏུས། ལྡེབ་34 ངོས། ཀྲང་ཡཱ་ཧྲས་张亚莎བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ 2017 ལོའི་ཟླ 2 པར་དཔར།
⑤ ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ། པོད་གཉིས་པའི་ལྡེབ་189ངོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015 ལོའི་ཟླ་བ་12 པར་དཔར།
⑥ མདོས་དང་གསུར་སོགས་ཕྱོགས་བསྒྲིགས་བྱས་པའི་ལྡེབ་ཤར་ཅན་གྱི་པོད་གསར་དཔར་ཞིག་ལས་དྲངས།
⑦ མདོས་དང་གསུར་སོགས་ཕྱོགས་བསྒྲིགས་བྱས་པའི་ལྡེབ་ཤར་ཅན་གྱི་པོད་གསར་དཔར་ཞིག་ལས་དྲངས།
⑧ གངས་ཅན་རིག་མཛོད་དཔེ་ཚོགས་ལས། ཁུ་བྱུག་སྔོན་མོའི་སྒྲ་དབྱངས། ལྡེབ་ 17ངོས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ2017 ལོའི་ཟླ4 པར་དཔར།
⑨ བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་ཀྱིས་བསྒྲིགས་པའི་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2017ལོའི་ཟླ་དང་པོར་དཔར་བའི་ཤོག་ངོས་55 ལས་དྲངས།
⑩ མི་ཉག་ར་ཐིས་དགོན་གྱི་བྱུང་བ་བརྗོད་པ་ཆུ་དྭངས་ནོར་བུའི་ཕུང་པོ། ལྡེབ་12ངོས་ལས་དྲངས། མཁན་པོ་ཚེ་རིང་རྡོ་རྗེ་དང་ཡེ་ཤེས་འབྱུང་གནས་གཉིས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ 2007ལོའི12 པར་དཔར།