ལྷ་སའི་ར་ས་གཙུག་ལག་ཁང་སུ་སོང་བའི་དངོས་བསྐྱོད་ཟིན་བྲིས།

གསེར་ཀུན་དགས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


རྩོམ་ཡིག་འདིའི་ནང་དུ་གཙོ་བོ་རྩོམ་པ་པོ་བོད་ལྗོངས་ཀྱི་ས་ཆ་ཁ་ཤས་སུ་ཡུལ་དངོས་རྟོག་དཔྱོད་ལ་སོང་བར་བརྒྱུད། ཁོང་གིས་ཡུལ་ལུང་དེ་དག་གི་དམངས་སྲོལ་རིག་གནས་དང་འཚོ་བའི་གོམས་གཤིས། མི་ཆོས་རིག་གནས་དང་དད་མོས་སོགས་ཀྱི་སྐོར་མང་ཙམ་འཚོལ་བསྡུ་བྱས་ཡོད་པ་ལས། སྐབས་སུ་བབ་པ་ནི་ལྷ་སའི་བར་སྐོར་དང་ཕོ་བྲང་པོ་ཏ་ལ་སོགས་ཡིད་དབང་འཕྲོག་པའི་བོད་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་དང་སྲང་ལམ་གྱི་ཁྱད་ཆོས་སོགས་དངོས་བྲིས་བྱས་ཡོད་པར་མ་ཟད། ལོ་རྒྱུས་ལྡན་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མིང་ཐོགས་ཚུལ་དང་མིང་གི་རྣམ་གྲངས། དུས་རབས་མི་འདྲ་བའི་ནང་གི་ར་ས་གཙུག་ལག་ཁང་གི་འཕེལ་འགྲིབ། དེ་མིན་གཙུག་ལག་ཁང་གི་འཛུགས་སྐྲུན་གྱི་སྐོར་སོགས་དངོས་སུ་མཐོང་བ་གཞིར་བྱས་ནས་རགས་ཙམ་བྲིས་ཡོད།

ར་ས་གཙུག་ལག་ཁང་གི་སྟེང་ཤོད་བར་གསུམ།
西藏大昭寺

གཙུག་ལག་ཁང་འདི་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང་། རྒྱ་བཟའ་འུན་ཤིང་ཀོང་ཇོ་ཁབ་ཏུ་བསུས་རྗེས་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་གཙོ་ཞུགས་བྱས་ཏེ་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་གསར་དུ་བསྐྲུན་པ་ནས་ད་བར་མི་ལོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་ཉམས་གསོ་རྒྱ་སྐྱེད་ཐེངས་མང་བྱས་པར་བརྒྱུད་རིམ་བཞིན་ད་ཡོད་ཀྱི་གཞི་ཁྱོན་འདི་ལྟར་ཆགས་པ་རེད། འདིའི་རྣམ་མང་བཟོ་བསྐྲུན་གྱི་རིག་གནས་དངོས་པོའི་ཐོག་ནས་བོད་ཀྱི་ངལ་རྩོལ་མི་དམངས་ནི་ལས་ལ་བརྩོན་ཞིང་། ཕུན་སུམ་ཚོགས་པའི་ཤེས་རིག་དང་ལྡན་པ་ཞིག་ཡིན་པ་གང་ལེགས་མཚོན། །

ར་ས་གཙུག་ལག་ཁང་གི་མདུན་དུ་དད་ཕྱག་འཚལ་བཞིན་པ།
大昭寺广场

དེ་ཡང་སྤྱི་ལོ་2020ལོའི་ཟླ་1པོའི་ཚེས་3ཉིན་གྱི་ཞོགས་པར་ང་རང་གྲོང་ཁྱེར་ཁྲེན་ཏུའུ་ནས་གནམ་གྲུ་བསྡད་དེ་དབུས་ཕྱོགས་སུ་བསྐྱོད། དུས་ཚོད་གཉིས་རིང་གི་མཁའ་ལམ་བརྒྱུད་རྗེས་ད་གཟོད་ལྷ་སའི་རི་བཞིར་གྲགས་པ་ལས་དཔལ་ཆེན་ཆུ་བོའི་རིའི་ཉེ་འགྲམ་གངས་དཀར་རྫོང་གནམ་གྲུ་འབབ་ཐང་དུ་འབྱོར་སོང་། དེ་ནས་དུས་ཚོད་གཅིག་ལྷག་གི་རྗེས་ནས་ལོ་རྒྱུས་ལྡན་པའི་གཡུ་ཐོག་ཟམ་པ་དང་ཡར་ལུང་ཕུག་པ་སོགས་བརྒྱུད་ནས་རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་སླེབས་པ་དང་སེམས་སུ་སྨྲ་མི་ཤེས་པའི་དགའ་སྤྲོ་དང་སྤོབས་པ། ཁེངས་སྣང་ལྟ་བུའི་ཚོར་སྣང་ཇི་སྙེད་ཅིག་འགོག་མེད་དུ་སྐྱེས་པ་མ་ཟད། ནུབ་ཀྱི་ཕོ་བྲང་དམར་པོའི་རྒྱ་ཕིབས་དང་། རབ་གསལ། རེ་ཡོལ་ནག་པོས་གཡོག་པའི་སྒོ་ཆེན་སོགས་མཐོང་ལམ་དུ་མངོན་བྱུང་།

ར་ས་གཙུག་ལག་ཁང་གི་ཟུར་ཅིག
拉萨大昭寺街道

ཐེངས་འདིར་ང་རང་ནི་ཆེད་དུ་ཇོ་བོ་མཇལ་དུ་ཡོང་བ་མིན་ཡང་བོད་མི་ཞིག་ལ་མཚོན་ན་ཐོག་མར་ལྷ་སར་འབྱོར་དུས་ཆེས་ཐོག་མའི་ལས་ཀའམ་འགན་འཁྲི་ལྟ་བུ་ནི་ཇོ་བོ་མཇལ་རྒྱུ་དེ་ཡིན་ཕྱིར་ཁོ་བོའང་དེ་ལས་མ་འདས་པར་ཐོག་མར་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཕྱོགས་སུ་ཆས་པ་ཡིན། དེ་ཡང་གཙུག་ལག་ཁང་འདི་ནི་བོད་མདོ་དབུས་ཁམས་གསུམ་གྱི་སྐྱ་སེར་རྣམས་ཀྱི་བསམ་པ་གཞི་གཅིག་ཏུ་བསྡུ་བའི་སྒྲོམ་ཆེན་པོ་ལྟ་བུར་ཆགས་ཡོད་ལ། གལ་ཏེ་ལོ་རྒྱུས་དང་ཆོས་ལུགས་ཀྱིས་གྲུབ་པའི་སྒྲོམ་ཆེན་པོ་འདིར་གས་སྲུབས་ཤོར་ཚེ་དེ་ནི་བལ་བཟའ་ཁྲི་བཙན་གྱི་ཐུགས་འདུན་དང་ར་མ་དཀར་མོའི་དཀའ་ཚེགས་ཀྱིས་བཞེངས་པའི་ས་རྡོའི་གཙུག་ལག་ཁང་དེ་འཇིགས་པ་མ་ཡིན་པར་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ཀྱི་འགྱུར་མེད་ཀྱི་དད་སེམས་ལ་གས་སྲུབས་ཤོར་བ་རེད། ལྷག་ཏུ་བསམ་པ་སྣོད་གཅིག་ཏུ་གནས་པའི་མཐུན་སྒྲིལ་གྱི་གོང་བུ་ལ་ཆག་འཇིག་ཤོར་བ་མ་ཡིན་ནམ། དེ་ལས་ཀྱང་དད་པ་དང་རེ་བ། ཡིད་ཆེས། ཆོད་སེམས་བཅས་ཀྱིས་རབ་ཏུ་བསྐུལ་ནས་ལོ་ལམ་དང་ཟླ་ལམ་དུ་ཕྱག་དང་རྐང་ཐང་གིས་གྲལ་བསྒྲིགས་ནས་ཁྲུང་ཁྲུང་ཁྱུ་ཚོགས་ཤིག་ལྷོ་ཡུལ་ལ་ཆས་པ་ལྟ་བུའི་དབུས་མཇལ་བ་དག་གི་ཨ་མའི་ཁྱིམ་ལྟ་བུའི་དྲོད་ཁོལ་དེ་ཡལ་བ་མིན་ནམ། དེ་ལྟར་ཁོ་བོས་རང་སྣང་དུ་ཤར་བའི་དགའ་སྐྱོ་མཐའ་དག་གི་ལབ་རྡོལ་ཡང་ནས་ཡང་དུ་འབྱིན་པའི་མོད་ལ་ང་རང་ནམ་རྒྱུན་གླུ་ཚིག་དང་སྒྲུང་གཏམ་སྙན་ངག་སོགས་ལས་ཐོས་པའི་ལོ་ཆུང་ཚོའི་བརྩེ་དུང་གི་གཏམ་རྒྱུད་བྱུང་ས་དང་། གཡུ་དང་བྱུ་རུ་རིན་པོ་ཆེའི་རིགས་ཀྱི་ཚོང་རྫས་ཀྱིས་བྱུར་བུར་གཏམས་པའི་ལྷ་སའི་བར་སྐོར་གླིང་དུ་ཐོན་འདུག

ལྷ་སའི་བར་སྐོར་གླིང་དང་ཕོ་བྲང་པོ་ཏ་ལ་དེ་མིན་པོ་ཏ་ལའི་མདུན་གྱི་ཞོལ་གྲོང་ཚོ་བཅས་ནི་ལྷ་ས་གྲོང་ཁྱེར་གྱི་ཆེས་མཐའ་མཇུག་གི་བོད་ཀྱི་བྲོ་བ་དང་ཁྱད་ཆོས་ལྡན་པའི་བཟོ་བཀོད་ཀྱི་གྲས་སུ་བགྲང་ཆོག་ལ། དེ་མིན་ལྷ་སའི་ཁྲོམ་ཆེན་དང་གཞུང་ལམ་དག་གི་ངོས་སུ་པེ་ཅིན་ཤར་ལམ་དང་ཧྲང་ཧེའི་ནུབ་ལམ། ཐེན་ཧྥུའི་བར་ལམ་སོགས་རྒྱ་ནག་གི་གྲོང་ཆེན་དག་གི་མིང་བྲིས་འདུག་པས་ལྷ་ས་ལ་རྒྱུས་མེད་མཁན་ཞིག་ལྷ་སའི་ཁྲོམ་ལམ་དུ་ཐོན་ཚེ་ཡུལ་འདི་ནི་ལྷ་ས་ཡིན་མིན་གྱི་གནས་སུའང་འཕྱངས་མོ་ཉུག་དགོས་ཚོད་དུ་སླེབས་འདུག

བར་སྐོར་གྱི་ཕྱིའི་བཟོ་བཀོད་དང་ནང་གི་ཚོང་ཁྲོམ་བར་གྱི་སྐོར་ལམ་དག་གིས་ཐོག་མར་ངའི་ཡིད་ལ་ཝ་ལེར་དྲན་དུ་བཅུག་པ་ནི་རྒྱལ་མཆོག་ལྔ་པ་ཆེན་པོས་ཡུལ་དབུས་ལྷ་སར་བསྔགས་གནང་མཛད་པའི། གང་འདིར་དབུས་འགྱུར་སྐྱིད་ཤོད་ནོར་འཛིན་གཞིར། རྒྱུ་སྐར་ས་ལ་བཀྲམ་འདྲའི་གྲོང་ཁྱེར་མཆོག །སུམ་རྩེན་ཡུལ་གྲུའི་ཁེངས་པ་རབ་འཕྲོག་པར། །ཟས་གཙང་སྲས་ཀྱི་ཕུལ་བྱུང་ཐུགས་རྗེའི་མཆོག །རིན་ཆེན་ཞུན་མར་ལྷན་ཅིག་འཁྱིལ་བའི་སྐུ། ངོ་མཚར་སྣང་བརྙན་རྒྱ་མཚོའི་བྱེད་པོ་ཡིས། །ཕན་བདེའི་འགྲོ་རྣམས་རིང་ནས་འགུགས་པ་བཞིན། །བགྲང་ཡས་རྒྱལ་བའི་རང་སྣང་ཡེ་ཤེས་ཚོགས། །གཞལ་མེད་བ་གམ་དམ་པར་ལེགས་སྒྲུབ་ལ། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཞེས་པ། །མཁའ་ལ་དབང་པོའི་གཞུ་བཞིན་མངོན་པར་བཀྲ། ཞེས་པ་དེ་རེད།

བར་སྐོར་གྱི་ཕྱོགས་བཞི་རུ་ཆོས་ལུགས་དང་དམག་འཁྲུག་གི་རྒྱལ་ཁ་མཚོན་པའི་དར་བོ་ཆེ་བཞི་བསྒྲེངས་ཡོད་ལ། ཡོངས་གྲགས་སུ་དེ་ལ་ལྷ་སའི་དར་བོ་ཆེ་བཞི་ཡང་ཟེར། དེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་དོ་སྣང་བྱེད་མཁན་དག་ཕུད་རྗེས་གཞན་ཚང་མའི་ཕྱག་དང་སྐོར་བ་བྱེད་ཡུལ་དུ་གྱུར་ཡོད། འོན་ཀྱང་ང་ཚོས་འདས་ཟིན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རེ་དང་བསང་དུད་ཀྱི་དཀྱིལ་ན་དལ་གྱིས་བསྐྱོད་པའི་དར་བོ་ཆེའི་དར་ལྕེ་གཉིས་ཟུང་དུ་བསྡེབས་ནས་བལྟས་ཚེ། འདི་ལས་བོད་ཀྱི་ཉེ་རབས་བསྟན་སྲིད་ཀྱི་དར་རྒུད་དེ་མེ་ལོང་ངོས་སུ་བལྟས་པ་ལས་ཀྱང་གསལ་པོར་མཐོང་ཐུབ་པར་མ་ཟད། ད་དུང་ང་ཚོས་དར་ཆེན་གང་ཞིག་ནི་བསྟན་པའི་རྒྱལ་མཚན་ཡིན་པས་ཕྱག་སྐོར་གྱི་ཡུལ་བྱེད་རུང་བ་དང་། དར་ཆེན་གང་ཞིག་ནི་བསྟན་འཛིན་གྱི་སྐྱེས་བུ་ཁྲི་ཕྲག་ཕྱི་མའི་གཟིགས་མོ་ལ་གཏོང་བའི་བརྩེ་མེད་ཀྱི་མདུང་རྩེ་དེ་ཡིན་པས་ཕྱག་སྐོར་བྱེད་མི་རུང་བའི་དབྱེ་མཚམས་དེའང་ཤེས་ཐུབ། བར་སྐོར་གྱི་ཤར་ལྷོའི་མཚམས་སུ་བཙུགས་པའི་དར་བོ་ཆེ་ལ་སྐྱ་རེངས་དར་ཆེན་ཟེར་ལ་དེ་ནི་སྤྱི་ལོ་1409ལོར་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་མཛད་ཆེན་བཞིའི་ཡ་གྱལ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྲོལ་བཏོད་པའི་མཛད་སྒོར་བཙུགས་པ་ཡིན་ལ། སྐོར་ལམ་ལྷོ་ངོས་ཀྱི་གསུང་ཆོས་རྭ་བའི་མདུན་གྱི་སྐལ་བཟང་དར་ཆེན་ནི་སྤྱི་ལོ་1720ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་གྱི་ཉིན་དེར་སྐལ་བ་བཟང་པོ་རྟག་ཏུ་བརྟན་ཞིང་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱས་པའི་སླད་དུ་བཙུགས་པ་ཡིན། གཞན་བར་སྐོར་གྱི་ནུབ་བྱང་མཚམས་སུ་བཙུགས་པའི་བཀྲ་ཤིས་དར་ཆེན་ནི་སྤྱི་ལོ་1986ལོར་པཎ་ཆེན་རིན་པོ་སྐུ་ཕྲེང་བཅུ་པ་མཆོག་གིས་རིག་གནས་གསར་བརྗེ་སོགས་ཀྱིས་དུས་ཡུན་ལོ་ངོ་ཉི་ཤུའི་རིང་ལ་མཚམས་ཆད་པའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་ཡང་དབུ་འཛུགས་ཐུབ་པའི་རྟེན་འབྲེལ་དུ་བཙུགས་པ་ཡིན་པས་བཀྲ་ཤིས་པའི་དར་ཆེན་འདི་གསུམ་ནི་ང་ཚོའི་ཕྱག་སྐོར་གྱི་གནས་སུ་བྱེད་རུང་བ་མ་ཟད་ཅིས་ཀྱང་ཕྱག་སྐོར་བྱེད་དགོས་ལ། བསྟན་པའི་རྒྱལ་མཚན་མཁའ་ལ་བསྒྲེངས་ཟེར་བའང་འདི་ལས་གཞན་གང་ཞིག་མཆིས། འོ་ན་དེ་ལས་གང་ཞིག་ནི་ཕྱག་སྐོར་གྱི་ཡུལ་དུ་བྱ་མི་འོས་ཞེ་ན། དེ་ནི་བར་སྐོར་གྱི་ལྷོ་ནུབ་མཚམས་སུ་བཏབས་པའི་ཇུས་ཡག་དར་ཆེན་དང་བར་སྐོར་གྱི་བྱང་ཤར་མཚམས་ཀྱི་དགའ་ལྡན་དར་ཆེན་དེ་གཉིས་རེད། དེ་ལས་དང་པོ་ཇུས་ཡག་དར་ཆེན་ནི་རྒྱལ་དབང་ལྔ་པའི་སྐབས་སུ་སོག་པོ་གུ་ཤཱི་ཧན་བསྟན་འཛིན་གྱིས་རི་བོ་དགེ་ལུགས་པའི་ཆོས་རྒྱུད་ལ་སྡོངས་གྲོགས་མཛད་པར་ཁ་གཡར་ནས་དོན་དུ་སྐབས་དེའི་བོད་ནང་ཁུལ་དུ་བྱུང་བའི་སྲིད་དབང་འཕྲོག་རྩོད་ཀྱི་དུས་གཟེར་གཉན་མོའི་གླེགས་དང་བསྟུན། མདོ་དབུས་ཁམས་གསུམ་གྱི་བན་བོན་གྱི་དགོན་སྡེ་གྲངས་མེད་པ་ཞིག་དམར་པོ་ཁྲག་གི་དུར་ས་རུ་བརྫངས་ཤིང་། ཉིན་གཅིག་ལ་གྲྭ་པ་དགེ་སློང་དྲུག་བརྒྱའི་དབུ་དམར་གཅོད་བྱེད་པའི་ལས་འགུལ་འཇིགས་སུ་རུང་བ་དེ་བསྟུད་མར་ཉིན་བཅུ་ཕྲག་ལ་སྤེལ་བ་དང་། མདོ་ཁམས་ཕྱོགས་ཀྱི་བེ་རི་རྒྱལ་པོ་དོན་ཡོད་རྡོ་རྗེ་འཁོར་བཅས་ཚར་བཅད་པ་སོགས་ཆབ་སྲིད་ཀྱི་ལྟར་སྣང་དུ་རྒྱལ་ཁ་ཙམ་ཡིན་གྱི་དོན་དུ་ནང་འཁྲུགས་དང་བསྟན་པ་ལ་རྨ་འབྱིན་ནམ་ཞར་སོས་དཀའ་བ་བྱས་པ་སོགས་རྒྱུ་མཚན་དུ་བྱས་ཏེ། སྤྱི་ལོ་1634ལོར་སྡེ་པ་བསོད་ནམས་ཆོས་འཕེལ་ཟེར་བ་དེས་གུ་ཤཱི་ཧན་བསྟན་འཛིན་གྱི་དཔའ་རྟགས་སུ་བཙུགས་པར་གྲགས་སོ། །གཞན་དགའ་ལྡན་དར་ཆེན་ཟེར་བ་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་འོག་ནས་བྱུང་བ་ཡིན་ལ། སྤྱི་ལོ་1681ལོར་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་སྟོད་མངའ་རིས་སྐོར་གསུམ་ལ་དབང་བསྒྱུར་བའི་མོད་ལ་སོག་པོའི་རིགས་ཀྱི་རྗེ་བོ་ཏ་ལས་ཧོང་ཐའི་ཇིར་གྲགས་པའི་བུ་དགའ་ལྡན་ཚེ་དབང་གིས་རྒྱལ་དབང་ལྔ་པའི་བཀའ་ལུང་སྤྱི་བོར་མནོས་སྟངས་ཀྱིས་ལ་དྭགས་ས་སྐྱོང་སེང་གེ་རྣམ་རྒྱལ་སྲོག་ཐོག་ཏུ་བརྒོལ་བའི་དཔའ་རྟགས་སུ་ཐོག་མར་གངས་རིན་པོ་ཆེའི་མདུན་དུ་བཙུགས་ཤིང་དེ་མུར་རྒྱལ་ཁའི་རྟེན་འབྲེལ་དུ་གཙུག་ལག་ཁང་གི་བར་སྐོར་དུ་བཙུགས་པ་རེད།

ང་ཚོས་དར་བོ་ཆེ་འདི་གཉིས་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འཚོལ་སྐབས་སུ་བན་བོན་གྱི་དགེ་འདུན་པ་མང་པོ་སོག་དམག་གི་མདུང་རྩེར་བསྣུན་ཞིང་མདོ་ཁམས་ཀྱི་དགོན་སྡེ་མང་པོ་ཞིག་སྣུབ་པའི་ངན་སོང་གི་ལས་སྟངས་རེ་མཐོང་ཐུབ་ལ། རང་མི་དགྲ་དང་གཤེད་མ་གྲོགས་སུ་བཀུག་པའི་ངུ་མ་སྐྱེན་གྱི་གཏམ་རྒྱུད་རེའང་ཐོས་ཐུབ་པས། གལ་ཏེ་འདི་ལྟ་བུའི་རང་མི་དགྲ་ལག་ཏུ་འཇོག་པ་དཔའ་རྟགས་སུ་བརྩི་བའི་སྣང་ཚུལ་ཞེ་མེར་བ་དེ་འཕྱོངས་རྒྱས་བང་སོ་ནས་མེས་དབོན་རྣམ་གསུམ་གྱིས་ལན་གཅིག་མཐོང་ཚེ་ཁོང་ཅག་ཀྱང་དལ་ཅིག་ལ་ངག་མི་ཁྲོལ་བར་ཧད་དེ་ལུས་སྲིད་དམ། དེ་ལས་ཀྱང་དགེ་འདུན་པ་ཇི་སྙེད་ཅིག་གི་མགུལ་དུམ་བུར་གཅོད་པའི་སྤུ་གྲི་མཚོན་བྱེད་ཀྱི་དར་ཆེན་ཞིག་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་འཕྱར་ཞིང་དེར་ཕྱག་དང་སྐོར་བ་བྱས་ཚེ་ཆོས་ལུགས་ཀྱིས་ཚུལ་དེར་འགྲེལ་བཤད་ག་རེ་རྒྱག་དགོས་སམ།

དེ་ལྟར་ལྷ་སའི་བར་སྐོར་ལ་མགོ་མཇུག་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་གཡས་སྐོར་ལན་གསུམ་བརྒྱབ་རྗེས་དུས་རབས་བདུན་པར་སྤྱི་ལོ་639ལོར་བལ་བཟའ་ཁྲི་བཙུན་གྱི་ཐུགས་འདུན་ལ་བཙན་པོ་སྲོང་བཙན་སྒམ་པོ་སྐུ་དངོས་ཀྱིས་དབུགས་དབྱུང་གནང་ཞིང་རྒྱ་བཟའ་ཀོང་ཇོའི་ས་དཔྱད་བྱས་པ་ལྟར་གྲུབ་པའི་ལྷ་སའི་གཙུག་ལག་ཁང་དུ་མཇལ་བར་ཕྱིན་པ་ཡིན། དེ་ཡང་ལྷ་སའི་གཙུག་ལག་ཁང་འདི་ཉིད་ཐོག་མར་རྒྱ་གར་གྱི་བི་ཀྲ་མ་ཤཱི་ལའི་ལྷ་ཁང་ལ་དཔེ་བྱས་ནས་རྒྱལ་པོས་བཞེངས་སོ་ཞེས་ཐང་ཡིག་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་གསུངས་ཡོད་མོད། འོན་ཀྱང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་དུས་རབས་རིམ་བྱོན་ནང་དུས་ཀྱི་འཕོ་འགྱུར་སྣ་ཚོགས་བྱུང་བ་དང་བསྟུན་གཙུག་ལག་ཁང་འདི་ལ་ཡང་ཉམས་རྒུད་ཞེ་མེར་བ་ཇི་སྙེད་ཅིག་བྱུང་ཡོད་པའང་སྨྲོས་ཅི་དགོས། དཔེར་ན་དུས་རབས་བརྒྱད་པའི་ནང་བཙན་པོ་ན་རིམ་ལས་རྒྱལ་རབས་ཞེ་གཅིག་པ་ཁྲི་གཙུག་ལྡེའུ་བཙན་ནམ་རལ་པ་ཅན་གྱི་སྐབས་སུ་བཙན་པོས་སངས་རྒྱས་ཆོས་ལུགས་ལ་བཀུར་བསྟི་ཚད་ལས་འདས་པ་བྱས་པའི་ཚུལ་དེར་དར་མ་འུ་དམ་བཙན་པོ་གཙོས་ཉེ་དུ་དང་བློན་འབངས་ཁག་ཅིག་གིས་བློ་ལ་མ་བབས་པར་འཁོན་འཛིན་གྱི་གླེང་ཕྱོགས་སྣ་ཚོགས་བཟོས། མོ་པ་ལ་བརྔན་ཆེན་པོ་ཕུལ་ནས་རྒྱལ་པོའི་བཙུན་མོ་དཔལ་གྱི་ངང་ཚུལ་མ་དང་བློན་ཆེན་བྲན་ཀ་དཔལ་ཡོན་གཉིས་ལྐོག་ཏུ་བཤོས་སོ་ཞེས་མ་ཉེས་ཁ་ཡོག་གི་ཕྲ་མ་བཅུག་པས། བཙུན་མོ་དཔལ་གྱི་ངང་ཚུལ་མ་སྡུག་བསྔལ་དང་ངོ་ཚས་བཟོད་བླགས་མེད་པར་གཙུག་ལག་ཁང་འདིའི་ཡང་སྟེང་ནས་མཆོངས་ཏེ་ཤིའོ། །དེ་ནས་རིང་ཞིག་འདས་པ་ན་བོད་འབངས་སིལ་བུར་འཐོར་སྐབས་ལྷ་སའི་གཙུག་ལག་ཁང་འདི་དང་དཔལ་གྱི་བསམ་ཡས་གཙུག་ལག་ཁང་གཉིས་དམར་གནག་གི་བཤས་ར་བྱས་པ་སོགས་ཉམས་རྒུད་སྐྱི་གཡའ་བ་མང་པོ་བྱུང་མྱངས། དེ་ལྟ་ནའང་ཉམས་རྒུད་ཀྱི་རྗེས་ནས་ཉམས་གསོ་བྱེད་པ་ནི་ལོ་རྒྱུས་ཀྱི་འཕེལ་འགྲིབ་མཚོན་བྱེད་གལ་ཆེན་ཞིག་ཡིན་པས་གཙུག་ལག་ཁང་འདི་ལའང་ཉམས་གསོ་ཐེངས་མང་བྱས་ཡོད་ལ། དེ་ལས་གཙོ་ཆེ་བ་ནི་དགའ་ལྡན་ཕོ་བྲང་སྐབས་ལྔ་པ་ཆེན་མོ་དང་སྡེ་སྲིད་ཆེན་མོ་གཉིས་ཀྱིས་གཙུག་ལག་ཁང་གི་ཕྱིའི་ཁྱམས་རྭ་དང་ནང་གི་སྐོར་ལམ། སངས་རྒྱས་སྟོང་སྐུའི་ལྡེབས་རིས། གཞུང་སྒོ་ཕྱི་ནང་བར་གྱི་འཇིམ་བརྙན། ཇོ་བོའི་ཁྲི་ཡོལ། ཆོས་རྒྱལ་ལྷ་ཁང་སོགས་གསར་བཞེངས་དང་རྒྱ་བསྐྱེད་བཏང་བ་དེ་རེད། དེ་ནས་ཕོ་ལྷ་བ་དང་རྒྱལ་མཆོག་སྐུ་ཕྲེང་བདུན་པ་དང་བརྒྱད་པ་སོགས་ཀྱི་བསྐྱར་གསོ་སོགས་དུས་ཕྱིས་ཀྱི་ཉམས་གསོའི་རྨང་གཞི་གཙོ་བོར་གྱུར་ནས། ད་ལྟ་གཙུག་ལག་ཁང་འདི་ཉིད་སྟེང་ཤོད་བར་གསུམ་གྱིས་གྲུབ་ཅིང་ནང་དུ་ཇོ་ཁང་གཙོ་བྱས་པའི་ལྷ་ཁང་བཅུ་ཕྲག་གཉིས་ལྷག་ཡོད་པར་མ་ཟད་དེ་དག་རེ་རེའི་ནང་དུའང་ལྡེབས་རིས་སྣ་ཚོགས་དང་རང་བྱུང་དང་རང་བྱུང་མ་ཡིན་པའི་སྐུ་གསུང་ཐུགས་རྟེན་གྱིས་བྱུར་བུར་གཏམས་ནས་ཡོད་པ་དང་། ད་ལྟའི་གཙུག་ལག་ཁང་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་25000ཙམ་ཡོད་པར་སྐད་དོ། །

ཇོ་ཁང་ཉམས་གསོ་བྱས་པའི་སྐོར་གླེང་མཚམས་འདིར་ཐོན་དུས་ཁོ་བོས་ཅིས་ཀྱང་འབྲི་བར་ལུས་མི་རུང་བ་ཞིག་ནི་ཨ་མདོ་ལུང་རྟོགས་ཞེས་པའི་དབལ་ཤུལ་གསེར་ཐལ་ཡུལ་གྱི་ཕོ་རྒོད་དེ་རེད། དེ་ཡང་གསེར་ཐལ་ཡུལ་གྱི་ཕོ་རྒོད་འདི་དང་པོ་ལྷ་སར་འབྱོར་དུས་ཅི་ཡང་གིས་དབུལ་བའི་ཨ་ལྕོ་ཆད་པོ་ཞིག་ཡིན་པར་མ་ཟད་དེའི་ཁར་ནད་གཞི་རབ་ཏུ་གཟེན་པ་ཞིག་གིས་ཀྱང་ལུས་སེམས་མནར་ཏེ་ཕྱིར་ཕ་ཡུལ་དུ་ལྡོག་ཐབས་མ་བྱུང་། འོན་ཀྱང་རྐྱེན་ངན་གྲོགས་སུ་ཤར་པའི་དཔེ་བཞིན་ཕྱིས་སུ་རིག་གསར་གྱི་ལས་འགུལ་བྱུང་སྐབས། ཁོང་གིས་བཅུ་དཔོན་གྱི་ཐོབ་བཞེས་ནས་གཙུག་ལག་ཁང་ནང་གི་ཇོ་ཁང་ལ་བདག་བསྲུང་བྱས་པར་མ་ཟད། ད་ལྟ་མཇལ་རྒྱུ་ཡོད་པའི་ཇོ་ཁང་ནང་གི་གུ་རུའི་སྐུ་ཆེན་པོ་དེ་ཡང་ཁོང་གིས་རེ་འདུན་དང་ཐུགས་བཀོད་ལྟར་བཞེངས་པ་ལེགས་སོ། །

དེ་ནས་ཡང་རྒྱལ་མཆོག་ལྔ་པ་ཆེན་མོས་བསྔགས་གནང་ལྟར་མཐོན་མཐིང་ནམ་མཁའི་དབྱིངས་སུ་དབང་པོའི་གཞུ་རིས་མངོན་པར་བཀྲ་བ་ལྟ་བུའི་གཙུག་ལག་ཁང་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་ལ་སྤྱིའི་ཆ་ནས་གསོལ་སྟངས་མི་འདྲ་བ་གཉིས་ཙམ་ཡོད་པ་ནི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་དགའ་བཞི་འཕྲུལ་གྱི་ལྷ་ཁང་ཞེས་པ་དེ་གཉིས་རེད། དེ་ལས་ར་ས་འཕྲུལ་སྣང་ཞེས་པའི་མཚན་ཐོགས་དོན་ནི། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ལྷ་ས་གྲོང་ཁྱེར་གྱི་དབུས་སུ་འོ་ཐང་ཞེས་པའི་མཚོ་ཞིག་ཡོད་པ་དེར་བལ་བཟའ་ཁྲི་བཙུན་གྱི་ཐུགས་འདུན་དང་རྒྱ་བཟའ་ཀོང་ཇོ་མཚོ་ཡི་པདྨས་སྤོར་ཐང་གི་རྩིས་སྐོར་སོགས་ལ་བརྟེན་ནས་གཙུག་ལག་ཁང་ཞིག་བཞེངས་དགོས་པར་ཞུས་པ་བཙན་པོས་ཀྱང་ཞལ་གྱིས་བཞེས་ནས་གཙུག་ལག་ཁང་མ་བཞེངས་སྔོན་ལ་ར་མ་དཀར་མོ་ཞིག་ལ་འོ་ཐང་གི་མཚོ་ཁ་བསུབས་པར་ཡུལ་འཕན་པོ་ནས་ས་འདྲེན་དུ་བཅུགས་པས་ར་ས་ཞེས་དང་། ཡང་གཙུག་ལག་ཁང་བཞེངས་ཟིན་རྗེས་བལ་བཟས་བཙན་པོ་གཟིགས་བསྐོར་དུ་གདན་དྲངས་པ་དང་ལྷ་ཁང་གི་སྒོ་ཕྱེས་ནས་བལྟས་ཚེ་ས་མཐིལ་གྱི་ཞ་ལ་ཆུའི་མདོག་དང་སྟེང་ཕྱོགས་ཀྱི་གཟུགས་བརྙན་ཐམས་ཅད་དེ་ལ་ཤར་བ་གཟིགས་པས། བཙན་པོའི་སྣང་ངོར་སྔར་གྱི་མཚོ་འདི་བརྡོལ་འདུག་དགོངས་ནས་ནང་དུ་བྱོན་མ་ནུས་པའི་མོད་ལ་བལ་བཟས་སོར་གདུབ་གཏོར་ནས་ལྷ་ཁང་ནང་དུ་བྱོན་ཐུབ་པ་བྱུང་། དེར་བཙན་པོས་བལ་བཟའ་ཁྲི་བཙུན་ལ་ཁྱེད་ཀྱི་ལྷ་ཁང་འདི་འཕྲུལ་དུ་སྣང་ངོ་ཞེས་གསུངས་པས། གཙུག་ལག་ཁང་འདིར་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཞེས་ཡོངས་སུ་གྲགས་ཞེས་ལྷ་སའི་གནས་ཡིག་དང་དགོན་ཐོ་སོགས་སུ་མགྲིན་གཅིག་ཏུ་བཤད་དོ། །

འོན་ཀྱང་ང་ཚོས་ནམ་ཡང་བསྐྱུར་དུ་མི་རུང་བའི་དཔྱད་གཞི་ཞིག་ནི་ར་ས་ཞེས་པའི་ཡུལ་མིང་དེའི་དངོས་དོན་ར་མ་དཀར་མོ་ཞིག་གིས་ཡུལ་འཕན་པོ་ནས་ས་དྲངས་པ་ཡིན་མིན་དེ་རེད། ཡོངས་གྲགས་ཀྱིས་ར་སར་འགྲེལ་བརྗོད་བྱེད་སྟངས་དེར་གཏམ་རྒྱུད་དང་ལྷ་སྒྲུང་གི་ཤན་ཅུང་ཙམ་གོས་པས་ལོ་རྒྱུས་རིག་པའི་གཤལ་དུ་བཏང་ཚེ་དངོས་ཡོད་ཀྱི་ཆ་ཅུང་ཙམ་བག་ལ་ཞ་བའི་བརྟུལ་ཞུགས་འདུག །དེས་ན་གང་ལེགས་ཞེ་ན། ར་ས་ཞེས་པའི་མིང་དེ་ནི་དང་པོ་གཙུག་ལག་ཁང་བཞེངས་སྐབས་ཀྱི་ས་དཔྱད་དང་ལྡེའུ་སོགས་ཀྱི་ངོས་ནས་བརྡ་བཀྲོལ་བྱེད་དགོས་པ་ཞིག་རེད་སྙམ། ར་ས་ཞེས་པའི་དོན་དེ་ལྡེའུ་ལྟར་འགྲེལ་ན་ར་ས་ནི་ས་སྟེང་དུ་ཤར་བའི་ཉི་མ་ཞེས་པའི་དོན་ཡིན་ལ། དོན་དུ་གྲངས་ཀ་8དང་5ཡི་དོན་ཡིན་ལ་དེ་གཉིས་བསྡོམས་ན་གྲངས་ཀ་13ཡིན་པས་དེ་ནི་གནའ་བོའི་བོད་ཀྱི་ས་དཔྱད་མཚོན་བྱེད་དམ་ལྡེའུ་ལས་གནམ་སའི་ཆོད་དང་དཀྱིལ་འཁོར་ས་བཀྲ་རིག་བྱེད་སྤོར་བཀྲ་སོགས་ཡིན་པས། ར་ས་ཞེས་པ་ནི་སྐབས་དེའི་ས་སྒྲོན་འགོག་པའི་དོན་དུ་འཇུག་ཅིང་ར་ས་གཙུག་ལག་ཁང་ཞེས་པ་ཡང་ས་སྒྲོན་འགོག་པའི་ལྷ་ཁང་གི་དོན་མིན་ནམ་སྙམ། དེ་ཡིན་པའི་སྒྲུབ་བྱེད་གཞན་ཞིག་ནི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པའི་དགོས་པའང་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་ས་དགྲ་འགོག་བྱེད་དུ་ཡིན་ལ། ལྡེའུ་ཆོས་འབྱུང་ལས། ར་ས་འཕྲུལ་སྣང་ཇི་ལྟར་བཞེངས་ལུགས་ནི། ཨོང་ཅང་ཅུང་ཞིག་བརྩིས་པས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ས་གཞི་སྲིན་མོ་གན་རྐྱལ་དུ་ཉལ་བ་དང་འདྲ་བར་མཁྱེན། ལྷ་ས་འོ་ཐང་གི་མཚོ་དེ་སྲིན་མོའི་སྙིང་ཁྲག་ཏུ་མཁྱེན། ལྷ་སའི་ཡུལ་དེ་སྙིང་ཁར་ཤེས། ནེ་ཐང་གི་དཀྱིལ་ན་རི་བོ་ཆད་གཉིས་ཡོད་པ་དེ་སྲིན་མོའི་སྙིང་གི་རུས་པ། སེམས་ཅན་གྱི་སྲོག་ཟ་བར་ཤེས་ནས་འོ་ཐང་གི་མཚོ་ལ་གཙུག་ལག་ཁང་བཞེངས་ཞེས་པ་ལྟར་ལགས་པས། ར་ས་ཞེས་པའི་མིང་ཚིག་དེ་ཡང་ལྡེའུ་ལྟར་འགྲེལ་ན་དེ་ནི་གཙུག་ལག་ཁང་བཞེངས་པའི་དགོས་པ་དང་མཐུན་པར་མ་ཟད་ལོ་རྒྱུས་ཀྱི་འགྲོས་དང་མཐུན་པ་ཞིག་རེད་སྙམ་མོ།

གཞན་གཙུག་ལག་ཁང་འདི་གྲུབ་པ་ནས་བཟུང་སྔོན་གྱི་ཡུལ་དབུས་སྐྱིད་མོ་ཤོད་དམ་ཕྱིས་ཀྱི་ལྷ་ས་ལའང་གཙུག་ལག་ཁང་འདིའི་མཚན་རྒྱུ་མཚན་དུ་གྱུར་ནས་ར་ས་ཞེས་བོས་པ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བཙུགས་པའི་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་ངོས་ཀྱི་ཐིག་ཕྲེང་དང་པོར། ར་ས་དང། བྲག་དམར་གྱི་གཙུག་ལག་ཁང་ལས་སྩོགས་པར་། ཞེས་དང་། ཏུན་ཧོང་ཡིག་རྙིང་ལས། བཙན་པོ་བལ་པོ་ན་བཞུགས། ཞང་བཙན་ཏོ་རེ་ལྷས་བྱིན་ལས་སྩོགས་པས། གཉེ་པོ་བགྱི་སྟེ། བཙན་མོ་ཀིམ་ཤང་ཁོང་ཅོ་ར་སའི་ཤ་ཚལ་དུ་གཤེགས། ཞེས་འཁོད་པ་སོགས་ལས་གསལ་པོར་རྟོགས་ཐུབ། དེ་མིན་ཁ་ཅིག་ན་རེ་ཕྱིས་ཀྱི་ལྷ་ས་ཞེས་པའི་མིང་འདི་ནི་ར་སའི་སྒྲ་འགྱུར་རེད་ཟེར་བ་དང་ཡང་ལྷ་སའི་ཡུལ་གྲུ་འདི་ནི་སུམ་རྩེན་ལྷ་ཡི་ཡུལ་ལ་ཅོ་འདྲི་ཕོད་པ་ཞིག་ཡིན་པས་དོན་གྱི་ཆ་ནས་ཐོགས་པར་གསུངས་པ་དང་། ཡང་དགེ་འདུན་ཆོས་འཕེལ་གྱི་གསུང་ལས་ར་ས་ལྷ་སའམ་ལ་སར་འགྱུར་ངེས་ཏེ་སྔོན་མ་གྷ་དྷའི་ཕལ་སྐད་ཡང་ར་ལ་ལར་འབོད་པ་འདུག་ཅེས་གསུངས་པ་སོགས་ལ་ཁོ་བོ་ལྟ་བུའི་ཐོས་ཆུང་ཞིག་གིས་འདི་རེད་ཅེས་ཁ་ཚོན་གཅོད་པ་ནི་འོས་སུ་མ་མཆིས་ཀྱང་། ལྷ་ས་ཞེས་པའི་མིང་འདི་ནི་དུས་རབས་འཕྱི་མོ་ཞིག་ཏུ་བྱུང་བ་མིན་པར་མངོན་ཏེ། བཙན་པོ་ཁྲི་རལ་པ་ཅན་གྱིས་ཁྲི་ལོ་བདུན་པ་ལྕགས་གླིང་ལོར823ལོར་བཙུགས་པའི་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ཤར་ངོས་ཀྱི་ཡི་གེའི་ཐིག་ཕྲེང་61པར། ཕོ་བྲང་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ། །ཞེས་གསལ་བ་དང་། ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ལས་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་གསུངས་པ་སོགས་ལས་ཤེས་ཐུབ་བོ། །

གཞན་དུ་དགའ་བཞི་འཕྲུལ་གྱི་ལྷ་ཁང་ཞེས་པའི་ལྷ་ཁང་གི་མཚན་ཐོགས་ཚུལ་ནི་ལྷ་སའི་ཡུལ་དུ་རྟོགས་བཟོ་ཞིག་མིན་ནམ་སྙམ་པའི་གཏམ་རྒྱུད་ལྟ་བུ་བཤད་རྒྱུ་མང་པོ་ཡོད་མོད་དེ་དག་གི་ཁུངས་ནི་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་རུ། སྐྱེ་བོ་དང་བསྟུན་ཏེ་གྲུ་བཞིར་རྨང་བཏིང་ནས་བཙུན་པ་དང་བསྟུན་ཏེ་རེའུ་མིག་ཏུ་བཏིང་། བོན་པོ་དང་བསྟུན་ཏེ་གཡུང་དྲུང་རིས་སུ་བྱས་ནས། ཞེས་དང་། ཡང་རྒྱལ་རབས་གསལ་བའི་མེ་ལོང་དུ། སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་དགའ། །ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། རེའུ་མིག་རིས་སུ་བྱས་པས་བོད་འབངས་དགའ། ཞེས་དགའ་བ་བཞི་དང་ལྡན་པས་ན་དེ་ལྟར་ཐོགས་པར་གྲགས་མོད། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་དུ། ལྷ་སའི་གཙུག་ལག་ཁང་བཞེངས་ཚེ། སྔགས་པ་རྣམས་དགའ་བའི་ཆེད་དུ་ཀ་བ་ཕུར་བུའི་དབྱིབས་སུ་བྱས། བོན་པོ་རྣམས་དགའ་བའི་ཆེད་དུ་ཟུར་བཞི་གཡུང་དྲུང་གི་རིས་སུ་བྱས་སོགས་བྲིས་ཡོད་མོད། ཆོས་བསྒྱུར་མ་ཐག་པ་ཞིག་ལ་སྔགས་པ་ཕུར་བུ་ལ་དགའ་མཁན་མང་པོ་ཞིག་ཡོད་མེད་ཀྱང་མི་ཤེས་ལ། ཞེས་གསུངས་པའང་དཔྱད་པའི་གནས་སུ་བསྙིལ་ལོ། །

ཁོ་བོས་ལྷ་སའི་ཨ་ཅག་ལགས་ཤིག་གིས་ཁ་ཡག་དང་ངོ་ཞོ་བྱས་མཐར་ཉོས་པའི་ལྷ་སའི་མར་ཀོང་ཚ་དེམ་གང་དེ་ཁྱེར་ནས་ཕུག་གི་ཇོ་ཁང་མདུན་དུ་སླེབས་པ་ན་དེར་བོད་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་ནས་ཡུན་རིང་དུ་གྱེས་བྲལ་གྱིས་གདུང་བའི་མ་བུ་འཕྲད་པ་ལྟར་མ་བཅོས་སེམས་གཏིང་ནས་དགའ་བའི་འཛུམ་མདངས་དང་མ་གཡོས་མི་ཕྱེད་དད་པའི་མིག་ཆུ་གཉིས་མཉམ་གཅིག་ཏུ་འདྲེས་བཞིན་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དྲུང་དུ་ཐོད་པ་གཏུག་བཞིན་འདུག །ཁོ་བོ་ཡང་དེ་ལས་མ་འདས་པར་དུས་གསུམ་ཀུན་ཏུ་བྱིན་རླབས་ཀྱི་ཚན་ཁ་དྲག་ཏུ་འབར་བའི་ལྷ་གཅིག་ཟས་གཙང་སྲས་ཀྱི་སྐུ་ཡི་རྣམ་པར་རོལ་བ་ཇོ་བོ་ཤཱཀྱ་མུ་ནེ་གང་ཉིད་མཇལ་བ་ཙམ་གྱིས་ལུས་ལ་དད་པའི་སྤུ་ལོང་གཡོས་ཤིང་མིག་ལ་མི་ཕྱེད་གུས་པའི་མཆི་མ་རབ་ཏུ་འཁྲུགས་ནས་དར་ཅིག་ལ་སྨྲ་བའི་སྒོ་མོའང་འགག་ཏེ་ཧད་དེ་ལུས་སོང་། ཚུལ་འདི་ལས་རྟོགས་ཐུབ་པ་ནི་སྤྱིར་མི་ཚོགས་འདི་འདྲའི་མང་པོ་ཞིག་ལྟ་ཅི་ཐ་ན་གང་ཟག་གཉིས་ཀྱི་བསམ་པ་ཡང་ཐིག་གཅིག་ཏུ་གནས་པ་ཤིན་ཏུ་དཀའ་མོད། འོན་ཀྱང་ལྷ་གཅིག་ཇོ་བོའི་མདུན་དུ་མི་ཚོགས་སྟོང་དང་ཁྲི་འབུམ་གྱི་བསམ་པ་སྟོང་དང་ཁྲི་འབུམ་ཐིག་གཅིག་ཏུ་གནས་ཏེ་ཚང་མས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སྐྱེས་བུ་ཆེན་པོའི་ཐུགས་སྐྱེད་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་པ་དེ་རེད། །


རྩོམ་ཡིག་སྔོན་མ།
སྤྱིའི་དེབ་38པ།
རྩོམ་ཡིག་རྗེས་མ།
ཆེས་བཀུར་འོས་བའི་མི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1