ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་11ཚེས་30ཉིན། “དེ་རིང་ཁ་བཏགས་ཤིག་ཁྱེར་ཡོད། དཔལ་ལྷ་མོ་ལ་འབུལ་དགོས། ཁྱིམ་མི་ཚང་མ་སྐུ་གཟུགས་བདེ་ཐང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ལམ་འདེབས།”ཚེས་30ཉིན་གྱི་སྔ་དྲོར། གཙུག་ལག་ཁང་གི་ཕྱི་རོལ་དུ་དད་ལྡན་མང་ཚོགས་གཅིག་རྗེས་གཉིས་མཐུད་དུ་འཛོམས་ཤིང་། སྐྱིད་ཆུའི་པ་གླིང་སྡེ་ཁུལ་གྱི་གྲོང་མི་བཀྲ་ཤིས་ལྷ་མོ་ཡིས་མང་ཚོགས་ཀྱི་རྗེས་སུ་སྙེག་བཞིན་འདུག ཉིན་དེར། གཙུག་ལག་ཁང་དུ་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་དུས་ཆེན་“དཔལ་ལྷའི་དུས་ཆེན”གཏོང་བ་རེད།
བཤད་རྒྱུན་ལྟར་ན་དཔལ་ལྷ་མོ་ནི་ལྷ་སའི་སྲུང་མ་ཡིན་ཞིང་། བོད་ཀྱི་སྲུང་མ་ཆེན་མོ་དཔལ་ལྡན་ལྷ་མོའི་བུ་མོ་ཡིན། དཔལ་ལྷ་མོ་དེ་སྔོན་གཙུག་ལག་ཁང་གི་ཆོས་སྐྱོང་རྫོང་བཙན་དང་ཕན་ཚུན་བརྩེ་བ་ཆགས་པ་ཨ་མ་དཔལ་ལྡན་ལྷ་མོས་རྟོགས་པས། ཆོས་སྐྱོང་རྫོང་བཙན་སྐྱིད་ཆུའི་ལྷོ་ཕྱོགས་སུ་བསྐྲད་ཅིང་། ལོ་གཅིག་ནང་བོད་རྩིས་ཀྱི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ཐེངས་གཅིག་ལ་ཐུག་ཆོག་པ་བཟོས་པ་ཕྱིས་སུ་དཔལ་ལྷའི་རི་ཁྲོད་དུ་གྱུར་བ་རེད།
གསར་འགོད་པས་ཡུལ་དངོས་ནས་མཐོང་གསལ། དད་ལྡན་མང་ཚོགས་ཀྱི་མཆོད་མཇལ་རུ་ཁག་གིས་བར་སྐོར་བསྐོར་ནས་ཡོད་ཅིང་། འཛུལ་སྒོ་ནི་དེ་ལས་ཀྱང་ཐག་རིང་སར་འདུག དད་ལྡན་མང་ཚོགས་དང་འགྲོགས་ནས་གཙུག་ལག་ཁང་གི་འཛུལ་སྒོར་སླེབས་རྗེས། ཚང་མས་ཞྭ་མོ་ཕུད་ནས་གུས་འདུད་ཞུས་པ་དང་། སྔ་ནས་གྲ་སྒྲིག་བྱས་ཡོད་པའི་ཁ་བཏགས་ཕྱིར་བླངས་ནས་དཔལ་ལྷ་མོར་ཕུལ།
ཤེས་རྟོགས་བྱུང་བར་གཞིགས་ན། མཆོད་མཇལ་སྟབས་བདེ་ཡོང་ཆེད། དཔལ་ལྷ་མོ་ནི་འདུ་ཁང་མདུན་དུ་གདན་དྲངས་ཡོད་པ་དང་། ཆོས་རའི་དཀྱིལ་དུ་ཆང་ཕོར་ཆེན་པོ་ཞིག་བཞག་ཡོད་ཅིང་། ཡུལ་དངོས་སུ་ཆེད་མངགས་མི་སྣས་དད་ལྡན་མང་ཚོགས་ཀྱིས་ཁྱེར་བའི་ནས་ཆང་དེའི་ནང་བླུག་པ་དང་དེ་ནས་ཕྱིར་བཞུར་བའི་ནས་ཆང་ཚང་མས་འཚང་ཁ་ཤིག་ཤིག་གིས་རང་སོ་སོའི་ཁྱེར་བའི་སྣོད་ཆས་ནང་ལེན་བཞིན་ཡོད། ཁོང་ཚོས་འདི་ནི་ལྷ་མོའི་བྱིན་རླབས་མཛད་པའི་“བསོད་ཆང་”ལ་ངོས་འཛིན་གྱི་འདུག
གསར་འགོད་པ་ལྷ་ཁང་དུ་འཛུལ་དུས། ཡུལ་དངོས་སུ་བསང་དུད་ཁྱབ་ཅིང་མི་ཚོགས་འཚང་ཁ་ཆེ། དད་ལྡན་མང་ཚོགས་རྣམས་དལ་བུར་སྔོན་ལ་འགྲོ་ཞོར་སྨོན་ལམ་ཞུ་བཞིན་སྔ་ནས་གྲ་སྒྲིག་ཡོད་པའི་ཁ་བཏགས་དཔལ་ལྷ་མོ་ལ་འབུལ་བཞིན་འདུག
མང་ཚོགས་རྣམས་ཀྱིས་སྨོན་ལམ་དང་མཆོད་མཇལ་ཞུས་ཚར་རྗེས། གོ་རིམ་མ་འཁྲུག་པར་གཙུག་ལག་ཁང་ནས་ཕྱིར་ཐོན་བཞིན་འདུག ཉིན་དེའི་ལྷ་སའི་ཉི་འོད་རབ་ཏུ་འཚེར་ཞིང་། བར་སྐོར་དང་གླིང་སྐོར། རྩེ་སྐོར་སོགས་ཀྱི་སྐོར་ལམ་དུ་དད་ལྡན་མང་ཚོགས་རྒྱུན་མི་ཆད། བོད་ལྗོངས་ནི་མཇལ་བ་མང་བའི་དུས་ལ་སླེབས་ཡོད།
(http://tibet.people.com.cn/15831485.html)