འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་12ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་ནུས་པ་ཐོན་པ་དང་ལག་བསྟར་བྱེད་པའི་འབྲེལ་ཡོད་ལས་དོན་མགྱོགས་མྱུར་ངང་ཡག་པོ་བསྒྲུབ་རྒྱུ་དང་། རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པ། མཉམ་ལས་གཉིས་རྒྱལ་གྱི་བར་ཁམས་གསར་པ་རྒྱ་ཆེར་བཏང་བ་བཅས་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་དང་། སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་ལས་ཀའི་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད།
གྲོས་ཚོགས་ཐོག ཉེ་ཆར་ཨེ་ཤེ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པའི་ཐོག་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་དངོས་སུ་མིང་རྟགས་བཀོད་པས། ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཁོར་ཡུག་གི་ངེས་མེད་རང་བཞིན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། ས་ཁོངས་ནང་ཁུལ་གྱི་རང་མོས་ཉོ་ཚོང་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་དུ་གཏོང་བ། འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་དང་། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། རང་རྒྱལ་གྱིས་རང་ངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གྲོས་ཆོད་དོན་འཁྱོལ་དང་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དེའི་ཐད་ཁ་ཚ་དགོས་གཏུག་ཆེ་བའི་ལས་དོན་འབོར་ཆེན་ཞིག་བསྒྲུབ་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག འབྲེལ་ཡོད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། གྲོས་མཐུན་ལ་ལྟ་བཤེར་གྱིས་ལས་བགོས་དང་དུས་ཚད་ཁ་གསལ་བཟོས་ཏེ་གྲོས་ཆོད་ནུས་ཐོན་དང་ལག་བསྟར་བྱེད་པའི་རྒྱལ་ནང་གི་འབྲེལ་ཡོད་ལས་དོན་སྔ་ཙམ་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
དེ་ཡང་གཅིག་ནི་རྒྱལ་ནང་གི་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་མགྱོགས་མྱུར་ངང་ལེགས་འགྲུབ་བྱེད་པ་དང་། དངོས་ཟོག་ཉོ་འཚོང་དང་། ཞབས་ཞུ་ཉོ་འཚོང་། མ་དངུལ་འཇོག་པ། མི་སྣའི་བགྲོ་སྐྱོད་སོགས་ཀྱི་ཁྱབ་ཁོངས་སྒོ་དབྱེ་བྱེད་པར་སྐུལ་འདེད་གཏོང་བ། ཉོ་འཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་། ཉོ་འཚོང་རྒུད་སྐྱོབ། གློག་རྡུལ་ཚོང་དོན། སྲིད་གཞུང་གི་ཉོ་སྒྲུབ། ཁེ་ལས་འབྲིང་ཆུང་། དཔལ་འབྱོར་ལག་རྩལ་མཉམ་ལས་སོགས་ཀྱི་ཐད་ཚད་གཞི་སྔར་བས་མཐོ་བའི་སྒྲིག་སྲོལ་ལག་བསྟར་བྱ་དགོས།
གཉིས་ནི་གྲོས་ཆོད་ལག་བསྟར་བྱས་རྗེས་ས་ཁོངས་ནང་ཁུལ་གྱི་དངོས་ཟོག་ཉོ་ཚོང་གི་སྒོ་ཁྲལ་མི་དགོས་པའི་ཐོན་རྫས་ཀྱི་གྲངས་འབོར་སྤྱི་ཡོངས་ནས་90%ལ་སླེབས་པ་བྱེད་པ་དང་། སྒོ་ཁྲལ་ཉུང་འཕྲི་དང་། འགག་སྒོའི་གོ་རིམ་སྟབས་བདེ་རུ་གཏོང་བ། ཐོག་མའི་ཐོན་ཡུལ་གྱི་སྒྲིག་སྲོལ་ལག་རྩལ་གྲ་སྒྲིག་སོགས་ཀྱི་ཐད་ལག་བསྟར་བྱེད་ཐབས་གང་མགྱོགས་འདོན་དགོས། གྲོས་ཆོད་ནང་ཞབས་ཞུའི་ཉོ་ཚོང་སྤྱིའི་ཆ་ནས་སྒོ་དབྱེ་བྱ་རྒྱུ་ཁས་ལེན་བྱས་པ་དེ་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ད་ཡོད་ཀྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་ཆུ་ཚད་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ་དང་། རང་རྒྱལ་གྱི་ཁས་ལེན་གཞིར་བཟུང་། ཞིབ་འཇུག་གསར་སྤེལ་དང་། བཟོ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་ཞབས་ཞུ། རྒན་གསོའི་ཞབས་ཞུ། ཨར་སྐྲུན་སོགས་ཞབས་ཞུའི་སྡེ་ཚན་ལ་སྒོ་དབྱེའི་བྱ་ཐབས་དོན་འཁྱོལ་བྱེད་དགོས། མ་འཇོག་གི་བཀག་རྒྱའི་གསལ་ཐོ་ཁས་ལེན་དོན་འཁྱོལ་བྱས་ནས་གསལ་ཐོ་ཕུད་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་གི་ཚད་བཀག་མང་དུ་གཏོང་མི་རུང་། ཤེས་བྱའི་ཐོན་དབང་ཁྱོན་ཡོངས་ནས་སྲུང་སྐྱོང་བྱ་རྒྱུའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་རྩོམ་དབང་དང་། ཚོང་རྟགས། ས་ཁམས་མཚོན་རྟགས། གཅིག་བདག་ཁེ་དབང་། རྒྱུད་འཛིན་ཐོན་ཁུངས་སོགས་ཚང་མ་སྲུང་སྐྱོང་བྱེད་ཁོངས་སུ་འཇུག་དགོས། གློག་རྡུལ་དཔང་བདེན་ར་སྤྲོད་དང་མིང་རྟགས་འགོད་པ། དྲ་ཐོག་གི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་། དྲ་བའི་བདེ་འཇགས་སོགས་ཀྱི་དོན་ཚན་དོན་འཁྱོལ་བྱ་དགོས།
གསུམ་ནི་གྲོས་ཆོད་ལག་བསྟར་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་དང་ལམ་ལུགས་དུས་ཚོད་དམ་འཛིན་གྱིས་གསེད་བཀྲོལ་དང་འཐུས་ཚང་དུ་བཏང་སྟེ་གཅུན་སྡོམ་རང་བཞིན་གྱི་འོས་འགན་ལག་བསྟར་གནད་ལ་འཁེལ་བར་འགན་ལེན་བྱེད་དགོས།
བཞི་ནི་དྲིལ་བསྒྲགས་ངོ་སྤྲོད་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཁེ་ལས་ཀྱིས་གྲོས་ཆོད་ཀྱི་སྒྲིག་སྲོལ་ལ་རྒྱུས་མངའ་ལོན་པ་དང་ཁོང་དུ་ཆུད་པ་བྱས་ཐོག མཉམ་ལས་འཕེལ་རྒྱས་ཀྱི་བར་ཁམས་རྒྱ་ཆེར་གཏོང་དགོས་པ་བཅས་ཡིན་པ་རེད།
གྲོས་ཚོགས་ཐོག སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པར་དམིགས་པ། ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་ལས་དོན་ཚད་ལྡན་བཟོ་བ། སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་གྱི་ངེས་གནས་དང་འགན་འཁྲིའི་དབྱེ་མཚམས་གཏན་འཁེལ་བྱེད་པ། གོ་རིམ་གྱི་བླང་བྱ་དང་རྒྱབ་སྐྱོར་འགན་སྲུང་བྱེད་ཐབས་གཏན་འབེབས་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་པར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། སྲིད་གཞུང་གི་ཚན་ཧྲི། རིགས་གཅིག་མཁས་པ་དང་རིག་གནས་པ་སོགས་གདན་འདྲེན་ཞུས་ནས་དེའི་ནང་ཞུགས་ཆོག་པ་ཁ་གསལ་བཟོས་པ། དམངས་གཙོའི་ལྟ་སྐུལ་དང་དོན་དངོས་དང་མཐུན་ཞིང་གཞུང་དྲང་ཡིན་པ་སོགས་ཀྱི་བླང་བྱ་མངོན་པར་བྱེད་པ་མ་ཟད། ལྟ་སྐུལ་ཞིབ་བཤེར་བསྐྱར་ཟློས་དང་དབང་ཆ་ལས་བརྒལ་ནས་ལྟ་སྐུལ་ཞིབ་བཤེར་བྱེད་རིགས་གཏན་འགོག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དོར་བ་བཅས་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་སྲིད་གཞུང་གི་བཀའ་རྒྱ་ཐོགས་མེད་ཤར་བགྲོད་ཡོང་བ་འགན་སྲུང་བྱ་དགོས་ཞེས་བསྟན་ཡོད་པ་རེད།
གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།