༄༅།།རྟ་བཤད་མཁས་པ་འཛུམ་ཤོར།

རྩོམ་པ་པོ་མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 12-07


  རང་རེའི་གངས་ཅན་གྱི་ལྗོངས་འདིར་སྔོན་བྱོན་མཁས་དབང་དུ་མའི་བཀའ་དྲིན་ལས་བཅུ་ཕྲག་ནོར་བུའི་བང་མཛོད་གྲགས་ཅན་གྱི་རྒྱལ་ཁབ་དག་ཀྱང་འགྲམ་ཆུ་ལྡང་དགོས་པ་ཡོད་པ་ཙམ་དུ་མ་ཟད་འཇིག་རྟེན་ལུགས་ཀྱི་བསྟན་བཅོས《ནོར་དཔྱད》ལ་སོགས་པ་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལ་འཁུ་བ་ཞིག་བཞུགས་མོད། བར་སྐབས་ཀྱི་དུས་ཚོད་ནང་དེ་དག་ཧ་ལམ་རྩ་བརླག་ཏུ་སོང་བ་དང་། དེང་ཆར་མཁས་པ་ཀུན་གྱིས་ལྗོན་ཤིང་རྩེ་མོའི་འབྲས་བུ་ཁོ་ན་གཟིགས་པ་ལས་སྐེད་པར་གནས་པའི་ལོ་མའི་གསེབ་ཀྱི་འབྲས་བུ་ཆུང་བ་རྣམས་ཐུགས་གཡེང་དུ་ཤོར་བཞིན་འདུག་པས་ད་རེས་ཁོ་བོས《རྟ་དཔྱད་མཁས་པ་འཛུམ་ཤོར》ཞེས་པ་དེ་ཐེངས་དང་བོའི་དཔྱད་གཞིར་ཕུལ་བ་ཡིན། དེ་ཡང་གངས་ཅན་གྱི་ལྗོངས་འདིར་གནའ་སྔ་མོ་ནས་རྟ་ལ་དཔྱད་པ་བྱེད་པ་དང་། རྟ་རྒྱུད་ཇེ་བཟང་དུ་གཏོང་བའི་སྲོལ་ཡོད་པ་ནི། དཔེར་ན《རྟ་དཔྱད་མཐོང་བ་ཀུན་གསལ་མེ་ལོང》ལས། ཚངས་པ་ལྷ་ཡི་མེ་ཏོག་གིས།། རྒྱ་མཚོས་པཎ་ཆེན་སྤྱན་དྲངས་ནས།། འོད་ཕྲུག་ལོ་པཎ་རྒྱ་ཚ་སློབ།། ཆོས་སྨན་རིག་གནས་ཐམས་ཅད་བསྒྱུར།། ཕྱོགས་རིས་མཁས་པ་མི་དགུ་བསྡུས།། བོད་སྨན་མཁས་དགུ་བླ་སྨན་བསྐོས།། དེ་བཞིན་ཕྱོགས་རེར་ཡུལ་ལྔ་ནས།། རྟ་མཁན་མཁས་པ་མི་དགུ་བསྡུས།། དགུ་བོར་འདོད་ལུགས་སོ་སོར་བྱུང་།། དགྱེ་བོ་འཇག་རྟ་རུ་རྔུ་གཉིས།། སྒུར་བོ་གྱམ་ཤིང་མུ་ཆེན་གཉིས།། དྲང་བོ་འདོ་བ་གྱི་ལིང་གཉིས།། ཞེས་ཁྲི་སྲོང་གི་དུས་ནས་རྟའི་དབྱེ་བ་ཆེན་པོ་དྲུག་སྟེ། འཇག་རྟ་དང་། རུ་རྔུ། གྱམ་ཤིང་། མུ་ཆེན། འདོ་བ། གྱི་ལིང་བཅས་ཡོད་པར་བཤད་ཅིང་། གཞན་ཡང་ལྷོ་བྲག་ཆོས་འབྱུང་ལས། བློན་པོ་སྟག་བཙན་གདོང་གཟིགས་ཞེས་བྱ་སྟེ། འབངས་ཁྱིམ་རེ་ལ། རྟ་མཛོ། བ་གླང་སོགས་རེ་རེ་བཞིན་ཆ་སྙོམས་བགོས་ཤིང་། དབྱར་གྱི་རྩྭ་བྲེགས་ནས་བསྐམས་རྗེས་དགུན་དུས་ཕྱུགས་ཀྱི་གཟན་དུ་བྱིན། ཕྱུགས་ལ་གཟན་རྩྭ་སྟེར་བའི་སྲོལ་ཡང་བློན་པོ་འདི་ཡི་རིང་ནས་དར་བར་གསལ། ད་དུང་ཀློང་ཆན་ཆོས་འབྱུང་ལས། འོད་དུ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དྲིན་ལས་དམ་པའི་ཆོས་ཀྱི་དབུ་བརྙེས། མེས་སྲོང་བཙན་གྱི་སྐུ་དྲིན་ལས་སྲོལ་གཏོད། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དྲིན་ལས་དར་ཞིང་རྒྱས་པར་མཛད་ཅེས་གསུངས་པའི་དོན་ཡང་ཆོས་ཁོ་ན་མ་ཡིན་ཏེ། དཔེར་ན《རྟ་དཔྱད་མཐོང་བ་ཀུན་གསལ་མེ་ལོང》ལས། མེས་ཆེན་ཐོ་རི་གཉན་བཙན་དུས།། དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་།། རྟ་ནོར་ལོངས་སྤྱོད་མངའ་ཐང་དར།། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཉིད།། དུས་གསུམ་མ་འདྲེས་སོ་སོར་མཁྱེན།། སྤྲུལ་པས་ཁམས་གསུམ་དབང་དུ་བསྡུས།། རྒྱལ་བའི་འོད་ཁམས་ཆབ་འོག་བཅུག། རྟ་ནོར་མཁོ་རྒུ་སྨོས་ཅི་དགོས།། ཞེས་སོགས་གསུངས་པ་ལ་དཔྱད་ན་བོད་དུ་གནའ་སྔ་མོ་ནས་རྟ་ལ་གཙིགས་མཐོང་ཆེ་ཞིང་། རྟ་མཁན་མཁས་པས་རྟའི་རིགས་དང་། དབྱེ་བ་ལ་སོགས་པར་དཔྱད་པ་བྱས་པའི་བསྟན་བཅོས་ཡོད་པར་འདོད་དོ། འོན་ཀྱང་དེང་ཆར་ལ་ལས་རྟ་བོང་གི་རྒན་གཞོན་སོགས་ཤེས་པར་བྱ་རྒྱུ་ནི་མཁས་པའི་བྱ་བ་མ་ཡིན་ནོ་ཟེར་བ་ནི་མི་འཐད་དེ། ས་པཎ་གྱིས། མཁས་གང་ཤེས་བྱའི་དེ་ཁོ་ན།། ཇི་བཞིན་རྟོགས་པར་ཡིན་པ་འདོད།། བྱེ་བྲག་སྦྱངས་པའི་དོན་ཤེས་པ།། དེ་ཡང་དེ་ལ་མཁས་པ་ཡིན།། ཞེས་གསུངས་པ་དང་གཅིག རང་རེའི་གངས་ལྗོངས་སུ་ཁྲི་སྲོང་གི་དུས་ནས་རྟ་དཔྱད་བྱེད་པའི་ལོ་རྒྱུས་ཡོད་པ་དང་གཉིས། མཁས་པའི་བྱ་བ་སྟེ། བརྟག་པ་རྣམ་པ་བརྒྱད་ཀྱི་ཡ་གྱལ་དུ་རྟ་བརྟག་ཅེས་ཡོད་པས་གསུམ། རྟ་ནི་སྔར་བོད་མི་རིགས་ཀྱི་རྒྱུན་མཁོའི་ཁྱིམ་ཕྱུགས་གཙོ་བོ་ཞིག་ཡིན་པ་ནི། སྔར་ཐག་རིང་གི་འགྲིམ་འགྲུལ་ཏེ། རྒྱ་དཀར་ནག་སོགས་གང་དུ་བསྐྱོད་དུས་ཀྱང་རྟ་ལ་བརྟེན་ནས་བསྐྱོད་དགོས་པ་དང་། ལྷག་པར་དུ་དམག་འཁྲུག་སྐབས་རྟ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་བཞི། དེང་ཆར་བོད་རིག་པའི་ཤེས་བྱ་ཆེ་འབྲིང་ཆུང་གསུམ་ལ་ཞིབ་འཇུག་ནན་ཏན་བྱ་རྒྱུ་ནི་ང་ཚོའི་མི་རབས་ཀྱི་ཕྲག་སྟེང་དུ་བབས་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་ལྔ་སོགས་རྒྱུ་མཚན་མང་དུ་ཡོད་དོ། དེས་ན་འདིར་འཆད་པར་འདོད་པའི《རྟ་བཤད་མཁས་པ་འཛུམ་ཤོར》ལ་ནང་གསེས་བཅུ་གཉིས་ཡོད་པ་ནི།(༡)ས་རྟ་དང་གནམ་རྟ་བཤད་པ།(༢)བཟང་དཔྱད་སུམ་ཅུ་བཤད་པ།(༣)ལོ་རྩིས་སྟངས་བཤད་པ།(༤)དབྱེ་བ་བཤད་པ།(༥)ཟས་སོགས་ཀྱི་སྒོ་ནས་བརྟག་པ།(༦)སྤུ་མདོག་བཤད་པ།(༧)རིགས་བཤད་པ།(༨)བཞེད་དོན་ཉི་ཤུ་བཤད་པ།(༩)དགོས་པ་སྣ་བདུན་བཤད་པ།(༡༠)མགོ་སྣ་དྲུག་བཤད་པ།(༡༡)རྨིག་པའི་དབྱེ་བ་བཤད་པ།(༡༢)འདྲ་མིན་མང་འདུས་ཀྱི་རྟ་མཆོག་བཤད་པ་བཅས་སོ།

དང་བོ། ས་རྟ་དང་གནམ་རྟ་བཤད་པ།

དེ་ཡང་རྟ་ལ་ས་རྟ་དང་གནམ་རྟ་ཞེས་རྩ་བའི་ཁྱད་པར་གཉིས་ཡོད་པ་ལས།(༡)ས་རྟ་ནི། གཟུགས་དབྱིབས་སྦལ་པ་ཐུར་དུ་བསྡད་པ་དང་འདྲ་བར་ཡན་ལག་ཐུང་ཞིང་གཟུགས་སྦོམ་པ་དང་། སྒལ་བ་ལེབ་ཅིང་ལམ་དུ་བསྐྱོད་ཁ་དལ་བས་ས་རྟའི་རྒྱུད་ཀྱི་རྟ་ནི་དམན་པར་བཤད་དོ།(༢)གནམ་རྟ་ནི། གཟུགས་དབྱིབས་སེང་གེ་གནམ་ལ་མཆོངས་པ་དང་འདྲ་བར་སྟོད་བཟང་བ་དང་། ལག་རིང་བ། མགོ་འཕངས་མཐོ་ཞིང་སྣ་སྦུགས་ཆེ་བ། སྒལ་བ་རྣོ་ཞིང་ལམ་དུ་བསྐྱོད་ཁ་མགྱོགས་པས་གནམ་རྟའི་རྒྱུད་ནི་རྟ་མཆོག་ཏུ་བཤད་དོ། གཞན་ཡང་གྲངས་འབོར་ཆེས་ཉུང་བའི《ཆུ་རྟ》ཞེས་པ་ཞིག་ཡོད་པ་ནི། གཟུགས་ཉ་མོ་འདྲ་ཞིང་རྐང་ལག་ཕྲ་བ་དང་། མིག་འབུར་བ། རྣ་བ་རྒྱབ་ཏུ་ཅུང་ཀེར་ཞིང་ལམ་ཐུང་བར་མགྱོགས་ཤིང་རིང་བར་དལ་བ་ཞིག་ཡོད་པ་ནི་རྟ་རྒྱུད་འབྲིང་དུ་བཤད། རྟ་འདིའི་རྒྱུད་ཡིན་ན་ལམ་བར་དུ་ཆུ་བོ་བརྒལ་བའི་སྐབས་རྟ་ལས་བབས་ཏེ་མགྱོགས་ཙམ་མ་དེད་ན་ཆུའི་དཀྱིལ་དུ་ཉལ་བར་གྲགས་སོ།
      
གཉིས་པ། བཟང་དཔྱད་སུམ་ཅུ་བཤད་པ།
   
སྤུ་མདོག་སྣུམ་པས་གཅིག  གདོང་ངོ་གཙང་བས་གཉིས། སེང་གེ་ནམ་མཆོང་ལྟ་བུའི་ལུས་ཀྱིས་གསུམ། དེ་གསུམ་ལ་ཕྱི་ཡི་བཟང་དཔྱད་གསུམ་ཟེར། ངང་མོའི་སྐེ་ལྟར་གཉེན་པས་གཅིག སྦལ་བའི་མིག་ལྟར་འབུར་བས་གཉིས། རྣ་བ་རྒོད་གཤོག་བརྐྱང་འདྲས་གསུམ། དེ་གསུམ་ལ་མགོ་བོའི་བཟང་དཔྱད་གསུམ་ཟེར། སེང་གེ་དར་མའི་མཆེ་བ་འདྲ་བས་གཅིག  ཟ་འགྲམ་འཇམ་ཞིང་རིང་བས་གཉིས། སོ་ཆེན་གྲལ་སྟར་སྙོམས་པ་གསུམ། དེ་གསུམ་ལ་འགྲམ་པའི་བཟང་དཔྱད་གསུམ་ཟེར། གཡག་གི་སོག་པ་འདྲ་བས་གཅིག  ཁྲ་ཡི་བྲང་ལྟར་ལྡིར་བས་གཉིས། རྩིབས་མ་ཕྲ་སྦོམ་མེད་དང་གསུམ། དེ་གསུམ་ལ་སྟོད་ཀྱི་བཟང་དཔྱད་གསུམ། དགོ་བའི་གླ་དང་འདྲ་བས་གཅིག  ཤ་ཕོའི་སྨད་ཉག་འདྲ་བས་གཉིས། སྨད་ཚིགས་འབུར་ཐོན་མེད་པ་དང་གསུམ། དེ་གསུམ་ལ་སྨད་ཀྱི་བཟང་དཔྱད་གསུམ་ཟེར། ཤ་ཕོའི་རྗེ་ངར་འདྲ་བས་གཅིག  རྨིག་པ་ལྕགས་ནག་འདྲ་བས་གཉིས། རྨིག་སྤུ་བཟང་ཞིང་སྦོམ་པས་གསུམ། དེ་གསུམ་ལ་རྐང་བའི་བཟང་དཔྱད་གསུམ་ཟེར། ལག་པ་སྦོམ་ཞིང་རིང་བས་གཅིག  ལག་ངར་གསེར་གྱི་རྐང་གླིང་གཉིས། རྨིག་པ་རྐང་དང་མཚུངས་པ་གསུམ། དེ་གསུམ་ལ་ལག་པའི་བཟང་དཔྱད་གསུམ་ཟེར། ལག་གཤོག་རླུང་ཆེན་ལྡིང་འདྲས་གཅིག  དཔུང་གཤོག་རླུང་དམར་འཚུབ་འདྲས་གཉིས། རྐང་གཤོག་མེ་ལྕེ་གྱེན་འབར་གསུམ། དེ་གསུམ་ལ་གཤོག་པའི་བཟང་དཔྱད་གསུམ་ཟེར། ལོང་གཙུག་ཨ་ལོང་འཁྱིལ་བས་གཅིག  ཐོད་གཙུག་ནོར་བུ་མེ་འབར་གཉིས། གཡས་གཙུག་རྒྱ་མཚོའི་རླབས་ཀྱིས་གསུམ། དེ་གསུམ་ལ་གཙུག་གི་བཟང་དཔྱད་གསུམ་ཟེར་བ་སོགས་བཟང་དཔྱད་སུམ་ཅུ་ཡོད་དོ།
      
གསུམ་པ། ལོ་རྒན་གཞོན་བརྩི་སྟངས་བཤད་པ།
     
རྟའི་ཁའམ་ལོ་རྒན་གཞོན་བརྩི་སྟངས་ནི་མདོར་བསྡུས་ན་ལོ་གཅིག་ལ་ནི་རྟེའུ་དང་།། ལོ་གཉིས་སོན་ན་ཅོ་བ་ཡིན།། ལོ་གསུམ་སྒ་རྒྱག་རྟེན་འབྲེལ་བྱེད།། ལོ་བཞི་ཡ་གཉིས་མ་གཉིས་བརྗེས།། ལོ་ལྔ་སོ་ཡི་བར་མ་བརྗེས།། དེ་དུས་བྱ་ལས་མགྱོགས་ཞེས་གྲགས།། ལོ་དྲུག་སོ་ཡི་མཐའ་མ་བརྗེས།། དེ་དུས་ན་ལོ་དང་བོར་སོན།། ན་དང་བོར་མཆེ་བ་ནས་རྡོག་ཙམ།། ཆུང་ཨ་མའི་ཁོག་གནས་ལོ་དྲུག་སོང་།། དང་བོ་མ་དཀྱིལ་སེར་རིས་ཅན།། གཉིས་པ་ལ་ནི་བར་དུ་གནས།། གསུམ་པ་ལ་ནི་མཐའ་མའོ།། བཞི་བ་སྔོན་པོ་གཡུ་ཡི་མིག། ལྔ་བ་ལ་ནི་བར་དུ་གནས།། དྲུག་པ་ལ་ནི་མཐའ་མའོ།། བདུན་པ་ཡ་སོའི་དཀྱིལ་དུ་སླེབས།། བརྒྱད་པ་ལ་ནི་བར་དུ་གནས།། དགུ་བ་ལ་ནི་མཐའ་མའོ།། ཞེས་རྟ་ལ་ཡ་སོ་དྲུག་དང་མ་སོ་དྲུག་ཡོད་པས། ཡ་གཉིས་མ་གཉིས་ཞེས་ལོ་བཞི་ལ་སླེབས་སྐབས་སོ་དཀྱིལ་མ་བཞི་སྟེ་ཡ་སོ་གཉིས་དང་མ་སོ་གཉིས་བརྗེས་པ་དང་། ཐབས་བཞི་ཞེས་ལོ་ལྔ་ལ་སླེབས་དུས་སོ་བར་མ་བཞི་བརྗེས་པ་དང་། ན་དང་བོ་ཞེས་ལོ་དྲུག་ལ་སླེབས་དུས་སོ་མཐའ་མ་བཞི་བརྗེས་པ་དང་། རྟ་ཕོ་ཡིན་ན་མཆེ་བ་ནས་རྡོག་ཙམ་ཡོད་དོ། ན་དང་བོར་སླེབས་དུས་མ་སོ་དཀྱིལ་མ་གཉིས་སོ་རིས་སེར་མོའི་དཔར་རྗེས་འདྲ་བ་སླེབས་པ་དང་། ན་གཉིས་པ་ཞེས་ལོ་བདུན་ལ་སླེབས་སྐབས་རིས་དེ་མ་སོ་བར་མ་གཉིས་ལ་སླེབས་པ། ན་གསུམ་པ་ཞེས་ལོ་བརྒྱད་ལ་སླེབས་དུས་རིས་དེ་མ་སོ་མཐའ་མ་གཉིས་ལ་སླེབས་སོ།  ན་བཞི་བ་ཞེས་ལོ་དགུ་ལ་སླེབས་དུས་མ་སོ་དཀྱིལ་མ་གཉིས་ལ་སླར་ཡང་སོ་རིས་གཡུ་ཡི་མིག་ལྟ་བུ་ཞིག་སླེབས་པ་དང་། ན་ལྔ་བ་ཞེས་ལོ་བཅུ་ལ་སླེབས་དུས་སོ་རིས་དེ་མ་སོ་བར་མ་གཉིས་ལ་སླེབས་པ། ན་དྲུག་པ་ཞེས་ལོ་བཅུ་གཅིག་ལ་སླེབས་དུས་སོ་རིས་དེ་མ་སོ་མཐའ་མར་སླེབས་སོ། ན་བདུན་པ་ཞེས་ལོ་བཅུ་གཉིས་ལ་སླེབས་དུས་སོ་རིས་དེ་ཡ་སོ་དཀྱིལ་མ་གཉིས་ལ་སླེབས་པ་དང་། ན་བརྒྱད་པ་ཞེས་ལོ་བཅུ་གསུམ་ལ་སླེབས་དུས་སོ་རིས་དེ་ཡ་སོ་བར་མ་གཉིས་ལ་སླེབས་པ། ན་དགུ་བ་ཞེས་ལོ་བཅུ་བཞིར་སླེབས་དུས་སོ་རིས་དེ་ཡ་སོ་མཐའ་མ་གཉིས་ལ་སླེབས་སོ། ན་བཅུ་བ་ནས་རིགས་འགྱུར་བ་མང་ཞིང་བརྩི་དཀའ་བས་སྤྱིར་སོ་རིས་མེད་ཅེས་བརྩི་ཐབས་མེད་པར་བཤད་དོ། གོང་གསལ་ན་དང་བོ་ནས་གསུམ་པའི་བར་གྱི་སོ་རིས་དེ་ནི་ཕྲ་མོ་སེར་མོའི་དཔར་རྗེས་འདྲ་བ་དང་། ན་བཞི་བ་ནས་དྲུག་པའི་བར་གྱི་སོ་རིས་དེ་ནི་སྒོར་སྒོར་གཡུ་ཡི་མིག་འདྲ་བ་གཉིས་མི་ནོར་བ་བྱ་རྒྱུ་གལ་ཆེ་ཞིང་། གཞན་ཡང་རིས་དཀར་དང་རིས་ནག་ཅེས་སོ་རྒྱུད་མི་འདྲ་བ་གཉིས་ཡོད་པ་སོགས་གཞུང་ལུགས་དང་མྱོང་བ་ཟུང་འཇུག་གིས་བརྟག་པར་བྱ་དགོས་སོ།
      
བཞི་བ། དབྱེ་བ་བཤད་པ།
     
རྟ་ལ་དབྱེ་བ་ཆེན་པོ་དྲུག་ཡོད་པ་ནི། འདོ་བ་དང་། གྱི་ལིང་། འཇག་རྟ། གྱམ་ཤིང་། རུ་རྔུ། མུ་ཆེན་བཅས་སོ།
   
༡.འདོ་བ་ལའང་འདོ་ཆེན་དང་འདོ་ཆུང་གཉིས་ཡོད་དེ།    (༡)འདོ་ཆེན་ནི་མགོ་དཔང་མཐོ་ཞིང་རྣ་བ་རིང་བ་དང་། དཔྲལ་བ་ལྡེམ་ཞིང་སྐེ་རྩ་རིང་བ། བྲང་ཞེང་ཆེ་ལ་རུས་སྒྲོམ་ཡངས་པ། རྨིག་བཞི་ཆེ་བ་དང་གཟུགས་དབྱིབས་དཀྱུས་རིང་ཞིང་། དཔྱི་མགོ་མཐོ་ཡང་དཔྱི་མིག་དམའ་བ། རྔོག་མ་ཚིགས་སྤུ་རིང་བ་ཞིག་ཡོད་ཐོག་ད་དུང་རྩལ་ཆེ་ཞིང་ལྷག་པར་གྱེན་ལམ་ལ་ཤུགས་ཆེ་བའོ།
  (
༢)འདོ་ཆུང་ནི་གཟུགས་དབྱིབས་དགོ་བ་དང་འདྲ་ལ། ལག་པ་རིང་ཡང་རྐང་བ་ཐུང་བ། ལུས་པོ་ཕྲ་བ་ལྕགས་ཀྱི་གླིང་བུ་དང་འདྲ་བར་བཤད་ལ། ཚིགས་སྤུ་རིང་ཞིང་མགོ་དཔང་དམའ་བ་གྱེན་ལམ་དུ་ཤུགས་ཆུང་བའོ།
   
༢.གྱི་ལིང་ལའང་ས་རྟ་དང་གནམ་རྟ་གཉིས་ཡོད།
  (
༡)ས་རྟ་གྱི་ལིང་ནི་མགོ་དཔང་དམའ་ཞིང་ལུས་སྦལ་བ་དང་འདྲ་བ་ལུས་པོ་སྦོམ་ལ་སྒལ་བའང་གྲུ་བཞི། ཡོས་ཀྱི་མགོ་བོ་དང་། སྦལ་བའི་མིག་འདྲ་བ་ཞིག་ལ་ཟེར་རོ།
  (
༢)གནམ་རྟ་གྱི་ལིང་ནི་མགོ་དཔང་མཐོ་ཞིང་སྤོ་ཐག་རིང་ལ་ཟེ་དང་རྔོག་མའང་བཟང་བ། གདོང་རིས་བྱ་རོག་གདོང་དང་འདྲ་ལ་དཔྲལ་བ་ལྡེམ་པ། སྦལ་མིག་ཅན་ཞིག་ལ་ཟེར་རོ།
  
༣.འཇག་རྟ་ལའང་ནང་གསེས་དཀར་ནག་གཉིས་ཡོད་པ་སྟེ།
  (
༡)འཇག་རྟ་དཀར་པོ་ནི་མགོ་དཔང་མཐོ་ལ། རྣ་བ་རིང་བ། མཇུག་སྙིང་སྦོམ་པ། མཇུག་མ་བཟང་བ་ཞིག་ལ་ཟེར།
  (
༢)འཇག་རྟ་ནག་པོའི་གཟུགས་ནི་སྦལ་བ་དང་འདྲ་ལ། འགྲམ་པ་མཐུག་ལ་བྲང་ཞེང་ཆེ་བ། མཇུག་སྙིང་ཐུང་བ། མཇུག་མ་རིང་ཞིང་ཕྲ་བ། རྨིག་པ་ཙོག་ཅིང་རུས་སྒྲོམ་ཆེ་བ་ཞིག་ལ་ཟེར།
   
༤.གྱམ་ཤིང་ལའང་ནང་གསེས་རིང་ཐུང་གཉིས་ཡོད་པ་སྟེ།
  (
༡)གྱམ་ཤིང་རིང་བ་ནི་སྒལ་ཐག་རིང་ལ། མགོ་དཔང་དམའ་ཞིང་མཇིང་བ་ཕྲ་བ། གདོང་ཡུག་རིང་ཞིང་མིག་ལྤགས་མཐུག་པ། མིག་ཀོང་ཀྱོང་ཞིང་མིག་སྤུ་མང་ཉུང་རན་པ། ཁོག་པ་གྲིམས་པ། ཚིགས་སྤུ་སོགས་བཟང་ཞིང་ལམ་དུ་ཆས་དུས་སྔ་དྲོ་ལས་ཕྱི་དྲོ་བཟང་བ། ལ་རྩ་ལས་ལ་རྩེར་སླེབས་དུས་བཟང་བ་ཞིག་ལ་ཟེར།
  (
༢)གྱམ་ཤིང་ཐུང་བ་ནི་སྤྱིར་གྱམ་ཤིང་རིང་བ་དང་ཁྱད་པར་མེད་ནའང་སྒལ་ཐག་དང་། ཚིགས་སྤུ་སོགས་ཐུང་བས་གྱམ་ཤིང་ཐུང་བ་ཞེས་ཟེར།
   
༥.རུ་རྔུ་ལའང་ནང་གསེས་གཉིས་ཡོད་དེ། གདགས་དང་སྲིབས་སོ།
  (
༡)གདགས་ཀྱི་རུ་རྔུ་ཞེས་བྱ་བ་ནི་གླ་བ་བྲག་ཐོག་ཏུ་འཛེགས་པ་ལྟར་མིག་གྲུང་ཞིང་། བསྐྱོད་ཁ་ཡངས་ལ་ཟེ་རྔོག་ཚིགས་གསུམ་གྱི་སྤུ་བཟང་བ། མགོ་དཔང་མཐོ་བོས་དགྱེ་ངོར་འགྲོ་བ། རྣ་བ་དང་རྨིག་པའི་ཆེ་ཆུང་འབྲིང་ཙམ་ལ། ལུས་སྟོད་བཟང་ཡང་ལུས་སྨད་ངན་པ་ཞིག་ལ་ཟེར།
  (
༢)སྲིབས་ཀྱི་རུ་རྔུ་ཞེས་བྱ་བ་ནི། སྤུ་ལ་ཞག་རྩི་མེད་པ་ར་རྒན་ཆར་བ་དྲེད་པ་དང་འདྲ་བ། མགོ་དཔང་དམའ་ཞིང་གདོང་ཐག་རིང་བ། རྣ་ལེབ་ཅིང་སྤུ་རིང་བ། སུག་བཞི་རུབ་ཅིང་ལྟར་སྣང་མི་མཛེས་ཀྱང་། རྟ་འདི་ཁྱིམ་བདག་སུས་ཉར་ཡང་འཕྲོད་ཅེས་གྲགས་སོ།
   
༦.མུ་ཆེན་ལའང་ནང་གསེས་གཉིས་ཡོད་དེ། དགྱེ་བོ་དང་སྒུར་བོའོ།
  (
༡)མུ་ཆེན་དགྱེ་བོ་ནི་ཁྱི་སྤྱང་ལྟ་བུར་མགོ་བོ་སྐམ་པ། ལྤགས་པ་མཐུག་ལ་མགོ་དཔང་མཐོ་བ། རྣ་བ་ཆེ་ལ་མཇིང་བ་རིང་བ། སུག་བཞི་དྲང་ཡང་སྒལ་ཚིགས་སྒུར་བ། ལམ་དུ་རྒྱང་མིག་བལྟ་བཞིན་འགྲོ་བ་ཞིག་ཡོད་པ་དེ། བླ་མ་སོཊ་ཀྱི་ཆིབས་རྟར་འོས་ཞེས་གྲགས་སོ།
  (
༢)མུ་ཆེན་སྒུར་བོ་ནི་སྤྱིར་གོང་དང་འདྲ་ཡང་མགོ་དཔང་དམའ་བ་དང་གཟུགས་དབྱིབས་ཕག་པའི་ཤ་ཚུགས་ལྟ་བུ། ལུས་སྒུར་བོ་ཞིག་ཡོད་པ་མུ་ཆེན་སྒུར་བོ་ཟེར་ཏེ་རྟ་འདི་ཅུང་ངན་པར་གྲགས་སོ།
      
ལྔ་བ། ཟས་སོགས་ཀྱི་སྒོ་ནས་བརྟག་པ།
    (
༡)ཟས་ཀྱི་སྒོ་ནས་བརྟག་པ་ནི།། ཟས་མང་བང་ཉུང་རབ་ཀྱི་རབ།། ཟས་མང་བང་མང་རབ་ཀྱི་ཐ།། ཟས་འབྲིང་བང་འབྲིང་འབྲིང་གི་རབ།། ཟས་འབྲིང་བང་མང་འབྲིང་གི་ཐ།། ཟས་ཉུང་བང་ཉུང་ཐ་མའི་རབ།། ཟས་ཉུང་བང་མང་ཐ་མའི་ཐ།། ཞེས་སོ།
  (
༢)ཆུ་འཐུང་བར་བརྟག་པ་ནི། འཐུང་ཐེངས་མང་བོ་བྱེད་པ་དང་ཆུ་དྲོད་ཅན་མི་འཐུང་མཁན་ནི་བྱ་རིགས་ཡིན་པས་བཟང་བ་དང་། ཆུ་ལན་གསུམ་བསྐྱར་དུ་འཐུང་མཁན་ནི་གཅན་གཟན་གྱི་རིགས་ཡིན་པ་དང་ཆུ་ལན་གཉིས་འཐུང་མཁན་ནི་རི་དྭགས་ཀྱི་རིགས་ཡིན་པས་དེ་གཉིས་འབྲིང་དུ་འདོད། ཆུ་དུས་གཅིག་ཏུ་ཚོད་མེད་འཐུང་བ་ནི་བ་གླང་གི་རིགས་ཡིན་པས་བླུན་ཞིང་རྨོངས་པ་སྟེ་ཐ་མའོ།
  (
༣)སྐད་ཀྱི་སྒོ་ནས་བརྟག་པ་ནི། རྟ་རབ་ཀྱི་སྐད་ནི་སེང་གེའི་ངར་སྐད་འདྲ་ཞིང་། རྟ་འབྲིང་གི་སྐད་ནི་བྱ་འོལ་བའི་སྐད་འདྲ་བ། རྟ་ཐ་མའི་སྐད་ནི་ཕག་གི་སྐད་ལྟར་སྦོམ་ཞིང་། སྣ་སྦུགས་ནས་འཚེར་བའོ།
  (
༤)རྨིག་རྗེས་ཀྱི་སྒོ་ནས་བརྟག་པ་ནི། ས་ལ་རྨིག་རྩེའི་རྗེས་ཙམ་ལས་མི་གསལ་བ་རབ་དང་། རྐང་རྗེས་ལག་རྗེས་ཀྱི་སྟེང་དུ་སླེབས་པས་རྐང་རྗེས་ལས་ལག་རྗེས་མི་མཐོང་བ་འབྲིང་། ལག་རྗེས་སྟེང་རྐང་རྗེས་མ་སླེབས་པས་རྐང་རྗེས་ལག་རྗེས་གཉིས་ཀ་གསལ་བ་ནི་ཐ་མའོ།
     
དྲུག་པ། སྤུ་མདོག་བཤད་པ།
   
རྟའི་སྤུ་མདོག་མི་འདྲ་བ་དུ་མ་ཡོད་པ་ལ་སྤུ་མདོག་སོ་སོར་མིང་གྲོགས་འདོགས་སྲོལ་ཡང་ཡོད་དེ། དཔེར་ན། ཕུན་ཚོགས་རྐྱང་བོ། གཡུ་འབྲུག་སྔོ་ནག  གསེར་བྱ་ངང་བ། སྐལ་བཟང་རག་པ། བསམ་གཏན་ཝ་ལ། རིན་ཆེན་མོག་རོ་ལ་སོགས་པ་ལྟ་བུ་ཡིན། དེ་དག་ཀྱང་དེང་ཁྱབ་ཆེ་བའི་དབང་དུ་བྱས་པ་ལས་གཞན་ད་དུང་རྟའི་མིང་ཧ་ཅང་མང་བོ་ཡོད་པ་ནི། དཔེར་ན། གེ་སར་གྱི་སྒྲུང་ལས། འདོ་བ་འབྲོང་འདུར་སྨུག་པོ། སྤྲིན་དཀར་རྒྱང་མཛེས། འདོ་བ་དུང་བྱ་རྣ་ཁྲ། བྱ་རྟ་རླུང་གཤོག་སྔོན་མོ། ཤན་རྟ་དམར་ཆུང་། རླུང་རྟ་མཚལ་དམར། ལྷ་རྟ་རྐྱང་བོ་སོགས་གྲངས་ཀྱིས་མི་ལང་བ་ཡོད། དེ་བཞིན་རྟའི་སྤུ་མདོག་ཀྱང་འདྲ་མིན་མང་བོ་ཡོད་པ་ནི། དཔེར་ན། དྲོ་དམར་གཅིག་པུའང་ནང་གསེས་ཧ་ཅང་མང་བས་ཁ་རྒྱུན་དུ། རྟ་དྲོ་དམར་གྱི་སྤུ་མདོག་ནི་གླིང་གེ་སར་གྱི་སྒྲུང་དང་འདྲ་ཞེས་ཤོད་སྲོལ་ཡོད་པ་རེད། གཞན་ཡང་ཁྱིམ་བདག་གི་ལོ་རྟགས་དང་བསྟུན་ནས་རྟའི་སྤུ་མདོག་འཕྲོད་མིན་མོ་རྩིས་བྱེད་པ་མ་ཟད། ལས་རིགས་སམ་གོ་གནས་དང་བསྟུན་ནས་རྟའི་སྤུ་མདོག་ཤོད་སྲོལ་ཡོད་པ། དཔེར་ན། གསེར་བྱ་ངང་བ་བླ་མའི་ཆིབས་ཆེན། གཡུ་འབྲུག་སྔོ་ནག་ཚོང་བའི་རྟ། ཕུན་ཚོགས་རྐྱང་བོ་དམག་གི་རྟ་ཟེར་བ་སོགས་ཡོད་ཀྱང་གཅིག་ཏུ་མ་ངེས། སྤྱིར་རྟ་དགུ་དམར་དང་། ག་ཤོར། ཞེས་པ་མི་འཕྲོད་པའི་ངོས་འཛིན་བྱེད་ནའང་སྐབས་འགར་ལ་ལས་བགེགས་བཟློགས་ཡིན་ཞེས་ཆེད་དུ་ཉར་མཁན་ཡང་ཡོད་དོ།
      
བདུན་པ། རིགས་བཤད་པ།
     
རྟ་ལ་རིགས་ཀྱི་སྒོ་ནས་དབྱེ་བ་རྣམ་པ་གསུམ་ཡོད་པ་ནི། བྱ་རིགས་དང་གཅན་གཟན་རིགས། རི་དྭགས་རིགས་བཅས་སོ།
    (
༡)བྱ་རིགས་ནི།  གཟུགས་ཡང་བ་འཕུར་བ་ལྟར་འགྲོ་ཐུབ་པ། 

(༡)མིག་ལག་འོག་ཏུ་བལྟ་བ་དང་། ཁ་ཆེ་ཞིང་དཔུང་བ་མཐོ་བ་རྟ་མཆོག་ཏུ་འདོད།

(༢)གཅན་གཟན་གྱི་རིགས་ནི་ལམ་དུ་སྐྱོད་དུས་ཁ་ལྕི་ཞིང་མིག་སྤྲིན་དམར་བ། སྣ་སྦུགས་ལེབ་ཅིང་གྱེན་དུ་ཅུང་ཟད་བརྫེས་པ། ཤིན་ཏུ་ཁྲོ་བས་གཞན་ལ་རྐང་ལག་གིས་བརྡེག་པ་དང་སོའང་རྒྱག་པ། ཁྱི་སོགས་མཐོང་ན་ཤིན་ཏུ་རྔམ་པ་ཞིག་ཡོད་པ་རྟ་དམན་དུ་འདོད།
       (
༣)རི་དྭགས་ཀྱི་རིགས་ནི་བློ་བརྡར་བ།  ལམ་དུ་སྐྱོད་ཁ་ཡང་ཞིང་ལམ་བདེ་མིན་ལ་མ་བལྟོས་པ།  མིག་རྒྱང་དུ་བལྟ་ཞིང་ཡེ་འདྲོག་མང་བ།  ཁྱི་སོགས་ལ་སྐྲག་པ་ཞིག་ཡོད་པས་རྟ་འབྲིང་དུ་འདོད།
     
བརྒྱད་པ།  བཞེད་དོན་ཉི་ཤུ་བཤད་པ།
     
བཞེད་དོན་ཉི་ཤུ་ནི། མགོ་བོ་རྐྱང་རྒན་འདྲ་ན་བཞེད།། ཁ་ནི་གའུ་ཁ་སྦྱར་བཞེད།། དཔྲལ་བ་དངུལ་དཀར་མེ་ལོང་བཞེད།། སོ་ནི་དཀར་ཞིང་རྣོ་བ་བཞེད།། དཔུང་བ་རྒོད་པོའི་གཤོག་པ་བཞེད། སྐེད་པ་གདུང་མ་ཕྲ་ན་བཞེད།། སྦོ་ཐག་ཤ་ཁྱི་འདྲ་ན་བཞེད།། མིག་དེ་ནག་ཆུང་སྲན་མ་བཞེད།། ཟེ་དེ་སི་ལིང་ལྗང་བ་བཞེད།། སྒལ་བ་སྤང་གཤོངས་མཐིང་སྔོན་བཞེད།། རྐང་བ་ཕྲ་རིང་མཉེན་ན་བཞེད།། ལག་པ་སྦོམ་ཞིང་མཁྲེགས་ན་བཞེད།། རྨིག་པ་ལྕགས་ཕོར་ཕུབ་འདྲ་བཞེད།། རླིག་པ་དར་ཁུག་རྡོ་གཏུམ་བཞེད།། རྣ་བ་རྒོད་གཤོག་བརྐྱང་འདྲ་བཞེད།། རྩིབས་མ་གུར་ཁྱིམ་ཕུབ་འདྲ་བཞེད།། ལོང་གཙུག་ཨ་ལོང་འཁྱིལ་བ་བཞེད།། རྔོག་མ་སི་ཤན་སྟོང་སྐུད་བཞེད།། སྤུ་མདོག་སྣུམ་ཞིང་མཛེས་ན་བཞེད།། སྐད་དེ་སེང་གེའི་རང་སྐད་བཞེད་ཅེས་སོ།
     
དགུ་བ།  དགོས་པ་སྣ་བདུན་བཤད་པ།
   
ཤྭ་བ་ཡུགས་མོའི་ཐོད་རྒྱས་དགོས།། ཤྭ་ཕོ་དར་མའི་འགྲམ་ཤ་དགོས།། སྟག་མོ་ངར་བའི་ཁ་ཚལ་དགོས།། རུས་སྦལ་རྒྱ་བོའི་མིག་འབུར་དགོས།། གཏུམ་དྲག་སྦྲུལ་གྱི་མིག་འབྲས་དགོས།། སེང་གེ་དཀར་མོའི་སྣ་སྦུབས་དགོས།། རྣ་བ་རྒྱལ་བ་རིགས་ལྔ་བཞེད་ཅེས་སོ།
     
བཅུ་བ། མགོ་བོ་སྣ་དྲུག་བཤད་པ།
     
རྟའི་མགོ་བོར་དབྱེ་བ་དྲུག་ཡོད་པ་ནི། གཅན་མགོ་དང་། སྦལ་མགོ  ལུག་མགོ  ཡོས་མགོ  གླང་མགོ  ཤྭ་མགོ་བཅས་སོ།
  (
༡)གཅན་མགོ་ནི།  ཁ་ཚལ་ཆེ་ལ་སྣ་ཉག་ཅིང་མིག་སྤྲིན་དམར་བ་དང་།  མིག་རྩ་ཀོང་ཞིང་མིག་འབུར་འབྲིང་ཙམ་ཡོད་པ་ཞིག་ལ་ཟེར།
  (
༢)སྦལ་མགོ་ནི། ཡུགས་ཐུང་ལ་དཔྲལ་གདོང་ཆེ་བ་དང་། མིག་འབུར་ཆེ་ཞིང་མགོ་བོ་ཅུང་ལེབ་པ་ཞིག་ལ་ཟེར།
  (
༣)ལུག་མགོ་ནི། གདོང་མི་འཇམ་མི་མཛེས་ལ། ལྷག་པར་སྣ་ལ་བཟོ་ལྟ་མེད་པ་དང་སྣ་ལུད་འཛར་མཁན་ཞིག་ལ་ཟེར།
  (
༤)ཡོས་མགོ་ནི་མགོ་བོ་ཆུང་ཡང་རྣ་བ་རིང་བ།  མིག་འབུར་ཆེ་ཞིང་གྲུང་བ།  སྨ་ར་ཉུང་ཞིང་རིང་བ་ཞིག་ལ་ཟེར།
  (
༥)གླང་མགོ་ནི། མགོ་བོ་ཆེ་ཞིང་སྣ་ཡང་ཅུང་ལེབ་པ། མིག་ཟླུམ་ཞིང་རྣ་བ་ཐུང་བ་ཞིག་ལ་ཟེར།
  (
༦)ཤྭ་མགོ་ནི།  མགོ་བོ་གཙང་ཞིང་དབྱིབས་ལེགས་པ། དཔྲལ་གདོང་ཆུང་ཞིང་སྣ་ཆེ་བ་རྣ་བ་འབྲིང་ཙམ་ཞིག་ལ་ཟེར།
   
གོང་གསལ་མགོ་སྣ་དྲུག་པོ་ནི།  གཅན་གཟན་དང་།  སྦལ་པ།  ལུག  རི་བོང་།  ཤྭ་བ་བཅས་ལ་བལྟོས་ནས་དབྱེ་བར་མངོན།  དེ་དག་ལས་ཡོས་མགོ་དང་སྦལ་མགོ་རྟ་མཆོག་ཏུ་གྲགས་སོ།
      
བཅུ་གཅིག་པ། རྨིག་པའི་དབྱེ་བ་བཤད་པ།
     
རྟའི་རྨིག་པར་རྩ་བའི་དབྱེ་བ་དྲུག་ཡོད་པ་ནི།  རྐྱང་རྨིག་དང་།  དུང་ཕོར།  ཤྭ་རྨིག  བྱ་སྡེར།  གཡག་རྨིག  མགྱོགས་སེན་བཅས་སོ།
  (
༡)རྐྱང་རྨིག་ནི་ཅུང་ཆུང་ཞིང་ཟླུམ་པ་དང་།  ཕྱི་ཟུར་རྣོ་བ་ཞིག་ལ་ཟེར།
  (
༢)དུང་ཕོར་ནི་སྔ་མ་དང་ཤས་ཆེར་འདྲ་བ་ལ།  རྭ་མཐའ་མགོ་ཞིང་རྭ་ཁ་གཡེལ་བ།  གཟུགས་དབྱིབས་སྒོར་མོ་དུང་ཕོར་འདྲ་བ་ཞིག་ལ་ཟེར།
  (
༣)ཤྭ་རྨིག་ནི་དབྱིབས་གཙང་ལ་དམའ་བ་དང་།  རྨིག་རྩེ་ཅུང་རིང་བ།  རྨིག་སྤུ་ཐུང་ལ་ཙོག་ཙོག་ཅིག་ལ་ཟེར།
  (
༤)བྱ་སྡེར་ནི་སྲབ་ལ་ཡང་བ།  རྭ་མཐའ་དམའ་ཞིང་དབྱིབས་མི་གཙང་བ་རྩེ་མོ་རྣོ་བ་ཞིག་ལ་ཟེར།
  (
༥)གཡག་རྨིག་ནི་ཆེ་ཞིང་དཔངས་མཐོ་བ།  རྨིག་མཚམས་རྒྱས་ཤིང་རྨིག་རྗེས་ལེབ་པ།  རྨིག་རྩེ་བརྟན་ལ་ཚུགས་ཆེ་བ་ཞིག་ཡོད་པ་ནི་རྨིག་པའི་མཆོག་ཏུ་བཤད་དོ།
  (
༦)མགྱོགས་སེན་ནི་སྤྱིར་བྱ་སྡེར་དང་འདྲ་ཞིང་།  དེ་ལས་ཅུང་མཐོ་བ་དང་།  རྨིག་རྩེ་རྣོ་བ།  བྱེད་པོས་བཅོས་པ་དང་འདྲ་བ་ཞིག་ལ་ཟེར།
   
གོང་གསལ་རྨིག་སྣ་དྲུག་པོ་ལ་གཡག་རྨིག་མཆོག་དང་ཤ་ཡི་བྱ་སྡེར་ཞེས་པ་དམན་པར་བཤད་ལ་གཞན་དུ་ན་རྨིག་པ་ཇི་ཙམ་ནག་པ་དང་མཁྲེགས་པ་མཆོག་ཡིན་ནོ།
      
བཅུ་གཉིས་པ། འདྲ་མིན་མང་འདུས་ཀྱི་རྟ་མཆོག་བཤད་པ། 

འདྲ་མིན་མང་འདུས་ཀྱི་རྟ་མཆོག་ཅེས་པ་ནི་རིགས་གཏན་ནས་མི་འདྲ་བའི་སེམས་ཅན་བཅུ་གསུམ་གྱི་མཚན་ཉིད་འཛོམས་པའི་རྟ་ལ་ཟེར།  རིགས་མི་འདྲ་བ་བཅུ་གསུམ་ནི། (༡)ཡོས་ཀྱི་མགོ་བོ། (༢)སྦལ་བའི་མིག (༣)ཁྲུང་ཁྲུང་གི་མཇིང་བ། (༤)སྤྱང་ཀིའི་རྣ་བ། (༥)སེང་གེའི་སྟོད། (༦)ཤྭ་བའི་སྨད། (༧)ཤ་ཁྱིའི་ཉྭ། (༨)དྲེལ་གྱི་གཟུགས། (༩)གླང་བོའི་ལྤགས་པ། (༡༠)སྟག་གི་སྤུ། (༡༡)རྐྱང་གི་རྐང་བ། (༡༢)གཡག་གི་རྨིག་པ། (༡༣)འབྲོང་གི་མཇུག་མ་བཅས་འཛོམས་ན་རྟ་མཆོག་ཏུ་བཤད་དོ།

མཇུག་གཏམ།
       
མདོར་ན་གནའ་སྔ་མོ་ནས་གངས་རིའི་ལྗོངས་འདིར་རྟ་ལ་རྟོག་དཔྱོད་གཏོང་བའི་སྲོལ་ཡོད་པ་མ་ཟད་སྔོན་བྱོན་མཁས་དབང་དུ་མས་རྟ་དཔྱད་གནང་བའི་གསུང་རྩོམ་འདྲ་མིན་མང་བོ་ཡོད་པ་དང་། དེ་བཞིན་ངག་རྒྱུན་དང་། དམངས་གཞས་སོགས་ནང་དུའང་རྟ་བཤད་མང་བོ་ཡོད་པ་ནི། དཔེར་ན། ལྷོ་ཁའི་སྒོར་གཞས་ནང་། རྟ་ཕོའི་མགོ་དེ་ཚེ་དབང་བུམ་པ་འདྲ།། རྟ་བོའི་དཔྲལ་བ་དངུལ་དཀར་མེ་ལོང་འདྲ།། རྟ་ཕོའི་རྣ་ཅོག་རྒྱལ་བ་རིགས་ལྔ་འདྲ།། རྟ་ཕོའི་ཟེ་དེ་ལོ་ཡག་ལྗང་བ་འདྲ།། རྟ་ཕོའི་སྒལ་བ་སྤང་གཤོང་མཐིང་སྔོན་འདྲ།།  རྟ་ཕོའི་རྐང་ལག་རླུང་གི་གཤོག་པ་འདྲ།། རྟ་ཕོའི་གཞུ་གུ་སྟོང་སྐུད་སིང་སྐུད་འདྲ།། རྟ་ཕོའི་སྐད་དེ་སེང་གེའི་ངར་སྐད་འདྲ་ཞེས་གཏོང་གི་ཡོད་པ་དང་། དེ་བཞིན། གཉེན་རྒྱལ་བོ་བྱོན་ཚུལ་ལས།  གཉེན་རྒྱལ་བོ་མགྲོན་ལ་ཆས་དུས་སུ།།  མགྲོན་ཆིབས་པ་བྱ་རྒྱལ་ཁྱུང་འདྲ་དགོས།།  འཚེར་སྐད་ལྷོ་འབྲུག་སྐད་འདྲ་དགོས།།  འགྲོས་གོམ་པ་སྐྱི་སེར་རླུང་འདྲ་དགོས།།  རྟ་དཀར་པོ་དུང་མདོག་གཉེན་རྒྱལ་རྟ།། རྟ་དམར་པོ་མཚལ་མདོག་གཉེན་རྒྱལ་རྟ།།  རྟ་སྔོན་པོ་གཡུ་མདོག་གཉེན་རྒྱལ་རྟ།།  རྟ་ངང་བ་གསེར་མདོག་གཉེན་རྒྱལ་རྟ།།  རྟ་ནག་པོ་ལྕགས་མདོག་གཉེན་རྒྱལ་རྟ།། རྟ་དེ་དང་དེར་གཏོགས་འཛིན་རྒྱུ་ཡིན་ཞེས་པ་ལ་སོགས་གྲངས་ཀྱིས་མི་ལང་བ་ཡོད་དོ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1