ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གློག་འཕྲིན། དམག་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ཚོགས་འདུ་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་པེ་ཅིང་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། དམག་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ཚོགས་འདུ་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པར་མ་ཟད། ཚང་མར་ལྷག་བསམ་རྣམ་དག་གི་སྒོ་ནས་འཚམས་འདྲི་མཛད།
ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་དུ་ཞི་ཅིན་ཕིང་ཅིང་ཞིས་མགྲོན་ཁང་དུ་ཕེབས་ཏེ། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་།
ཐེངས་འདིའི་དམག་ཡོངས་ཀྱི་བསམ་བློ་དང་ཆབ་སྲིད་སློབ་གསོའི་ལས་དོན་ཚོགས་འདུས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ། མི་དམངས་དམག་དཔུང་གི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བླང་བྱ་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གིས་དམག་དཔུང་ལ་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ནས། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། སློབ་གསོའི་འདུ་ཤེས་དང་ནང་དོན། བྱེད་ཐབས། སྟོབས་ཤུགས། ལས་དོན་འཁོར་སྐྱོད། ལམ་ལུགས་དང་ལམ་སྲོལ་བཅས་གསར་གཏོད་བྱས་མཐར། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་ཧུར་ཐག་བསྐྲུན་ནས། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་བློ་ཆབ་སྲིད་ཀྱི་འགན་ལེན་བྱས།
ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན།
ཞུས་ཆི་ལིའང་དང་། ཀྲང་ཡིའུ་ཞ། ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་མིན་བཅས་མཇལ་འཕྲད་ལ་ཞུགས།