སངས་མདའ་ལུང་འགོ་དུར་སའི་ལྗོངས་རྣམ་ཧྲིལ་པོ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་གསར་ཤོས་ཤིག་ལས། བོད་ལྗོངས་མངའ་རིས་སངས་མདའ་ལུང་འགོ་དུར་ས་ནས་རིག་དངོས་འབོར་ཆེན་ཐོན་ལ། དེའི་ནང་མཚོ་བོད་ས་མཐོའི་དུར་རྫོངས་ཤིང་མི་ཐོག་མར་གསར་རྙེད་བྱུང་ཡོད། དུར་སའི་གནའ་རྫས་རྟོག་ཞིབ་གསར་རྙེད་བྱུང་བ་འདིས་བོད་ལྗོངས་ནུབ་རྒྱུད་ཀྱི་ཐོག་མའི་སྤྱི་ཚོགས་གྲུབ་ཆ་དང་འཚོ་བའི་རྣམ་པ་དང་དེ་བཞིན་བོད་ལྗོངས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་དང་། ཤིན་ཅང་། ཀྲུང་ཡོན་སོགས་དབར་གྱི་འགྲོ་འོང་འཚོལ་ཞིབ་བྱེད་པར་དཔྱད་གཞི་གསར་པ་མཁོ་འདོན་བྱས་ཡོད།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཝུའེ་ཡིས། སངས་མདའ་ལུང་འགོ་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་གནས་ལ། དུར་ས་འདིར་དུར་ཁྲོད་མང་པོ་ཡོད་ཅིང་ས་འོག་ནས་དངོས་རྫས་མང་པོ་ཐོན་པའི་ནང་རྫ་ཆས་དང་། ཟངས་ཆས། ལྕགས་རིགས་ཤན་ཆས། རྡོ་ཆས། འཁེལ་འཐག་དངོས་རྫས། ཤེལ་ཕྲེང་། ཤིང་སྒམ་སོགས་ཚུད་ཡོད། དེའི་ནང“ས་འོག་ནས་ཐོན་པའི་དུར་རྫོངས་ཤིང་མི་ནི་མཚོ་བོད་ས་མཐོར་ཐོག་མར་གསར་རྙེད་བྱུང་བ་ཞིག་རེད། དེའི་བཟོ་དབྱིབས་ཀྱི་ཁྱད་ཆོས་ཤིན་ཅང་ཐུའུ་ལུའུ་ཧྥན་རྒྱུད་ཀྱི་དུར་རྫས་ཤིང་མིའི་བཟོ་དབྱིབས་དང་འདྲ་པོ་ཡོད”ཅེས་བརྗོད།
2017ལོའི་ཟླ་12པར། རྩ་མདའ་རྫོང་གིས་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱེད་རིང་དུར་ས་དེ་ཐོག་མར་གསར་རྙེད་བྱུང་བ་རེད། དེའི་རྗེས་སུ་སངས་མདའ་ལུང་འགོ་དུར་སའི་གནའ་རྫས་རྟོག་ཞིབ་སྔོག་འདོན་དེ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས“ཀྲུང་གོར་གནའ་རྫས་རྟོག་ཞིབ་བྱེད་”ཅེས་པའི་རྣམ་གྲངས་ནང་བཅུག་པ་དང་འབྲེལ་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་ཡང་བྱས་པ་རེད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་རྩྭ་མདའ་རྫོང་རིག་དངོས་ཅུས་ཀྱི་ལོ་འཁོར་བཞིའི(2017ལོ་ནས་2020ལོ་བར)གནའ་རྫས་རྟོག་ཞིབ་སྔོག་འཚོལ་བྱས་པ་བརྒྱུད། མིག་སྔར་རྣམ་གྲངས་དེར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2017ལོ་ནས་2020ལོ་བར། སངས་མདའ་ལུང་འགོ་དུར་སའི་བང་སོ་3ནས་རིམ་རྩིས་བྱས་ན་གསེར་དང་དངུལ་གྱི་གདོང་རྒྱན་7ཡོད་པ་དང་། གདོང་རྒྱན་དེ་ནི་དེའི་ཉེ་འདབས་ཀྱི་ཆུ་ཐར་བང་སོ་དང་གུ་རུ་རྒྱ་བང་སོ། རྒྱ་གར་ནུབ་བྱང་རྒྱུད་ཀྱི་མ་ལ་ལི་བང་སོ་དང་། བལ་བོའི་བྱང་རྒྱུད་ཀྱི་སང་ཙུང་བང་སོ་ནས་ཐོན་པའི་གསེར་དང་། དངུལ་གྱི་གདོང་རྒྱན་དང་འདྲ་པོ་ཡོད། དེ་མིན་ལི་ཆས་གཉིས་ནི་སི་ཁྲོན་དང་ཧུའུ་པའེ་ས་ཁུལ་ནས་ཐོན་པའི་བཟོ་ལྟ་དང་འདྲ་པོ་ཡོད། རྣ་གཅིག་བྱ་མཆུ་དབྱིབས་ཀྱི་རྫ་དམ་ནི་ལྷ་སའི་ཆོས་གོང་གནའ་ཤུལ་གྱི་རྫ་ཆས་ཀྱི་བཟོ་དབྱིབས་དང་འདྲ་པོ་ཡོད།
ཧོ་ཝུའེ་ཡིས“སྤྱི་ལོའི་སྔོན་གྱི་ལོ་300ལྷག་ཙམ་ནས་བཟུང་། ས་འདི་རུ་མི་མང་པོ་འཚོགས་ཡོད་པ་དང་། དེའི་རིང་ཆབ་སྲིད་ཀྱི་དངོས་ཚན་མྱུ་གུ་འབུས་པ་དང་ཐོན་སྐྱེད་དང་འཚོ་བ་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་བཅས་བརྒྱུད། ཤིན་ཅང་དང་། བལ་ཡུལ་གྱི་བྱང་རྒྱུད། རྒྱ་གར་གྱི་བྱང་རྒྱུད། བོད་ལྗོངས་ལྷ་ས། ལྷོ་ཁ་རྒྱུད་དང་དེ་བཞིན་རྒྱ་ནག་བཅས་ཚུད་པའི་དེའི་མཐའ་འཁོར་ནས་ཡོང་བའི་རིག་གནས་འདི་གར་མཉམ་འདྲེས་བྱུང་ཡོད། སྤྱི་ལོ་600ལོ་ནས་བཟུང་། སངས་མདའ་ལུང་འགོ་དུར་ས་བཀོལ་སྤྱོད་བྱས་མེད་པ་དང་། མི་ཚོགས་གནས་འདིར་འཚོགས་པའི་བྱ་འགུལ་མཇུག་བསྒྲིལ་བ་རེད”ཅེས་བརྗོད། (http://tibet.people.com.cn/15831964.html)
སངས་མདའ་ལུང་འགོ་དུར་ས་ནས་བུད་པའི་གདོང་རྒྱན།
སངས་མདའ་ལུང་འགོ་དུར་ས་ནས་ཐོན་པའི་གསེར་གྱི་སྐེ་རྒྱན་དང་མ་ན་ཧོ(རྟ་ཀླད་ཀྱང་ཟེར)།