༄༅།།སློབ་གྲྭ་ཁག་གིས་དོ་སྣང་བྱེད་དགོས་པའི་དོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-10


        རིགས་ཁག་དང་རིམ་པ་སོ་སོའི་སློབ་གྲྭས་སློབ་མ་གསར་པ་སློབ་གྲྭར་ཞུགས་སྐབས་ཀྱི་གཟུགས་པོ་བརྟག་དཔྱད་དང་། དགེ་རྒན་དང་ལས་བཟོ་ཚོའི་རྒྱུན་ལྡན་གྱི་གཟུགས་པོ་བརྟག་དཔྱད་ཀྱི་སྐབས་སུ་གློ་གཅོང་གི་ནད་ཡོད་མེད་ལ་ཞིབ་བཤེར་བྱ་དགོས་བའི་བླང་བྱ་འདོན་དགོས་ལ། དེའི་བརྟག་འབྲས་སློབ་མ་དང་དགེ་རྒན། ལས་བཟོ་བ་བཅས་ཀྱི་བདེ་ཐང་ཡིག་ཚགས་སུ་འཇུག་དགོས།
        གློ་གཅོང་གི་ནད་སློབ་གྲྭར་མཆེད་པའི་ངེས་པ་ཇེ་ཆུང་དུ་གཏོང་ཆེད། ཉེ་སྔོན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་《ཀྲུང་གོའི་སློབ་གྲྭའི་གློ་གཅོང་གི་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ཡིག་ཆ་》ཁྱབ་བསྒྲགས་བྱས་ཡོད་པ་དང་། ཡིག་ཆ་དེར་རིགས་ཁག་དང་རིམ་པ་སོ་སོའི་སློབ་གྲྭ་ཀུན་གྱིས་སློབ་མ་གསར་པ་སློབ་ཞུགས་སྐབས་ཀྱི་གཟུགས་པོ་བརྟག་དཔྱད་དང་། དགེ་རྒན་དང་ལས་བཟོ་བའི་རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་སྐབས་སུ་གློ་གཅོང་གི་ནད་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། དེའི་བརྟག་འབྲས་སློབ་མ་དང་དགེ་རྒན། ལས་བཟོ་བ་བཅས་ཀྱི་བདེ་ཐང་ཡིག་ཚགས་སུ་འཇུག་དགོས་པ་གསལ་པོར་བསྟན་ཡོད།
        ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་གློ་གཅོང་རིམས་ནད་ཇེ་ཉུང་དུ་ཕྱིན་ཡོད་མོད། ཡིན་ནའང་མི་འབོར་གྱི་གཞི་གྲངས་མང་བས་རིམས་ནད་སྔར་བཞིན་ཧ་ཅང་ཚབས་ཆེ་བ་སྟེ། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་གློ་གཅོང་གི་ནད་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། སློབ་གྲྭ་ནི་སློབ་མ་མང་པོ་གཅིག་འདུས་ཀྱི་གནས་ཤིག་ཡིན་པས། གློ་གཅོང་གི་ནད་ནི་སློབ་གྲྭར་ཧ་ཅང་ཁྱབ་སླ་བ་ཡིན།
        གཟུགས་པོ་བདེ་ཐང་ལ་བརྟག་བཤེར་བྱེད་པ་ནི་གློ་གཅོང་གི་ནད་ཡོད་མེད་ལ་བརྟག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཕྱོགས་སྟོན་ཡིག་ཆ་རུ། རིགས་ཁག་དང་རིམ་པ་སོ་སོའི་སློབ་གྲྭར་སློབ་མ་གསར་པ་སློབ་ཞུགས་སྐབས་ཀྱི་གཟུགས་པོ་བརྟག་དཔྱད་དང་། དགེ་རྒན་དང་ལས་བཟོ་བའི་རྒྱུན་གཏན་གཟུགས་པོ་བརྟག་དཔྱད་ཀྱི་སྐབས་སུ་གློ་གཅོང་གི་ནད་ཡོད་མེད་ལ་བརྟག་དཔྱད་བྱ་དགོས་པ་དང་། གཟུགས་པོ་བརྟག་དཔྱད་ཀྱི་མཇུག་འབྲས་དེ་སློབ་མ་དང་དགེ་རྒན། ལས་བཟོ་བ་བཅས་ཀྱི་བདེ་ཐང་ཡིག་ཚགས་སུ་འཇུག་དགོས་བའི་བླང་བྱ་བཏོན་ཡོད་པ་དང་། སྤྱིར་བརྟག་དཔྱད་སོགས་སློབ་མ་སློབ་གྲྭར་མ་ཞུགས་གོང་དུ་ལེགས་གྲུབ་བྱ་དགོས་པ་དང་འཕྱི་ཤོས་སློབ་མགོ་ཚུགས་རྗེས་ཀྱི་ཟླ་བ་གཅིག་གི་ནང་དུ་ལེགས་གྲུབ་བྱ་དགོས། ལུས་ཕུང་བརྟག་དཔྱད་བྱེད་པའི་ནང་དོན་གཙོ་བོ་ནི་གློ་གཅོང་གི་ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་དང་གློ་གཅོང་གི་ནད་ཡོད་པའི་དོགས་གཞི་ཅན་གྱི་ནད་རྟགས་ལ་བརྟག་པ། TST(འདུས་འདྲིལ་སྲིན་རྒྱུ་པགས་པའི་ཚོད་ལྟ་)ཞིབ་དཔྱད་ཚད་ལེན་དང་བྲང་ཁར་Xའོད་ཀྱིས་ཞིབ་བཤེར་བྱེད་པ་བཅས་ཡིན།
        ཕྱོགས་སྟོན་ཡིག་ཆ་རུ་སློབ་གྲྭ་ཞིག་གི་སློབ་སྐབས་གཅིག་གི་ནང་དུ་རིམས་ནད་རིག་པ་དང་འབྲེལ་བའི་འདུས་འདྲིལ་གཅོང་ནད་ཀྱི་ནད་པ་10ཡན་བྱུང་བའམ་གཅོང་ནད་ཀྱིས་ཚེ་ལས་འདས་པའི་ནད་པ་བྱུང་ཚེ། སློབ་གྲྭ་གནས་སའི་རྫོང་(ཁུལ་)རིམ་པའི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་ཡུལ་དངོས་ལ་བརྟག་དཔྱད་དང་སྤྱི་པའི་འཕྲོད་བསྟེན་ཉེན་ཁ་དཔྱད་དཔོག་གི་འབྲས་བུ་ལ་གཞིགས་ནས། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དུ་བརྩི་མིན་བརྡར་ཤ་གཅོད་དགོས་ཞེས་བརྗོད་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1