ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། “ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྱོན་བསྡོམས་ཁྲི་743.67ལ་སྣེ་ལེན་ཞུས་ལ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.53བྱུང་ཡོད།” ཟླ12པའི་ཚེས8ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་རིགས་ཆེ་གྲས་5དང་ལམ་ཐིག་23བཏོན་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་རེད།
ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་པའི”དམིགས་འབེན་ལ་དམིགས་ཏེ་2020ལོར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་དོན་དེ་ཡུལ་སྐོར་ལས་རིགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། དྲིལ་བསྒྲགས་ཁྱབ་གདལ། ལས་རིགས་ཀྱི་ལྟ་སྐུལ་དོ་དམ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ལ་དམིགས་ནས་གོ་རིམ་ལྡན་པའི་ངང་སྤེལ་བས། ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་སླར་གསོ་བྱུང་ཡོད།
ཏོག་གསར་རིམས་ནད་བྱུང་རྗེས། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ནང་དང་ས་གནས་དེ་གའི་ཡུལ་སྐོར་ཁྲོམ་ར་ཆེན་པོ་གཉིས་སྔོག་འདོན་བྱས་པ་བརྒྱུད་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་1པོ་ནས་ཟླ་11པའི་བར། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2002ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་300ཟིན་ཡོད་པ་རེད།
ཡུལ་སྐོར་བ་མི་འདྲ་བའི་དགོས་མཁོར་དམིགས་ནས། ལྷ་ས་གྲོང་ཁྱེར་གྱིས་སྤྲོ་གསེང་ཡུལ་སྐོར་དང་། རིག་གནས་ཉམས་ལེན་ཡུལ་སྐོར། ཆུ་ཚན་ལུས་གསོའི་ཡུལ་སྐོར། ལུས་རྩལ་མྱུལ་དཔྱད་ཡུལ་སྐོར། སྣོད་བཅུད་བདེ་ཐང་ཡུལ་སྐོར་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་ཐོན་རྫས་རིགས་ཆེ་གྲས་5བཏོན་ལ། དེ་དག་ལམ་ཐིག་རྩེ་གྲ་23དང་འབྲེལ་བ་ཡོད་པ་རེད། ལམ་ཐིག་དེ་དག་ལས་ལྷ་བྱང་སྐོར་ལམ་དང་། རྒྱལ་ལམ་109གནམ་མཚོའི་ལམ་རྒྱུད། རྒྱལ་ལམ་318མལ་གྲོ་སྟག་རྩེ་ལམ་རྒྱུད། རྒྱལ་ལམ་318ཆུ་ཤུར་སྙེ་མོའི་ལམ་རྒྱུད་སོགས་མཛེས་ལྗོངས་ཁུལ་གྱི་མཉམ་སྡེབ་སྦྲེལ་མཐུད་མངོན་པར་བྱས་ཡོད།
དེ་དང་དུས་མཚུངས་སུ། “ལྷ་སའི་གནས་ཚང”དང་། “མགྲོན་དགའ་བོད་ཁྱིམ” “བདེ་སྐྱིད་བོད་ཁྱིམ་སྤྲོ་ཁང”སོགས་སྤུས་རྟགས་གྲོང་གསེབ་ཀྱི་སྡོད་ཁང་ཁག་གཅིག་དང་དེ་བཞིན་སྟག་གདོང་གྲོང་ཚོ་དང་ཡིད་འོང་ཚལ་སྣེ་སོགས་ཁྱད་ལྡན་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་བཏོད་པས་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྤུས་རྟགས་ཀྱི་ཕན་འབྲས་ཐོན་ཡོད་པ་རེད།
གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བའི་སེམས་འགུག་པ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཚན་གྱིས་ད་དུང“ལྷ་སའི་གྲོང་ཁྱེར་ཡུལ་སྐོར”དང“ལྷ་སའི་གྲོང་གསེབ་ཡུལ་སྐོར”ཞེས་པའི་ཡུལ་སྐོར་རིག་གནས་གསར་གཏོད་སྤུས་རྟགས་བཏོན་ཏེ་ཚགས་ཤ་དང་བོད་བྱའི་སྒོ་ང་སོགས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་ས་ཁོངས་དེ་བས་མང་བར་ཁྱབ་གདལ་དང་ཕྱིར་ཚོང་ཐུབ་པ་བྱས་ནས། ཞིང་འབྲོག་མང་ཚོགས་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་སྡེ་ཚན་གྱིས་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྲུན་གྱི་ལེགས་ཆའི་ཐབས་ལམ་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས། ལག་གདང་སྦྲེལ་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་། ད་དུང་གྲོང་གསེབ་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ལུང་ཤུར་གྱི་དཔལ་འབྱོར་དང་། གྲོང་མིའི་སྡོད་ཁང་གི་དཔལ་འབྱོར། ཞིང་འབྲོག་ལས་ཀྱི་འཐོག་འཐུ་ལྟ་སྐོར་བཅས་གསར་སྤེལ་ཧུར་ཐག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱ་རྒྱུ་རེད། (http://tibet.people.com.cn/15832209.html)