གནད་བསྡུས། དཔྱད་རྩོམ་འདིར་རྩོམ་པ་པོས་རྒྱ་བོད་རྩོམ་རིག་ལོ་ཙཱའི་ནང་འཕྲད་པའི་གནད་དོན་ཕྱོགས་བཞི་སྟེ། གཅིག་ནས་རྩོམ་རིག་ལོ་ཙཱའི་བརྒྱུད་རིམ་ནང་མ་རྩོམ་འདེམས་པ། ལས་ཀའི་འཆར་གཞི་བཀོད་སྒྲིག མ་ཡིག་ལ་གོ་བ་ལེན་པ། བརྡ་སྤྲོད་པ་སོགས་ཀྱི་ཐད་འཕྲད་ངེས་ཀྱི་གནད་དོན་དང་། གཉིས་ནས་ལོ་ཙཱའི་ཆ་རྐྱེན་དང་འབྲེལ་བའི་གནད་དོན་ཏེ། ནང་རྐྱེན་ཐད་རང་ངོས་ལ་ཚང་དགོས་ངེས་ཀྱི་ལོ་ཙཱའི་ཤེས་བྱ་དང་། རྩོམ་རིག་གི་རིག་པའི་གཞུང་ལུགས་ཀྱི་ཤེས་བྱ། འཚོ་བའི་ཉམས་མྱོང་དང་མི་གཞིའི་འོས་ཚད་སོགས་དང་། ཕྱི་རྐྱེན་ཐད་རྩོམ་རིག་ལོ་ཙཱ་བྱེད་པར་ཚང་དགོས་ངེས་ཀྱི་འབྲེལ་ཡོད་དཔྱད་གཞི་དང་། ཚིག་མཛོད་ལྟ་བུ་འཐུས་ཚང་མེད་པ་ལས་ཐོན་པའི་གནད་དོན། གསུམ་ནས་རྩོམ་རིག་ལོ་ཙཱ་བྱས་ན་ངེས་པར་ཐག་གཅོད་བྱེད་དགོས་པར་འགྱུར་བ་སྟེ། མ་ཡིག་གི་ཉམས་སོར་བཞག་ཐུབ་དང་མི་ཐུབ་པའི་གནད་དོན། བཞི་ནས་རྩོམ་རིག་ལོ་ཙཱ་བྱེད་སྐབས་རིག་གནས་མི་འདྲ་བ་གཉིས་ཀྱི་ཁྱད་པར་རྟོགས་དང་མི་རྟོགས་ཀྱི་གནད་དོན་བཅས་ལ་ཕྱོགས་བསྡོམས་བྱས་ནས་གནད་དོན་དེ་དག་ཐག་གཅོད་ཡག་པོ་མ་བྱས་ན་ལོ་ཙཱའི་འགྱུར་སྤུས་འགན་ལེན་མི་ཡོང་བས། འགྱུར་སྤུས་ལེགས་པོ་དགོས་ན་ངེས་པར་དུ་གོང་གསལ་གྱི་གནད་དོན་བཞིར་དོ་སྣང་དང་ཐག་གཅོད་ཡག་པོ་བྱེད་དགོས་པའི་ལྟ་བ་བསྟན་འདུག
གནད་ཚིག རྩོམ་རིག་ལོ་ཙཱ། གནད་དོན། དཀའ་ངལ། བསམ་གཞིག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] 1046 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག] 1005-5746(2019)04-149-13
ཉེ་ལམ་ཁོ་བོས་འཛམ་གླིང་གི་གྲགས་ཅན་བྱིས་སྒྲུང་འགའ་ཞིག་ལོ་ཙཱ་བྱེད་པའི་ལས་ལ་ཞུགས་ཁུལ་བྱས་ཤིང་། ད་བར《ཨན་ཏི་སན་གྱི་བྱིས་སྒྲུང》དང་། 《ཤྭ་ཕྲུག་སྤམ་བི》《སྡོམ་ཆར་ལོའི་དྲ་བ》སོགས་སྔ་ཕྱིར་དཔར་སྐྲུན་བྱས་ཟིན། རྩོམ་རིག་ལོ་ཙཱའི་ལས་ལ་ཞུགས་མ་ཐག་པའི་ཁོ་བོའི་ངོས་ནས་བརྗོད་ན་བརྩམ་བྱ་གང་རུང་ཞིག་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ནང་ངམ་ཡང་ན་ལེགས་གྲུབ་ཟིན་རྗེས། དྲན་འཆར་རམ་མྱོང་ཚོར་གསར་པ་མང་དུ་བྱུང་ཞིང་། དངོས་སུ་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ནང་ལས་ཀའི་ཉམས་མྱོང་དང་འཚོ་བའི་ཉམས་མྱོང་། ཤེས་ཚད་བཅས་ཀྱི་མི་འདང་བའི་གནད་དོན་མང་པོ་ཞིག་འཕྲད་བྱུང་། དཔེར་ན། 《ཤྭ་ཕྲུག་སྤམ་བི》ཞེས་པའི་བརྩམ་བྱ་འདི་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ནང་དེའི་རྩོམ་ཐབས་ཐད་བསྡུས་བརྗོད་ཀྱི་ཐོག་ནས་ཤྭ་ཕྲུག་སྤམ་བི་མིར་བཏགས་ནས་ཤྭ་ཕྲུག་ཅིག་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཆ་ཚང་བ་ཞིག་བཀོད་འབྲི་བྱས་འདུག་པས། མ་རྩོམ་ལྷད་མེད་བཞིན་ཕྱིའི་གཟུགས་སྣང་དོད་ཅིང་ནང་སེམས་ཀྱི་ཡིད་འགྱུར་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྩེར་སོན་པའི་རྩོམ་རིག་གི་འགྱུར་ཞིག་གྲུབ་པར་སྒྱུར་བ་པོའི་སྙིང་རུས་དང་དུས་ཚོད་སོགས་འདང་ངེས་དགོས་པ་ཕུད། ད་དུང་ལོ་ཙཱའི་རྨང་གཞིའི་ཤེས་བྱའི་ཆུ་ཚད་འདང་མིན་དང་། རིགས་པའི་གཞུང་ལུགས་ཀྱི་ཚད་མཐོ་མིན། འཚོ་བ་དངོས་ལ་ཟབ་འཇུག་བྱུང་མིན་སོགས་ལས་ཐོན་པའི་དཀའ་ངལ་དང་གནད་དོན་ཤིན་ཏུ་མང་བ་འཕྲད་ཅིང་། གནད་དོན་མང་པོ་ཐག་གཅོད་བྱེད་པར་དོགས་འཆར་ཡང་མང་པོ་ཞིག་ཅིག་ཅར་དུ་ཡོང་གིན་འདུག ། 《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད》ལས། “ལོ་ཙཱའི་གཞུང་ལུགས་ནི་ལོ་ཙཱའི་ལག་ལེན་དངོས་ཀྱི་ཉམས་མྱོང་བསགས་པ་ལས་བྱུང་བ་ཡིན་པ་དང་། ལོ་ཙཱའི་ཉམས་མྱོང་ཡང་འགྱུར་བཟང་ངན་མཆོག་དམན་ལ་དཔྱད་བསྡུར་བགྱིས་པ་ལས་ཐོན་པ་ཡིན་གཤིས། འགྱུར་མར་དཔྱད་ཞིབ་བྱས་པ་ཡིན་ན་ལེགས་བཅོས་ཚད་ལྡན་གཏོང་ཐུབ་པས་མི་ཚད་ཕྱིས་འབྱུང་གི་ལོ་ཙཱའི་བྱ་བར་ཡང་བློ་གདེང་ཉམས་དྲོད་ཐུབ་པ་ཡོང་བ་ཡིན།”[1]ཞེས་བསྟན་པ་ལྟར། 《-ཤྭ་ཕྲུག་སྤམ་བི》སོགས་རྩོམ་རིག་གི་ལོ་ཙཱ་བྱེད་པའི་ནང་འཕྲད་པའི་གནད་དོན་དང་དོགས་འཆར་དག་ཕྱོགས་བསྡོམས་རགས་བསྡུས་ཤིག་བྱེད་ཐུབ་ན། རྩོམ་རིག་ལོ་ཙཱའི་ལས་ལ་བཞུགས་མཁན་གྱི་ལས་དང་པོ་བ་ཚོར་བློ་སྒོ་འབྱེད་པ་དང་། སླད་ཕྱིན་རང་གིས་ཀྱང་རྩོམ་རིག་ལོ་ཙཱ་བྱེད་སྐབས་གནད་དོན་དེ་དག་སེལ་བར་གྲོགས་སུ་འགྱུར་བར་ངེས་སྙམ་ནས་བགྲོ་གླེང་ཚུལ་དུ་འབུལ་བར།
དང་པོ། རྒྱ་བོད་རྩོམ་རིག་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་གནད་དོན་དང་བསམ་གཞིག
རྒྱ་བོད་རྩོམ་རིག་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཞེས་པ་ནི་བསྟན་བཅོས་གང་རུང་ཞིག་བསྒྱུར་བྱར་བདམས་པ་ནས་མཐར་ཞུས་དག་མཇུག་འགྲིལ་བར་གྱི་བརྒྱུད་རིམ་ཧྲིལ་པོར་གོ་ཞིང་། བརྒྱུད་རིམ་དེ་དག་ནང་གནད་འགག་ཆེ་བའི་གནད་དོན་མང་པོ་འཕྲད་ཅིང་ཐག་གཅོད་བྱེད་དགོས་པར་འགྱུར་གྱིན་ཡོད། ཐོག་མར་བསྒྱུར་བྱའི་བསྟན་བཅོས་གང་དེ་དམིགས་བྱ་ཡོད་པ་དང་རིན་ཐང་ལྡན་པ་ཞིག་བདམས་ཤེས་དང་མི་ཤེས་དེ་རྩ་བར་ཐུག་པའི་གནད་དོན་ཞིག་རེད་འདུག ། དེ་ལྟར་མིན་ན་འགྱུར་གྱི་གྲགས་པ་མི་འཕེལ་ལ། དཔལ་འབྱོར་གྱི་འཕེལ་འབྲས་དང་སྤྱི་ཚོགས་ཀྱི་འཕེལ་འབྲས་ཞེས་པ་འགན་ལེན་ཐུབ་ཐབས་མེད། བསྒྱུར་བྱ་གང་ཞིག་བདམས་པ་དེས་སྤྱི་ཚོགས་ལ་ཕན་ཐོགས་དང་བུ་ཡིག་ཀློག་པ་པོའི་ལྟ་ཀློག་གི་དམིགས་ཡུལ་འགྲུབ་ཐུབ་པ་སྟེ། བརྩམས་ཆོས་གང་རུང་ཞིག་ལ་སྒྱུར་བའི་རིན་ཐང་ཡོད་མེད་ནི་འགྱུར་གྱི་རིན་ཐང་ཞེས་པ་དེ་ཡིན། གལ་ཏེ་རང་གི་འགྱུར་དེ་རིན་ཐང་དང་བྲལ་བ་ཞིག་ཡིན་ན། རྒྱ་མཚོ་རྡོ་གཡུགས་ཀྱི་དཔེ་བཞིན་ཕན་གནོད་ཅི་ཡང་མི་ཡོང་། དེ་བཞིན་ལོ་ཙཱ་བྱེད་པའི་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་དུས་ཚོད་ཀྱི་བཀོད་སྒྲིག་ཚགས་ཚུད་དང་། དུས་ཚོད་དེ་དག་ནང་འགན་ལེན་ཐུབ་པའི་ལས་ཀའི་འཆར་གཞི་འདིང་དགོས་པའང་འགྱུར་རྩོམ་ལེགས་གྲུབ་ཡོང་མིན་གྱི་གནད་དོན་གལ་ཆེན་ཞིག་རེད་འདུག །བསྒྱུར་གཞི་དེ་གཞུང་ཡིག་ཐུང་ངུ་ཙམ་ཡིན་ན་ལས་སླ་བས་དུས་ཚོད་སོགས་ཀྱི་འཆར་གཞི་ཚགས་ཚུད་བྱེད་པའི་དགོས་པ་མེད་ཀྱང་། གལ་ཏེ་བརྩམས་ཆོས་ཆེན་པོ་ཞིག་ལོ་ཙཱ་བྱེད་པར་ལས་སླ་བ་ཞིག་མིན། གནད་དོན་དེ་ཐག་གཅོད་མི་ཐུབ་ན་འགྱུར་གང་རུང་དེ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱུང་མེད་པས། དུས་ཕར་འགྱངས་ཚུར་འགྱངས་ཙམ་དུ་ཟད་ངེས་རེད། དེ་ནས་ལས་ཀ་དངོས་ཀྱི་བརྒྱུད་རིམ་ནང་མ་ཡིག་དེ་འགོ་མཇུག་བར་གསུམ་ནན་ཏན་སྒོས་ཞིབ་ཚགས་ཀྱིས་ལྟ་ཀློག་བྱས་མཐར་དེའི་མ་ཡིག་ཧྲིལ་པོའི་ནང་དོན་དང་རྣམ་པ། རྩོམ་ཉམས་ཡན་གྱི་བརྩམས་ཆོས་ཀྱི་གྲུབ་ཆའི་སྤྱི་ཁོག་ཁོང་དུ་ཆུད་ཅིང་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་དང་སྒྲིག་གཞིའི་ཁྱད་ཆོས། ནང་དོན་ཡན་མཐར་ཕྱིན་རྟོགས་པ་སྔོན་དུ་མ་ཕྱིན་ན་བུ་ཡིག་ཏུ་སྒྱུར་ཐབས་གཏན་འཁེལ་བྱེད་མི་ཐུབ་པ་ཡིན། དེ་ནི་མ་རྩོམ་གྱི་ནང་དོན་དང་རྣམ་པ། ཉམས་གང་ཅིར་བུ་ཡིག་ཏུ་སོར་བཞག་ཡོང་བ་དང་། དེ་ནས་ནང་དོན་དང་རྣམ་པ། རྩོམ་ཉམས་སོགས་ལོ་ཙཱའི་ཚད་གཞི་གསུམ་ལ་གཞིགས་ནས་སྒྱུར་ཐབས་གཏན་འཁེལ་བྱེད་དགོས་པ་ལ་སོགས་ཚུད་པའི་ལས་རིམ་ཁག་ལ་མ་འཕྱུགས་པའི་རྒྱུས་མངའ་ལོན་པ་དེ་ཡིན་ཞིང་། ཞིབ་ཕྲའི་ལས་ཀའི་ནང་གོ་བ་ལེན་པ། བརྡ་སྤྲོད་པ་སོགས་ཀྱི་སྟེང་དུ་གཟབ་ནན་བྱེད་དགོས་པ་སོགས་གནད་འགག་དེ་དག་རེ་རེ་ནས་གཡོལ་ཐབས་མེད་པ་ཡིན། ཀུན་གྱིས་ཤེས་གསལ་ལྟར་རྩོམ་རིག་ལོ་ཙཱ་བྱ་རྒྱུ་ནི་རིག་ཚན་གཞན་གྱི་ལོ་ཙཱ་དང་རྩ་བ་ནས་མི་འདྲ་བའི་ལོ་ཙཱའི་ལས་ཤིག་ཡིན་པས། དེར་སྒྱུར་བ་པོར་ཐུན་མིན་གྱི་རྩོམ་རིག་གི་ཤེས་བྱའི་བྱང་ཚད་ངེས་ཅན་ལྡན་པའི་ཁར། ལོ་ཙཱའི་ཐུན་མོང་གི་བྱང་ཚད་ཀྱང་ལྡན་དགོས་པ་ཡིན། དོར་ཞི་རིན་པོ་ཆེས་མཚོ་སྔོན་ཡིག་སྒྱུར་སྦྱོང་བརྡར་འཛིན་གྲྭ་ཞིག་ལ་སློབ་ཁྲིད་གནང་སྐབས། “ལོ་ཙཱ་བ་ཞིག་ལ་མཚོན་ན་མ་མཐའ་ཡང་གཤམ་གྱི་ཆ་རྐྱེན་གསུམ་ཚང་དགོས་པ་སྟེ། གཅིག་ནི་སྐད་རིགས་གཉིས་ལ་བྱང་ཆ་ལྡན་དགོས་པ་དང་བརྡ་སྤྲོད་དང་ཚིག་རྒྱན་ལ་བྱང་ཆ་ལྡན་པར་མ་ཟད། མཚོན་ཐབས་དང་བརྩེ་དུང་། སྐད་ཆ་དར་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་ལ་ངོས་འཛིན་གསལ་པོ་ལྡན་དགོས་པ། གཉིས་ནས་མ་རྩོམ་དང་འབྲེལ་ཡོད་ཀྱི་ཆེད་ལས་རིག་ཚན་གྱི་ཤེས་བྱ་ལ་རྒྱུས་གསལ་པོ་ཡོད་པ། གསུམ་ནས་ལོ་ཙཱའི་གཞུང་ལུགས་ཀྱི་ཤེས་བྱ་དང་སྒྱུར་ཐབས་ལ་བྱང་ཆ་ལྡན་དགོས”ཞེས་གསུངས་པའི་སྐོར་མི་མང་པོས་ལུང་དྲངས་པ་བྱེད་མོད། དོན་དུའང་དེ་ནི་ལོ་ཙཱ་བ་སྤྱི་ཙམ་མ་ཟད་བྱེ་བྲག་རྩོམ་རིག་ལོ་ཙཱ་བར་དམིགས་བཀར་ནས་གསུངས་པ་ཞིག་རེད་སྙམ། དོན་དངོས་སུའང་དེ་ལྟར་ཡིན་ཏེ། རང་ངོས་ཀྱི་ཉམས་མྱོང་ཞིག་ནས་བརྗོད་ན།དཔེར་ན། བྱིས་སྒྲུང་བརྩམས་ཆོས《ཤྭ་ཕྲུག་སྤམ་བི》ཞེས་པ་འདི་འཛམ་གླིང་དུ་གྲགས་ཆེ་ཞིང་། འཛམ་གླིང་གི་མི་རིགས་མང་པོའི་སྐད་དུ་བསྒྱུར་ཟིན་པ། ལྷག་པར་དེའི་སྐོར་ལ་གློག་བརྙན་དང་དཔར་རིས་སོགས་བརྩམས་ཆོས་གཞན་ཡང་མང་པོ་མཇལ་རྒྱུ་ཡོད་མོད་ཀྱང་བོད་སྐད་དུ་དེའི་ཐད་སྐབས་དེར་འགྱུར་ཞིག་ཡོད་པ་ཁོ་བོས་མ་མཇལ་བའི་གནས་ཚུལ་འོག་ཁོ་བོས་བརྩམས་ཆོས་འདི་བསྒྱུར་བྱར་བདམས་ཐོག །ལས་ཞོར་དུ་ལོ་ཙཱ་བྱེད་འགོ་བཙུགས་ནས་དུས་ཡུན་ལོ་གཅིག་ཙམ་ནང་ངལ་བ་ཕྲག་ཏུ་ཁུར་ནས། བྱིས་རྩོམ་ཕུལ་བྱུང་དེའི་མ་རྩོམ་གྱི་རྩོམ་ཉམས་སྲུང་གང་ཐུབ་བྱས་ཤིང་། རང་རེའི་བྱིས་པ་རྣམས་ལ་གོ་བདེ་བའི་མ་རྩོམ་དངོས་དང་ཁྱད་མེད་པའི་རིག་རྩལ་གྱི་རོ་བཅུད་ལོངས་སྤྱོད་ཡོང་བར་འབད་བརྩོན་བྱེད་པའི་ཀུན་སློང་ཞིག་བཅངས་མོད། ཡིན་ནའང་དངོས་སུ་ལོ་ཙཱའི་ལས་ལ་ཞུགས་དུས། དེ་འདྲ་བསམས་པ་ལྟར་གྱི་ལས་སླ་བར་འགྲུབ་ཐབས་ནི་མི་འདུག །གཏམ་དཔེར། ནམ་རིང་ན་གཉིད་ལམ་མང་ཞེས་པ་ལྟར། ལོ་ཙཱའི་ལས་ཀའི་དུས་ཡུན་ཤིན་ཏུ་རིང་བས་རྟག་ཏུ་སྒྱིད་ལུག་དབང་དུ་ཤོར་ཞིང་། དེར་ཐོག་མའི་སྤྲོ་བ་བཞིན་འཕེལ་ཐབས་མེད། དེས་ལས་ཀ་དེ་མཚམས་འཇོག་བྱེད་འདོད་ཀྱི་བློ་ཐེངས་མང་འཆར་མྱོང་། ལོ་ཙཱ་བྱེད་པའི་བརྒྱུད་རིམ་ནང་དཀའ་ཁག་རབ་དང་རིམ་པ་འཕྲད་པས་ལས་དེ་སླ་བཅོས་བྱེད་འདོད་ཀྱང་ཐེངས་མང་འཆར་མྱོང་། གཞན་ཡང་ཐོག་མར་སྒྲུང་དེབ་ཆ་ཚང་ཞིག་བསྒྱུར་བའི་ལས་ཀའི་ཉམས་མྱོང་མེད་པས་འཆར་གཞི་ཚགས་ཚུད་མི་བྱུང་བས། ལས་ཀའི་ལས་ཕྱོད་དང་སྤུས་ཚད་ཇི་བཞིན་ལེགས་གྲུབ་མི་ཐུབ་པ། དེ་བཞིན་ཞིབ་ཕྲའི་ལས་ཀའི་ནང་ལོ་ཙཱ་བར་ཚད་བཀག་མང་པོ་ཡོད་རྐྱེན་མ་ཡིག་ལ་གོ་བ་ལེན་པའི་བརྒྱུད་རིམ་ནང་མ་ཡིག་གི་གྲུབ་ཆ་ཀུན་ཆ་ཚང་བ་རྟོགས་མི་ཐུབ་པ་ནི་དཀའ་ཁག་ཆེ་ཤོས་ཀྱི་གནད་དོན་ཞིག་ཡིན་ལ། དེ་ནི་དངོས་འབྲེལ་ལོ་ཆེན་ལུའུ་ཞུན་གྱིས་གསུངས་པ་ལྟར་རེད་འདུག །ཁོང་གིས་“བདག་གིས་སྔོན་ཆད་ལོ་ཙཱ་ནི་གསར་རྩོམ་བྱེད་པ་ལས་སླ་བར་བསམ་གྱིན་ཡོད།གང་ཡིན་ཟེར་ན། ལོ་ཙཱ་ལ་མ་མཐའ་ཡང་དེའི་སྒྲིག་གཞི་སོགས་ལ་བསམ་བློ་གཏོང་མི་དགོས་སྙམ། ཡིན་ནའང་དངོས་སུ་ལོ་ཙཱའི་ལས་ལ་ཞུགས་དུས་དཀའ་ཁག་ཡོད་པ་ཤེས་བྱུང་། དཔེར་ན། མིང་ཚིག་ཅིག་དང་བྱ་ཚིག་ཅིག་ཡན་ལ་མཚོན་ན། གསར་རྩོམ་སྐབས་གཡོལ་ཐབས་ཡོད་རུང་། ལོ་ཙཱའི་སྐབས་མགོ་འཐོམས་འཐོམས་བར་བསམ་གཞིག་བྱེད་དགོས་པར་གྱུར།” [2]ཞེས་བསྟན་གནང་འདུག་པ་ནི་དངོས་འབྲེལ་རེད་འདུག །ལར་མ་ཡིག་ལ་གོ་བ་ལྷད་མ་ཞིག་ཡོང་བར་བྱེད་དགོས་ཞེས་པ་ནི་ཚིག་དང་ཐ་སྙད་ཙམ་ཞིག་གི་གོ་བ་ཁོ་ན་མིན་པས་རྩོམ་གྱི་སྙིང་དོན་སྤྱི་དང་། ལྷག་པར་རྩོམ་ནང་གི་མི་སྣའི་འགུལ་སྐྱོད་དང་། མི་སྣའི་སེམས་ཁམས། མི་སྣའི་སྐད་ཆའི་ཉམས་སོགས་ཕྱོགས་སྤྱིར་གོ་བ་མ་ཆག་པ་མེད་པ་སྟེ། གཏིང་ལོན་པ་ཞིག་བྱུང་ན། ད་གཟོད་གཞི་ནས་བརྡ་སྤྲོད་པར་ཕན་ནུས་ལེགས་པོ་ཐོན་སྲིད་པ་ཀུན་གྱིས་ཤེས་པ་ཞིག་རེད། འོན་ཀྱང་འཛམ་གླིང་གི་གྲགས་ཅན་བྱིས་སྒྲུང་བརྩམས་ཆོས《ཤྭ་ཕྲུག་སྤམ་བི》《སྡོམ་ཆར་ལོའི་དྲ་བ》སོགས་ལ་གོ་བ་གཏིང་ནས་ཚུགས་པ་ཞིག་ཡོང་བར་མ་ཡིག་གི་ཚིག་བཙན་པ་དང་། སྒྲིག་གཞི་ཚགས་དམ་པ་སོགས་ཡོན་ཏན་དུ་མས་ཕྱུག་པས། སྒྱུར་བ་པོ་བདག་ལྟ་བུ་ལས་དང་པོ་བ་ཞིག་ལ་དེ་ལྟའི་སྒྱུར་ནུས་སམ་སྒྱུར་རྩལ་གྱིས་དབུལ་བ། འགྱུར་ཡིག་མ་ཡིག་བྱས་ནས་འགྱུར་ཡིག་གཞན་ཞིག་ཏུ་ཉིས་ཕབ་དགོས་པས། ཐོག་མའི་མ་ཡིག་བཞིན་གྱི་ཚིག་ཉམས་དང་དོན་ཉམས་ཐད་བོར་འཕྲི་བྱུང་བ་བརྗོད་མི་དགོས་པ་ཞིག་ཡིན། དེའི་སྟེང་བརྡ་སྤྲོད་པའི་གནས་སྐབས་སུ་“དོན་ལ་བསྟུན་པ། རྣམ་པར་བསྟུན་པ། ཉམས་ལ་བསྟུན་པའི”རྩ་དོན་དག་རྒྱུན་འཁྱོངས་ཐུབ་དཀའ་བ། ཚིག་ཉམས་དང་དོན་ཉམས་མ་ཡིག་བཞིན་མི་ཡོང་བ། ཚིག་དོན་གང་ལ་སྤྱིར་གཟབ་ནན་མི་བྱུང་བའི་གནས་ཚུལ་མང་པོ་ཐོན་ནས། སླར་རང་གིས་ལྟ་ཀློག་བྱེད་སྐབས་བློ་ཡིད་མི་ཚིམ་ཞིང་ཨ་ཁ་སྙམ་པ་མང་པོ་མཐོང་གིན་འདུག །དཔེར་ན། ཚིག་སྦྱོར་དེ་ཙམ་འཚམ་པོ་བྱུང་མེད་པ། གོ་བ་གཏིང་ཟབ་མི་ལོན་པས་བརྡ་གསལ་པོ་སྤྲད་མི་ཐུབ་པ། དག་ཆ་སོགས་རྣམ་པའི་ཆར་སྐྱོན་བསྡད་པ་ལྟ་བུ། གནད་དོན་དེ་དག་ལ་ཕྱིས་སུ་བསམ་གཞིག་བྱེད་དུས། འགྱུར་གང་ཞིག་ལེགས་གྲུབ་ཡོང་བར་གནད་དོན་རབ་དང་རིམ་པ་འཕྲད་ཀྱི་འདུག་པས། ཁོ་བོའི་སེམས་པར་དེ་དག་གཅིག་ཏུ་བསྡུས་ན་ལོ་ཙཱའི་བརྒྱུད་རིམ་ནང་བྱུང་བའི་གནད་དོན་དག་ཡིན་པས། ཐོག་མར་ཐག་གཅོད་གཏོང་དགོས་པའི་གནད་དོན་ཨང་དང་པོ་དེ་ཡིན་སྙམ། དེས་ན་ཐོག་མར་བསྟན་བཅོས་གང་ཞིག་བསྒྱུར་དགོས་ཀྱང་མ་ཡིག་ལེགས་པོ་ཞིག་བདམས་འཚོལ་མི་ཐུབ་ཚེ་འགྱུར་གྱི་གྲགས་པ་མི་འཕེལ་ལ། དེ་ནས་མཇུག་འཁྱོངས་ངེས་ཀྱི་འཆར་གཞི་ཞིག་དང་འགྱུར་བ་མེད་པའི་དམ་བཅའ་ཞིག་མེད་ན་འགྱུར་མཐའ་འཁྱོངས་བར་དཀའ། དེ་བས་ལས་དོན་དེར་བཅངས་པའི་ཁུར་སེམས་བཅས་ཀྱི་སྔོན་འགྲོ་ཞིག་མེད་ན། ལས་ཀའི་སྤུས་ཚད་མི་ཐོན་པས། ལོ་ཙཱའི་བརྒྱུད་རིམ་ནང་མ་རྩོམ་ལ་གོ་བ་གཏིང་ཟབ་ཅིག་མ་ཆགས་ན་འགྱུར་མུན་འཁྲུལ་དང་འགྱུར་ལོག་ཏུ་འགྱུར་སྲིད། དེ་ནས་དོན་རྣམས་བརྡ་ལེགས་པར་སྤྲོད་པ་དང་ཉམས་སོར་བཞག་ཡོང་བ། རྣམ་པ་རྒྱུན་འཁྱོངས་ཐུབ་པ་སོགས་ཡོང་བའི་གནད་དོན་དེ་དག་ལ་རེ་རེ་ནས་དོ་སྣང་དང་ཐག་གཅོད་བྱེད་དགོས་པ་བཅས། རྩོམ་རིག་གི་ལོ་ཙཱའི་གནད་འགག་དེ་དག་བཟུང་དགོས་པ་གལ་ཆེ་སྙམ་མོ། །
གཉིས་པ། རྒྱ་བོད་རྩོམ་ཡིག་ལོ་ཙཱའི་མཐུན་རྐྱེན་གྱི་གནད་དོན་དང་བསམ་གཞིག
རྒྱ་བོད་རྩོམ་རིག་གི་ལོ་ཙཱ་བྱེད་པར་རང་ངོས་ནས་ལས་དོན་དེ་ལེགས་གྲུབ་ཡོང་བར་མཐུན་རྐྱེན་ལེགས་པོ་ཞིག་ཚང་དགོས་པའི་ཁར་ཕྱི་རྐྱེན་ཡང་མ་ཚང་བ་མེད་པ་ཞིག་དགོས་པ་ཡིན་སྙམ།
གཅིག །སྒྱུར་པ་པོ་རང་ངོས་ཀྱི་ཉམས་མྱོང་དང་ཡོན་ཚད་ཀྱི་གནད་དོན་དང་བསམ་གཞིག
རྒྱ་བོད་རྩོམ་ཡིག་ལོ་ཙཱའི་ནང་དཀའ་ཁག་དང་གནད་དོན་མང་པོ་འཕྲད་སྲིད་ཅིང་། མིང་ཚིག་རེ་འགའ་ཙམ་གྱི་གནད་དོན་ཡིན་ན་ཚིག་མཛོད་སོགས་ལ་བརྟེན་ནས་ཐག་གཅོད་བྱས་ཆོག་མོད་ཀྱང་། ཚང་མ་དེ་འདྲ་མིན་པས། གནད་དོན་མང་པོར་རང་ལ་ལྷན་སྐྱེས་ཡོད་ཡོད་པའི་འཚོ་བའི་ཉམས་མྱོང་དང་ཡོན་ཚད་ཀྱི་རྨང་གཞིར་བརྟེན་རྒྱུ་ལས་མ་མཆིས། ཉེ་ལམ་ཁོ་བོས་《ཤྭ་ཕྲུག་སྤམ་བི》ལོ་ཙཱ་བྱེད་པའི་བརྒྱུད་རིམ་དངོས་ནང་། ཁོ་བོར་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་མེད་པ། ཐོས་པས་དབུལ་བ་ཞིག་ཡིན་པའི་ཚོར་སྣང་རྟག་ཏུ་ཡོང་གིན་འདུག །དཔེར་ན། མིང་ཚིག་གསར་པ་དང་། ཚིག་སྦྱོར་གསར་པ་ཕུད། ཡུལ་གྱི་རྣམ་པ་འགའ། སྲོག་ཆགས་ཀྱི་འགུལ་སྐྱོད་ཕྲ་མོ་ཙམ་ཞིག་དང་སྐད་སྒྲ་ཅུང་ཙམ་ཞིག་ཀྱང་ཡི་གེར་ཕབ་དུས་ཅི་འདྲའི་ལས་སླ་བ་ཞིག་མིན་འདུག །མ་གཞི་སྒྱུར་བ་པོ་རང་ཉིད་ལ་ཆ་བཞག་ན། ཆུང་དུས་ནས་འབྲོག་ཁུལ་དུ་སྐྱེས་ཤིང་། འབྲི་གཡག་ར་ལུག་དང་། བྱ་བྱིའུ། གཅན་གཟན། རི་དྭགས་མང་པོ་ཡོད་སའི་ཁོར་ཡུག་ཁྲོད་འཚོ་སྡོད་བྱས་མྱོང་ལ། དེ་བཞིན་མཛེས་སྡུག་རྣམ་པར་བཀྲ་བའི་རང་ཡུལ་དུ་ནགས་ཚལ་དང་སྤང་རི། རྩྭ་རྩི་ཤིང་མེ་ཏོག་སོགས་ཀྱི་སྐྱེ་དངོས་འདྲ་མིན་སྣ་ཚོགས་ཡོད་ལ། དེ་དག་གི་དྲི་དང་བྲོ་བ་སོགས་མྱངས་ཡོང་། འབྲི་བེའུའི་འན་འོང་གི་འབོད་སྒྲ། བྱ་བྱིའུའི་ཅི་རི་ཅུ་རིའི་སྐད། འདྲ་མིན་རི་དྭགས་ཀྱི་སྐད། གཅན་གཟན་གྱི་ངར་སྐད་སོགས་ནི་བྱིས་པའི་སྐབས་ནས་ཐོས་གོམས་སུ་གྱུར་ཟིན་པའི་དོན་ཞིག་ཡིན། ལྷག་པར་རི་དྭགས་ཤྭ་བ་ནི་འབྲོག་ཁུལ་དུ་རྒྱུན་དུ་མཐོང་བ་དང་། རྒྱུས་མངའ་ཡོད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་མོད། འོན་ཏེ་དོན་མང་པོར་བྱིས་པའི་ཧ་ཧུར་གྱི་གཤིས་ཀ་དག་གིས་ཉམས་ཞིབ་ཞིབ་ཚགས་མི་བྱུང་བས་ཇི་མ་ཇི་བཞིན་དྲན་པས་ཟིན་ཐབས་མིན་འདུག །ལྷག་པར་ཤྭ་ཕྲུག་སྤམ་བིའི་ནང་སེམས་ཀྱི་འགྱུར་བ། ཤྭ་བ་སྤྱི་ཡི་འདོད་བློ་དང་དོན་ལ་འཛིན་པའི་མཛེས་དཔྱོད་ལྟ་བ་སོགས་མ་ཡིག་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་ཕབ་རྒྱུ་ནི་དེ་བས་དཀའ་བའི་གནད་དོན་ཞིག་ཏུ་མཐོང་། དེས་བརྩམས་ཆོས་འདི་ལོ་ཙཱ་བྱེད་པའི་ནང་འཕྲད་པ་ནི་རང་ངོས་ཀྱི་འཚོ་བའི་ཉམས་མྱོང་གི་མཐུན་རྐྱེན་མི་འཛོམས་པ་དེ་ཡིན་འདུག །དེ་ནས་སྔར་ཡོད་ཀྱི་སྐད་ཡིག་གཉིས་ཀྱི་ཤེས་བྱའི་ཆུ་ཚད་ཀྱིས་རྟག་ཏུ་མི་འཁུད་པ་དང་། དོན་མང་པོར་དང་པོ་ཚིག་དོན་བསྒྲོལ་མི་ཐུབ་པ། དེ་གཡོལ་ནས་བཞག་ཐབས་མེད་པ། དེ་ནས་ཚིག་སྦྱོར་དམིགས་བསལ་ཅན་དག་བསྒྲོལ་མི་ཐུབ་པ། གོ་བ་ལོན་ཡང་བརྡ་སྤྲོད་སྐབས་དོན་དང་འཚམ་པའི་ཚིག་སྡེབ་མི་ཐུབ་པ། དེ་ནས་སྲོག་ཆགས་དེ་དག་གི་འགུལ་སྐྱོད་ཀྱི་རྣམ་པ་དང་། རྩི་ཤིང་སོགས་ལས་འཐུལ་བའི་དྲི་དང་སྒྲ་སོགས་ཡུལ་ལྔ་དང་ཡུལ་ཅན་ལྔ་ཇི་བཞིན་རང་གིས་མྱངས་པའི་ཚོར་བ་དངོས་དེ་ལྟ་བུར་རྩོམ་རིག་གི་རྣམ་པའི་སྟེང་ནས་མཚོན་མི་ཐུབ་པ། སྐབས་རེ་མིང་ཚིག་གང་རུང་ཞིག །སྒྲ་གང་རུང་ཞིག །ཚིག་སྦྱོར་གང་རུང་ཞིག་བསྒྱུར་བར་ཉིན་ཕྱེད་ཙམ་གྱི་བསམ་གཞིག་དང་། ངལ་བ་བྱེད་དགོས་པར་གྱུར་གྱིན་འདུག་པས། སེམས་ནང་དངོས་གནས་རྩོམ་རིག་ལོ་ཙཱ་ཞེས་པ་དེ་ལས་སླ་པོ་ཞིག་མི་འདུག་སྙམ་པའི་ཚོར་བ་ཡོང་གིན་འདུག །རང་རྩོམ་བྱེད་སྐབས་གཡོལ་ཆོག་པའི་དོན་མང་པོ་ཞིག་ལོ་ཙཱ་བྱེད་པའི་ནང་གཡོལ་ཐབས་མེད་པར་བསྒྱུར་དགོས་པས། ལོ་ཙཱ་ནི་མ་ཡིག་ཁོ་ནའི་རྗེས་སུ་བསྟུན་དགོས་པའི་རྒྱ་ལས་འགྲོལ་ཐབས་ག་ལ་ཡོད། དེས་རྒྱ་བོད་ལོ་ཙཱ་བ་ཞིག་ཡིན་ཕྱིན། རྒྱ་བོད་གཉིས་ཀྱི་རྩོམ་རིག་གི་རིགས་པའི་གཞུང་ལུགས་ཐད་བྱང་ཆུབ་པ་ཞིག་ངེས་པར་དགོས་པ་ཡིན། སྒོས་སུ་རྒྱ་བོད་སྐད་ཡིག་གཉིས་ཀྱི་བཀོལ་སྤྱོད་ཀྱི་བྱང་ཚད་བྱང་ཆུབ་པ་ཞིག་དང་། འཚོ་བ་དངོས་ཀྱི་ལྟ་རྒྱ་དང་མྱོང་རྒྱ་དེ་བས་ཕུན་སུམ་ཚོགས་པ་ཞིག་ལྡན་དགོས་པ་ནི་མ་མཐའི་བྱང་ཚད་ཅིག་ཡིན་པ་སེམས་གཏིང་ནས་གསལ་རྟོགས་ཐུབ་ཀྱི་འདུག །གོང་དུ་ཞུས་པའི་འཚོ་བའི་ཉམས་མྱོང་དང་ལོ་ཙཱ་བའི་རྨང་གཞིའི་བྱང་ཚད་ཕུད། ཀུན་སྤྱོད་ཀྱི་བྱང་ཚད་མཐོ་པོ་དགོས་པའི་སྐོར་མཁས་པ་མང་པོས་ནན་བཤད་མང་དུ་གནང་ཞིང་། དོན་དུ་ཡང་སྒྱུར་བ་པོར་ཀུན་སྤྱོད་ཀྱི་བྱང་ཚད་ཚད་ལྡན་ཞིག་མེད་ན། བསྒྱུར་བྱའི་མ་ཡིག་གི་དོན་ལོག་པ་དང་། མུན་འཁྲུལ་དུ་བསྒྱུར་བ་སོགས་རྩོམ་པ་པོ་དང་ཀློག་པ་པོར་འགན་ཁུར་བའི་འགྱུར་ལེགས་ཤིག་ཡོང་མི་སྲིད། མདོར་ན་བརྩམ་བྱ་གང་རུང་ཞིག་བསྒྱུར་བྱར་བདམས་དགོས་ཚེ། བརྩམས་ཆོས་ཀྱི་ནང་དོན་དེ་ལ་རང་གིས་རྒྱུས་མངའ་ཡོད་པ་ཞིག་དང་། རང་གི་འཚོ་བའི་ནང་བག་ཆགས་ཡོད་པ་ཞིག །རང་ལ་དེའི་ཐད་ཀྱི་གནད་དོན་ཐག་གཅོད་ཐུབ་པའི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་དང་། རྩོམ་རིག་གི་རིག་ཚན་དེ་དང་འབྲེལ་བའི་ཤེས་བྱ། སྐད་གཉིས་ལ་བྱང་ཆུབ་ཅིང་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཤེས་བྱེད་དགོས་པ་བཅས་ནི་གལ་ཆེའི་གནད་དོན་ཞིག་ཡིན། དེས་ན་འགྱུར་སྤུས་ལེགས་པོ་ཞིག་དགོས་ཚེ། ལོ་ཙཱའི་བྱང་ཚད་མཐོ་པོ་དགོས་ཤིང་། གྲགས་ཅན་གྱི་མ་རྩོམ་ཞིག་ལ་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་དགོས་པ་ཡིན།
གཉིས། ཕྱིའི་མཐུན་རྐྱེན་ཚང་དགོས་པའི་གནད་དོན་དང་བསམ་གཞིག
བརྩམས་ཆོས་གང་རུང་ཞིག་བསྒྱུར་བྱར་བདམས་པའམ་དེ་ལེགས་གྲུབ་ཡོང་བར་གོང་དུ་བཤད་པའི་རང་ངོས་ཀྱི་མཐུན་རྐྱེན་འཛོམས་དགོས་པ་ཕུད། གཙོ་བོ་ཆེ་ཤོས་ནི་ལས་དོན་དེ་འགྲུབ་པར་ཕྱི་རྐྱེན་འཛོམས་མིན་ལ་ལྟོས་དགོས་པ་ཞིག་རེད་འདུག །དེ་ནི་ལས་དོན་དེ་ལེགས་གྲུབ་ཡོང་མིན་གྱི་སྔོན་འགྲོ་ཡིན། གནད་དོན་དེའི་ཐད་སྔོན་དཔོག་དང་བསམ་གཞིག་ལེགས་པོ་བྱེད་དགོས་པ་ཡིན། དེ་ཡང་བརྩམ་བྱ་དེ་སྒྱུར་བའི་བརྒྱུད་རིམ་ནང་དགོས་ངེས་ཀྱི་དུས་ཚོད་འདང་ངེས་དགོས་པ་ཕུད། ད་དུང་ཡོ་བྱད་ཀྱི་མཐུན་རྐྱེན་ཐད་གློག་ཀླད། བརྩམ་བྱ་སྒྱུར་སྐབས་འཕྲད་ངེས་པའི་ཤེས་བྱ་དེ་འཚོལ་བའི་ཚིག་མཛོད། མ་རྩོམ་ལ་རྒྱུས་མངའ་གཏིང་ཟབ་ཡོང་བར་དེ་འབྲེལ་གྱི་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་ཚགས་ཚུད་ཐུབ་མིན་བཅས་ཕྱིའི་མཐུན་རྐྱེན་མ་ལུས་པ་མེད་པ་ཞིག་ཚང་དགོས་པ་ལས་ལག་སྟོང་པར་འགྲུབ་ཐབས་མེད། དཔེར་ན་དཔྱད་གཞིའི་ཡིག་ཆའི་མཐུན་རྐྱེན་ཁོ་ནའི་ངོས་ནས་ཞུས་ཀྱང་། ལོ་ཤས་ནང་ཁོ་བོས་རྩོམ་རིག་ལོ་ཙཱ་བྱེད་པའི་ནང་ལོ་ཙཱའི་མཐུན་རྐྱེན་གྱིས་མ་འདང་བའི་གནད་དོན་དེ་ནི་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཞིག་ཏུ་མཐོང་ཞིང་། ད་བར་རྒྱ་བོད་རྩོམ་རིག་ལོ་ཙཱ་བྱེད་སྐབས་འཕྲད་པའི་གནད་དོན་གལ་ཆེན་ཞིག་རེད་འདུག །ལར་ཁོ་བོར་འཕྲད་པའི་གོང་གསལ་གྱི་གནད་དོན་དེ་ཀུན་ལ་ཁྱབ་པའི་ངེས་པ་ཡང་མེད། དེ་བས་ད་ལྟའི་སྐབས་རྒྱ་བོད་ལོ་ཙཱའི་མཐུན་རྐྱེན་ཡང་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་ནས《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད》དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》《བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་ཚིག་མཛོད》《རྒྱ་བོད་ཁྲིམས་ལུགས་ཀྱི་ཚིག་མཛོད་ཆེན་མོ》སོགས་རྨང་གཞིའི་རིག་ཚན་གྱི་ཚིག་མཛོད་ཡོད་ལ། དེ་བཞིན་ལྗོངས་ཞིང་ཆེན་ལྔས་མཉམ་སྒྲིག་བྱས་པའི་རང་བྱུང་ཚན་རིག་གི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཐད་《རྫས་འགྱུར་རིག་པའི་ཚིག་མཛོད》《རྩིས་འཁོར་རིག་པའི་རིག་མཛོད》《གྲངས་རིག་པའི་ཚིག་མཛོད》སོགས་ད་ལྟ་དཔར་འགྲེམས་ཟིན་མུས་ཐོག །རྒྱ་བོད་ལོ་ཙཱའི་གཞུང་ལུགས་ཐད་ལའང་དེང་སང་སློབ་ཆེན་ཁག་ནས་རྒྱ་བོད་ལོ་ཙཱའི་གཞུང་ལུགས་སྐོར་གྱི་བསླབ་གཞི་《བོད་རྒྱ་དང་རྒྱ་བོད་ལོ་ཙཱའི་བསླབ་དེབ》《ལོ་ཙཱའི་རྣམ་བཤད》《བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང》《སྐད་གཉིས་གསལ་བའི་མིག་སྒྲོན》སོགས། རྒྱ་བོད་ལོ་ཙཱའི་དཔྱད་གཞིའི་ཡོ་བྱད་དང་རིག་གཞུང་གི་བསྟན་བཅོས་སོགས་མང་དུ་རྩོམ་སྒྲིག་གནང་ཡོད། དེ་བཞིན་མ་རྩོམ་གང་རུང་གི་འབྲེལ་ཡོད་དཔྱད་གཞི་གང་དགོས་དྲ་བའི་ཐོག་ནས་བཙལ་ཡང་ཆོག་པ་ཡིན། དེ་དག་ནི་རྣམ་གྲངས་ཐད་ནས་ཆེས་མང་ལ།ཆེད་ལས་ཤེས་བྱའི་ནང་དོན་ཡང་ཞིབ་ཚགས་ཆེ་ཙམ་ཞིག་ཡིན་པ་ནི་ཁས་ལེན་མ་བྱས་རང་བྱས་ཤིག་ཡིན། དེ་མིན་མ་རྩོམ་གང་ཞིག་བསྒྱུར་བྱར་འདེམས་དང་མ་འདེམས་པའི་གཞི་འཛིན་ས་ཡང་དེ་དང་འབྲེལ་བའི་དཔྱད་གཞི་ཡོད་མེད་དང་དེ་ལ་རྒྱུས་མངའ་ཡོད་མེད་ལ་བྱེད་དགོས་ཏེ། མ་རྩོམ་དེར་ནང་དོན་དང་ཁྱད་ཆོས་དང་རྩོམ་པ་པོ་དེའི་དམིགས་བསལ་གྱི་རང་གཤིས་དང་ཁྱད་ཆོས་སོགས་ལ་ལོ་ཙཱ་མ་བྱས་སྔོན་ནས་གཏིང་ཚུགས་པའི་རྒྱུས་ལོན་དགོས། དཔེར་ན། 《ཤྭ་ཕྲུག་སྤམ་བི》ལྟ་བུ་བསྒྱུར་སྐབས། སྔོན་ལ་བརྩམ་བྱ་དེར་མཁས་དབང་རྣམ་པས་ཞིབ་འཇུག་བྱས་པའི་དཔྱད་གཞི་དང་། མ་རྩོམ་དེའི་དོན་འགྲེལ་ཚིག་འགྲེལ་བྱས་པའི་དཔྱད་གཞི་ཁག་གྲ་སྒྲིག་བྱེད་དགོས་པ་ཡིན། བརྩམ་བྱ་གང་ཞིག་ལའང་ད་བར་དཔྱད་གཞིའི་དེབ་མང་པོ་ཡོད་མོད་ཀྱང་དོན་གནད་ཅིག་ལ་དམིགས་ནས་བཙལ་དགོས་ངེས་ཀྱི་དོན་ཞིག་གི་སྟེང་དུ་སླེབས་ཚེ། བཙལ་ས་མ་རྙེད་ཅིང་གནད་དོན་མང་པོ་ཆོབ་ཆོབ་ཏུ་བསྒྱུར་རྒྱུ་ལས་མ་མཆིས། ད་བར་རང་བྱུང་ཚན་རིག་གི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚིག་མཛོད་ཁྲོད་ཆེད་དུ་སྐྱེས་ཁམས་རིག་པའི་ཚིག་མཛོད་ནི་བོད་ལྗོངས་སློབ་གྲྭ་ཆེན་མོས་བསྡུ་སྒྲིག་བྱས་པའི་《རྒྱ་བོད་སྐྱེས་ཁམས་རིག་པའི་ཚིག་མཛོད》ཅེས་པ་སྟབས་བདེ་ཞིག་ལས་ཁོ་བོས་མི་མཇལ་པས། དེ་དག་ཁྲོད་སྲོག་ཆགས་དང་རྩི་ཤིང་སྐྱེ་དངོས་དང་འབྲེལ་བའི་མིང་མང་པོ་ཞིག་བཙལ་རྒྱུ་མི་འདུག དཔེར་ན། 《ཤྭ་ཕྲུག་སྤམ་བི》ཡི་ནང་སྲོག་ཆགས་ཀྱི་མིང་།(动物名)“鹪鹩”བྱིའུ་ཅའོ་ལོའོ། ལྟ་བུར་བསྒྱུར་དུ་ཐུབ་ཀྱང་། “灰林鸮”ལྟ་བུ་བྱ་གླག་རིགས་མང་བས་ཚང་མར་བྱ་གླག་ཅེས་བརྗོད་ཐབས་མེད་པས་གང་དུ་བསྒྱུར་བ་གསལ་ཆ་མེད། སྐྱེ་དངོས་མིང་།(植物名)“榛树 山茱萸 接骨木树 香车叶草 黑刺梨 苜蓿 瑞香树”ལྟ་བུ་བོད་ཡིག་ཏུ“ཀྲེན་ཤིང་། རི་སྐྱེས་ཀྲུའུ་ཡུན། ཤིང་ཅེ་གུ་མུ། དྲི་ཞིམ་རྩྭ། ཚེར་ལི་ནག་པོ། མེ་ཏོག་མུའུ་ཤུལ། དབྲུས་ཤང་ཤིང”ལྟ་བུ་སྒྲ་སྒྱུར་བྱས་ན་ཆོག་མོད་ཀྱང་གཅིག་གྱུར་གྱི་གཏན་འབེབས་ཤིག་མེད་ན་དོན་ལ་གནས་མིན་མི་ཤེས། དེ་མིན་རྒྱ་ཡིག་ནང་བསྟན་པའི་བཤད་ཉམས་སྟོན་པའི་ཚིག་(语气词)“嗯,”“喏”“呸!”[3]ལྟ་བུ། སྒྲ་སོར་བཞག་ཡང་དག་ཅིག་ཇི་ལྟར་སྒྱུར་དགོས་པ་མི་ཤེས། དེ་བཞིན་སྒྲ་འདྲ་བ་སྟོན་པ།(拟声词)水哗啦啦ཤང་ཤང་ཆུ་ཟེར་བ་བསྒྱུར་དུ་བཏུབ་ཀྱང་། “嘀咕嘀咕”“啊—呦!吧—呦!啊—呦! 吧—呦!” “嗖”[4]ལྟ་བུ། རྒྱུན་དུ་འཕྲད་ཉུང་བའི་སྒྲ་དག་སྒྲ་སོར་བཞག་དང་ཐད་སྒྱུར་གང་ཞིག་དགོས་པ་ཞིབ་ཆ་མ་རྙེད་པས་《ཤྭ་ཕྲུག་སྤམ་བི》ལོ་ཙཱ་བྱེད་པའི་བརྒྱུད་རིམ་ནང་ཡོ་བྱད་ཀྱིས་མི་འདང་བའི་དཀའ་ངལ་ཡོང་གིན་འདུག །དེས་ན་ད་ལྟ་ལྗོངས་ཞིང་ཆེན་ལྔའི་བསླབ་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་ནས《སྐྱེ་དངོས་རིག་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད》དང་། 《ས་ཁམས་རིག་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད》གཉིས་གང་མགྱོགས་དཔར་འགྲེམས་གནང་དགོས་པ་དང་། 《རྒྱ་བོད་སྐད་སྒྲ་མཚོན་པའི་ཤན་སྦྱར་ཚིག་མཛོད》《汉藏拟声对照词典》ཅིག་ཀྱང་དཔར་འགྲེམས་གནང་གལ་ཆེ་སྙམ། དེའི་ཕྱིར། འདིར་སྐབས་སུ་བབས་པ་ནི་ཁོ་བོའི་སེམས་པར་བསྟན་བཅོས་གང་ཞིག་ལོ་ཙཱ་བྱེད་པར་ཐོག་མར་བསྒྱུར་བྱའི་རིག་ཚན་དེ་རང་གི་འཚོ་བ་དང་འབྲེལ་འདྲིས་ཡོད་དགོས་པ་དང་། རིག་ཚན་དེ་དང་འབྲེལ་བ་ཆེ་ཤོས་ཀྱི་དཔྱད་གཞིའི་དེབ་སོགས་མཐུན་རྐྱེན་ཁག་གྲ་སྒྲིག་ངེས་པར་དགོས་པ། དོན་གང་ཞིག་རང་གིས་ཐག་གཅོད་དཀའ་བའི་སྐབས་དེབ་ཐོག་གི་དཔྱད་གཞི་འཚོལ་བ། དྲ་ཐོག་སོགས་ནས་འཚོལ་ཐུབ་པའི་ཆ་རྐྱེན་ཚང་དགོས་པ་ལས། ལག་པ་སྟོང་པར་དོན་ཆེན་འཆར་བཀོད་བྱེད་པའམ་མུན་མཆོངས་དང་། འོལ་ཚོད། འགན་མི་འཁུར་བར་རང་འགར་སྒྱུར་བའི་རིགས་ཀྱི་གནད་དོན་དག་མི་ཐོན་པ་གནང་དགོས་སྙམ། གལ་ཏེ་ང་ཚོས་གནད་དོན་དེ་དག་ལ་གོ་བ་ཡང་དག་མེད་པར་འོལ་སྤྱིར་བསྒྱུར་ཕྱིན། འགྱུར་ལོག་ཅིག་ལས་འགྱུར་ལེགས་པོ་ཞིག་མི་ཡོང་བ་ནི་སྨོས་མ་དགོས་སོ། །
གསུམ་པ། རྒྱ་བོད་རྩོམ་རིག་ལོ་ཙཱའི་ནང་མ་རྩོམ་གྱི་ཉམས་སོར་བཞག་གི་གནད་དོན་དང་བསམ་གཞིག
རྒྱ་བོད་རྩོམ་རིག་ལོ་ཙཱའི་ཚད་གཞིའི་ནང་མ་ཡིག་གི་བརྗོད་དོན་དང་། རྣམ་པ། ཉམས་གསུམ་སོར་བཞག་བྱེད་དགོས་པ་བསྟན་པ་བཞིན་རྩོམ་ཉམས་སོར་བཞག་དང་མཚོན་ཐབས་ཀྱི་གནད་དོན་གཉིས་ཐད་དོ་སྣང་བྱེད་དགོས་པ་ཡིན།
གཅིག །རྩོམ་ཉམས་དང་རྣམ་པ་སོར་བཞག་གི་གནད་དོན་དང་བསམ་གཞིག
རྒྱ་བོད་རྩོམ་རིག་གི་ལོ་ཙཱའི་ནང་གལ་ཆེའི་གནད་དོན་ཞིག་འཕྲད་སྲིད་པ་ནི་མ་རྩོམ་ལ་ཉམས་ཅི་འདྲ་ཞིག་ཡོད་པ་ཤེས་རྟོགས་དང་། དེ་དག་རང་གིས་བསྒྱུར་ཐབས་གང་ཞིག་སྤྱད་ནས་ཉམས་ཇི་ལྟ་བར་སོར་བཞག་དགོས་པའི་གནད་དོན་གཉིས་ཡིན། སྒྱུ་རྩལ་རང་བཞིན་ཆེས་ཆེར་ལྡན་པའི་མ་རྩོམ་《ཤྭ་ཕྲུག་སྤམ་བི》ལྟ་བུ་ཐོག་མར་བསྒྱུར་བར་མ་རྩོམ་སྤུས་དག་ཅིང་སྒྱུ་རྩལ་གྱིས་ཕྱུག་པའི་མ་རྩོམ་ལ་རྒྱུས་ལོན་ལྷད་མེད་བྱ་རྒྱུ་ནི་ཚིག་དོན་ཙམ་གྱི་གོ་བ་ཞིག་མིན་པས་དཀའ་བའི་གནས་ཤིག་ཏུ་གྱུར་བ་གོང་དུ་ཞུས་པ་ལྟར་ཡིན། དེ་ཡང་རྩོམ་པ་པོ་སོ་སོའི་ཚིག་གི་བཀོལ་སྤྱོད་བྱེད་སྟངས་དང་། ཐུན་མིན་གྱི་སྐད་ཆའི་གོམས་གཤིས། མ་རྩོམ་ཧྲིལ་པོའི་སྤྱི་ཁོག །སྒྱུ་རྩལ་གྱི་ཉམས། ཚིག་སྦྱོར་གྱི་སྡེབ་སྒྲིག་སྟངས་སོགས་ཤེས་རྟོགས་དགོས་པ་ཡིན། དེར་བསྟུན་ནས་ད་གཟོད་དེ་མཚུངས་ཀྱི་ཉམས་ཤིག་སོར་བཞག་ཡོང་བ་ནི་དེ་བས་སླ་བའི་དོན་ཞིག་མིན་པར་གྱུར།《སྐད་གཉིས་སྨྲ་བའི་རིན་ཆེན་སྒྲོན་མེ》ཞེས་པ་ལས། “མ་ཡིག་སྙན་ངག་ཡིན་ཕྱིན། འགྱུར་ཡིག་ཀྱང་སྙན་ངག་ཡིན་དགོས་པ་དང་། མ་ཡིག་གི་བསམ་བློའི་བསྟན་དོན་འགྱུར་ཡིག་ཏུ་ཇི་བཞིན་སྟོན་ཐུབ་པ། མ་ཕྱིའི་སྙན་ངག་གི་ནང་དོན་གསོན་ཉམས་ལྡན་པའི་སྒོ་ནས་དྲིལ་བསྒྲགས་བྱེད་ཐུབ་པ་དགོས།”[5]ཞེས་གསུངས་པ་ལྟར། ལས་ཀའི་བརྒྱུད་རིམ་དེ་གཉིས་ལེགས་གྲུབ་བྱེད་པའི་ནང་མ་ཡིག་གི་ལྟག་འོག་གང་སར་རྩོམ་པ་པོ་དེས་སྡེབ་སྒྲིག་བྱས་པའི་མིང་ཚིག་གསར་པ་དང་། ཐ་སྙད་གསར་པ་མང་པོ་ཐོན་སྲིད་ལ། རྩོམ་པ་པོའི་གོམས་འདྲིས་སུ་གྱུར་བའི་ཚིག་གི་སྦྱོར་ཚུལ་དམིགས་བསལ་ཅན་མང་དུ་འཕྲད་ཅིང་། དེ་དག་ནི་གཞུང་ཡིག་ལོ་ཙཱའི་ནང་མི་འཕྲད་པའི་གནད་དོན་ཤ་སྟག་ཡིན། དཔེར་ན། 《ཤྭ་ཕྲུག་སྤམ་བི》ནི་རི་དྭགས་སྲོག་ཆགས་ལ་བརྟེན་ནས་དོན་དུ་མིའི་བྱ་སྤྱོད་དང་སེམས་ཁམས་མཚོན་པའི་བསྡུས་བརྗོད་དང་རབ་རྟོག་རྒྱན་མཆོག་ཏུ་གྱུར་བ་ཞིག་ཡིན། ཁ་གསལ་ཙམ་བརྗོད་ན། སྲོག་ཆགས་སམ་སྐྱེ་ཁམས་ཀྱི་འཇིག་རྟེན་ཁམས་ཤིག་བསྟན་ཡོད་པས། དེ་ཡང་དག་པར་བརྡ་སྤྲོད་པ་ནི་སྲོག་ཆགས་དང་འབྲེལ་བའི་མིང་ཚིག ། བྱ་སྤྱོད། དེ་གནས་ཡུལ་གྱི་ཡུལ་ལྗོངས་དང་། རྩྭ་རྩི་ཤིང་སོགས་དང་འབྲེལ་བའི་ཤེས་བྱ་མཐའ་དག་ལ་རྒྱུས་མངའ་ཡོད་དགོས་པ་ཡིན་མོད། རྣམ་པའི་ཐད་སྙན་རྩོམ་དེ་སྙན་རྩོམ་དང་ལེགས་བཤད་དེ་ལེགས་བཤད་ཀྱི་ཉམས། བྱིས་སྒྲུང་ལ་བྱིས་སྒྲུང་གི་ཉམས། ལྷུག་རྩོམ་གྱི་རྣམ་པ་ལྷུག་རྩོམ་རང་ཡིན་པ་ཞིག་དགོས་པ་སྨོས་མེད། མ་ཡིག་ཇི་བཞིན་ཚིག་སྦྱོར་ཐད་ཚིག་འཇམ་སར་འཇམ་པ། རྩུབ་སར་རྩུབ་པ། སྙན་སར་སྙན་པ། བརྗོད་དོན་ཐད་མི་ལ་མིའི་གཤིས་ཀ་དང་སྲོག་ཆགས་ལ་སྲོག་ཆགས་ཀྱི་གཤིས་ཀ་ལྡན་དགོས་པ་ཡིན། ཡུལ་ལྗོངས་དེ་ཡུལ་ལྗོངས་དེ་རང་གི་རྣམ་པ་ལྟར་ཡིན་པར་བརྡ་སྤྲོད་དགོས་པ་ཡིན། དཔེར་ན། 《ཤྭ་ཕྲུག་སྤམ་བི》ལྟ་བུའི་ནང་། “སྐབས་རེ་ཁོ་པས་ཁ་མ་གྲགས་པར་བསྡད་ནས་རེ་ཞིག་སྨྲ་བ་ཅི་ཡང་མི་འདོན། དེ་ནས་ཁོ་པས་སླར་ཡང་དྲི་བ་འདོན་འགོ་ཚུགས། ‘ཨ་མ། ལམ་དེ་སུའི་རེད།’ ཨ་མས།‘ང་ཚོའི་རེད།’ཅེས་ལན་བཏབ། སྤམ་བིས‘ང་དང་ཁྱེད་རང་གི་རེད་དམ།’ཞེས་མཐུད་ནས་དྲིས། ‘རེད།’‘ང་གཉིས་ཀྱི་རེད།’‘རེད།’‘ང་གཉིས་གཅིག་བུའི་རེད་དམ།’‘མ་རེད།’‘ང་ཚོ་ཤྭ་བ།’” [6]ལྟ་བུའི་ནང་སྐད་ཆ་ཤོད་པའི་རྣམ་པའི་ཐོག་ནས་བྱིས་པའི་ངོ་མཚར་གྱི་སེམས་ཁམས་དག་ལོ་ཙཱ་བས་རྩོམ་ཉམས་སོར་བཞག་ཡོང་ཐབས་བྱས་ཡོད། དེས་བྱིས་སྒྲུང་རྩོམ་གྱི་ཐུན་མོང་གི་ལྷད་མེད་ཀྱི་གཤིས་ཀ་མཚོན་པའི་ཉམས་འགྱུར་དག་རྒྱུན་འཁྱོངས་ཡོང་བ་དགོས་ན། སྒྲུང་ཡོངས་སུ་ཚང་བ་རང་བློ་ལ་བྱང་དགོས་ཤིང་། དེའི་ཚིག་སྦྱོར་སྤེལ་སྟངས་དང་། དཔེ་འགོད་ལུགས། སྒྲིག་གཞི་བཀོད་སྟངས་གསལ་པོར་ཤེས་དགོས། དེ་ནས་རྩོམ་ཉམས་དེ་འགྱུར་ཡིག་ཁྲོད་དུ་ཅི་ནུས་ཀྱིས་མཚོན་དགོས་པ་ཡིན།
གཉིས། རྩོམ་ཉམས་དང་སྐད་ཆའི་འབྲེལ་བའི་གནད་དོན་དང་བསམ་གཞིག
ད་བར་རྒྱ་བོད་བྱིས་སྒྲུང་ཡིག་སྒྱུར་བྱེད་སྐབས་རྩོམ་ཉམས་ཇི་འདྲ་སོར་བཞག་དང་དེའི་སྐད་ཆ་བཀོལ་སྤྱོད་ཇི་ལྟར་བྱེད་དགོས་མིན་གྱི་གནད་དོན་དེར་ངོས་འཛིན་ནའམ་ཐག་གཅོད་བྱས་པ་ཞིག་ཡོད་མེད་ཁོ་བོས་ཁ་ཚོན་ཆོད་དཀའ་མོད། དེ་བཞིན་ད་ལྟའི་སྐབས་ལོ་ཙཱའི་གཞུང་ལུགས་སྟོན་པའི་དཔེ་ཆ་མང་ནས་མང་དུ་འགྲོ་མུས་ཀྱང་། རྩོམ་ཉམས་སོ་སོའི་དོན་སྟོན་པར་སྐད་ཆ་ཇི་འདྲ་ཞིག་བེད་སྤྱད་དགོས་པ་དང་། ཡང་ན་ཁ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བའི་ཐད་གང་ཞིག་གཙིགས་སུ་བཟུང་དགོས་པ་སོགས་གནད་དོན་ཞིག་ལ་དམིགས་དུས་གཞུང་ལུགས་ཐོག་ཁ་གསལ་མ་མཇལ། རྩོམ་རིག་ཡིག་སྒྱུར་ནང་དཔེར་ན། 是啊!རེད་དཱ། 行啊!ཡོང་ངཱ་།对啊! འགྲིག་གཱ། 有啊! འདུག་གཱ། 有吗? འདུག་གས། 是吗? རེད་པས། ལྟ་བུ་ཁ་སྐད་བཀོད་ན་དོན་ཞིག་ཁས་ལེན་ནམ་ནན་ཏན་བྱས་པ་ཞིག་མཐོང་ཐུབ་པ་ཡིན། དེ་བཞིན་དུ། 行吗 ?ཡོང་ངས། 做了吗? བྱས་པས་སོགས་རྒྱུ་མཚན་དྲི་བའི་དོན་གོ་རྒྱུ་ཡོད་པས་ཁ་སྐད་སྤྱད་ན་ཚིག་སྦྱོར་བདེ་བ་ཡོད་པ་མཐོང་མོད། དཔེར་ན། 《ཤྭ་ཕྲུག་སྤམ་བི》ལྟ་བུའི་ནང་། “སྤམ་བིའི་ཨ་མས། ‘ཨོའོ། ཨའུ་ཙམ་རེད།’ཅེས་ཁེངས་སྐྱུང་ངང་བཤད།”[7]ཅེས། “ཨའུ་ཙམ་རེད།”ལྟ་བུ་ཁོ་བོས་དབུས་སྐད་ཅུང་བསྲེས་པས་ཡིག་སྐད་ལས་ཚིག་ཉམས་ཆགས་པ་ཞིག་ཏུ་སྣང་། འོན་ཀྱང་ཁ་སྐད་ནི་ཡུལ་སྐད་སོ་སོའི་སྟེང་དུ་གནས་ཡོད་པས།གལ་ཏེ་དེ་ལྟར་སྦྱོར་ཆེ་ན་དབུས་སྐད་མདོ་ཁམས་སུ་མི་གོ་ལ། མདོ་ཁམས་ཀྱི་ཡུལ་སྐད་ཀྱང་དབུས་པས་གོ་བའི་ངེས་པ་མེད། དོན་དུ་ད་བར་ཁ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ་དེ་ཇི་ལྟར་ཐག་གཅོད་བྱེད་དགོས་པའི་གསལ་ཆ་མེད་པས་རྩོམ་རིག་ལོ་ཙཱ་བྱེད་སྐབས་འཕྲད་པའི་དཀའ་ཁག་གི་གནད་དོན་ཞིག་ཏུ་གྱུར་ཡོད།
གོང་གསལ་རྒྱུ་མཚན་དག་ལས་རྩོམ་ཉམས་གང་ཞིག་མཚོན་པར་ཁ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་ཚད་གཞི་དེ་ཡང་གཅིག་ནས་ཀློག་པ་པོར་ལྟོས་ནས་ཐག་གཅོད་དགོས་སྙམ་པར་གྱུར་ལ། འགྱུར་གང་རུང་ཞིག་ལེགས་གྲུབ་བྱུང་ཡོད་མེད་ཀྱི་ཚད་ནི་ཀློག་པ་པོར་ལྟོས་ནས་གཏན་འབེབས་བྱེད་དགོས་པར་མཁས་པ་ཀུན་གྱིས་བཞེད། གཉིས་ནས་མ་རྩོམ་ལ་ལྟོས་ནས་གཏན་ཁེལ་བྱེད་དགོས་པ་ཡིན་ཏེ། མ་རྩོམ་བྱིས་སྒྲུང་ལ་བྱིས་སྒྲུང་གི་ཉམས་དང་བྱིས་པའི་སྐད་ཆའི་ཉམས་ལྡན་པ་དགོས། བྱིས་སྒྲུང་ནི་ཀློག་པ་པོ་བྱིས་པ་ཞིག་ཡིན་པས་ཁ་སྐད་གསེས་མང་ན། བྱིས་པས་མ་གོ་ལ། བྱིས་པས་བརྡ་སྤྲོད་ཚད་ལྡན་ཞིག་ཤེས་པར་འགོག་རྐྱེན་བཟོ་སྲིད་པས། མའོ་ཀྲུའུ་ཞིས་གནད་དོན་དེ་ནི་གཙོ་བོ་ཀློག་པ་པོར་ལྟོས་ནས་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་ལྟར་ཡིན། རང་རྒྱལ་གྱི་ལོ་ཆེན་ལུའུ་ཤུན་གྱིས་ཀྱང་སྔར་ནས་ཀློག་པ་པོར་ལྟོས་ནས་སྒྱུར་དགོས་པའི་དགོངས་བཞེད་གནང་མྱོང་ཡོད་དེ། ཁོང་གིས་འཇར་པན་གྱི་རྩོམ་པ་པོ་ཧའོ་ཅན་ཙོ་ཧྥུ་ཡི《བསམ་བློ། རི་ཆུ། མི་སྣ》ཞེས་པ་ཡིག་བསྒྱུར་གནང་རྗེས་དེའི་འགྱུར་གྱི་འགོ་བརྗོད་དུ། “རྩོམ་འདིའི་ཁྱོན་ཡོངས་སུ་བལྟས་ན་ཁོ་བོའི་བློ་ལ་མི་འགྲོ་བ་མང་པོ་འདུག །འོན་ཀྱང་བཟོ་བཅོས་བྱས་མེད། གང་ལགས་ཤེ་ན། རྩོམ་གྱི་ངོ་བོར་འགྱུར་ལྡོག་བཏང་ཚེ། རྩོམ་པ་པོར་དགོངས་པ་མ་ཚོམ་ཞུ་དགོས་པ་ཞིག་ཡིན་ལ། ཀློག་པ་པོར་ཡང་དགོངས་པ་མ་ཚོམ་ཞུ་དགོས་པ་ཞིག་རེད།”[8]ཅེས་པ་ནི། ཀུན་གྱིས་ལོ་ཙཱའི་སེམས་ནང་རྩོམ་པ་པོ་དང་ཀློག་པ་པོར་འགན་འཁུར་དགོས་ཞེས་པ་དེ་ཡིན། ལོ་ཙཱ་བས་སྐད་བརྡ་གང་ཞིག་སྤྱོད་མིན་གྱི་རྩ་དོན་ནི་གཙོ་བོ་མ་རྩོམ་དང་ཀློག་པ་པོར་བསམས་ནས་གཏན་ཁེལ་བྱེད་དགོས་པ་ཡིན། དེ་ནི་བརྩམས་ཆོས་ཤིག་ལེགས་གྲུབ་ཡོང་བའི་གནད་འགག་ཅིག་ཡིན་སྙམ། དེ་ལྟར་མིན་ན། ཕན་འབྲས་གཉིས་ཀྱང་ཡོང་ཐབས་མེད། དེས་ན་ཁོ་བོའི་སེམས་པར་རྩོམ་ཡིག་བྱིས་སྒྲུང་ཡིན་ན་ཁ་སྐད་བསྲེ་དགོས་དང་མ་དགོས། ཁ་སྐད་མང་ཉུང་ཇི་འདྲ་སྤྱོད་མིན་གྱི་གནད་དོན་དེ་ཐག་གཅོད་ཡག་པོ་བྱེད་དགོས་སྙམ། དེའི་རྒྱུ་མཚན་ཡང་ཁ་སྐད་བསྲེས་མང་ན་སློབ་མས་གོ་མི་ཐུབ་པས་ཚིག་བག་ཆགས་ལ་སྤམ་པ། བྱིས་པའི་ཡོན་ཚད་དང་འཚམ་པའི་ཡིག་སྐད་ཀྱི་བརྡ་སྤྲོད་སྟངས་ཤིག་ལ་བརྟེན་དགོས་པ་ནི་གནད་ཀྱི་དམ་པར་མཐོང་ལ། ཡིག་སྐད་གོ་བདེ་ཞིག་བྱུང་ན་མདོ་དབུས་ཁམས་གསུམ་གྱི་བྱིས་པས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པར་ཕན་པ་ཐོན་སྲིད་པས། རྩོམ་གྱི་ཉམས་སོར་བཞག་ཡོང་བར་སྐད་བརྡ་བེད་སྤྱོད་འོས་ཤིང་འཚམ་པ་དགོས་པ་མིན་ནམ་སྙམ།
བཞི་པ། རྒྱ་བོད་རྩོམ་རིག་ལོ་ཙཱའི་ནང་རིག་གནས་གཉིས་དབར་གྱི་ཁྱད་པར་གྱི་གནད་དོན་དང་བསམ་གཞིག
རྩོམ་རིག་ལོ་ཙཱའི་ནང་འཕྲད་པའི་གནད་དོན་གལ་ཆེན་གཞན་ཞིག་ནི་རིག་གནས་ཀྱི་གནད་དོན་ཡིན་ཞིང་། མཁས་པ་མང་པོས་རྩོམ་རིག་གི་ལོ་ཙཱ་ནི་རིག་གནས་ཀྱི་ལོ་ཙཱ་ཞིག་ཡིན་ཞེས་པ་ལྟར་རོ། །འགྱུར་གང་རུང་ཞིག་རིག་གནས་ཀྱི་བྲོ་བ་ལྡན་པར་ཉམས་སོར་བཞག་ཡོང་བ་ནི་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་ཡིན། བྱིས་སྒྲུང་ཡིག་སྒྱུར་ལ་མཁས་པའི་རན་རོང་རོང་གིས་ཚེ་གང་བྱིས་སྒྲུང་ཡིག་སྒྱུར་བྱ་བར་གཞོལ་གནང་ཞིང་རྗེས་སུ་རྒྱལ་ནང་དུ་གྲགས་པ་ཁྱབ་ཡོད། 《སྡོམ་ཆར་ལོའི་དྲ་བ》ནི་ཐོག་མར་རན་རོང་རོང་གིས་དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་བྱིས་སྒྲུང་ཞིག་ཡིན་ལ། དེའི་ནང་སྔ་ཕྱི་བར་གསུམ་དུ་ཨ་མེ་རི་ཁའི་མི་རིགས་ཀྱི་འཚོ་བ་ཞིག་དང་རིག་གནས་ཀྱི་བྲོ་བ་འཐུལ་བ་དག་སོར་བཞག་ཐུབ་པས། ཁོང་གིས་བསྒྱུར་བའི་བྱིས་སྒྲུང་དེ་དག་འགྱུར་ལེགས་པོ་བྱུང་བའི་དཔེ་མཚོན་ཞིག་ཡིན།
《རྒྱ་བོད་ལོ་ཙཱ་སློབ་དེབ་བློ་གསལ་མིག་སྒྲོན》ལས། “ལོ་ཙཱ་བ་ཞིག་ཡིན་ན་མ་ཡིག་གི་སྐད་ཁོངས་ཀྱི་མི་རིགས་དང་འགྱུར་ཡིག་སྐད་ཁོངས་ཀྱི་མི་རིགས་གཉིས་ཀྱི་བསམ་བློ་གཏོང་སྟངས་ཤེས་དགོས་ཏེ། ཕྱོགས་གཅིག་མ་གཏོགས་མ་ཤེས་ན་མ་ཡིག་དང་འགྱུར་ཡིག་གཉིས་དོ་མཉམ་པ་ཡོང་མི་ཐུབ།”[9]ཅེས་བསྟན་པ་ལྟར།《ཤྭ་ཕྲུག་སྤམ་བི》ནི་ཨ་མེ་རི་ཁའི་བྱིས་སྒྲུང་ཞིག་ཡིན་ལ། དེའི་ནང་རིག་གནས་ཀྱི་རྒྱབ་ལྗོངས་གཙོ་བོ་ནི་ཨ་མེ་རི་ཁའི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་ཞིག་ཡིན་ལ། རྒྱ་བོད་མི་རིགས་ཀྱི་རིག་གནས་དང་བསྡུར་ན་ཁྱད་པར་ཤིན་ཏུ་ཆེ། རྒྱུན་དུ་མི་ཚང་མས་ལོ་ཙཱ་བྱེད་པར་འཛེམ་བྱ་དང་ཚད་བཀག་མང་པོ་ཡོད་པ་འདོད་ཅིང་། དེ་དག་ནི་གཙོ་བོ་རིག་གནས་ཀྱི་ཁྱད་པར་ལས་བྱུང་བ་ཞིག་ཡིན། འཛམ་གླིང་དུ་གྲགས་ཆེ་བའི་ལོ་ཆེན་ནེ་ཏཱ་ཡིས་རིག་གནས་གཉིས་ལ་བྱང་ཆུབ་པ་དགོས་རྒྱུ་ནི་སྐད་གཉིས་ལ་བྱང་ཆུབ་པ་དགོས་པ་ལས་ཀྱང་གལ་ཆེ་བ་ཡིན་ཞེས་གསུངས་མྱོང་ཡོད།
ང་ཚོས་མ་རྩོམ་གྱི་རིག་གནས་ཁྱད་པར་རྟོགས་པ་དང་དེར་བརྩི་སྲུང་། རིག་གནས་གཉིས་ཀྱི་ཁྱད་པར་གྱི་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱེད་པ་ནི་གནད་དོན་གལ་ཆེན་ཞིག་ཡིན། ལོ་ཙཱའི་གཞུང་ལུགས་ཐོག་རིག་གནས་མི་འདྲ་བ་གཉིས་ལ་ཁྱད་པར་བདུན་དུ་འདོད་ཅིང་། འཚོ་བའི་ཁོར་ཡུག་གི་ཁྱད་པར། དངོས་པོའི་ཐོན་སྐྱེད་ཀྱི་ཁྱད་པར། བསམ་གཞིག་གི་རྣམ་པའི་ཁྱད་པར། འཚོ་བའི་གོམས་གཤིས་ཀྱི་ཁྱད་པར། ཆོས་ལུགས་དད་ཞེན་གྱི་ཁྱད་པར། མཚན་ཉིད་རིག་པའི་ བསམ་བློའི་ཁྱད་པར། རིན་ཐང་ལྟ་བའི་ཁྱད་པར་བཅས་བདུན་དུ་འདོད་ཅིང་། ཚད་ལྡན་གྱི་ལོ་ཙཱ་བ་ཞིག་ཡིན་མིན་ནི་རིག་གནས་ཀྱི་ཁྱད་པར་ཤེས་མིན་ལ་ཐུག་ལ། འགྱུར་གང་ཞིག་ཚད་ལྡན་ཡིན་མིན་ཡང་རིག་གནས་གང་ཞིག་སོར་བཞག་ཐུབ་ཡོད་མེད་ལ་ཐུག་ཡོད། རང་རྒྱལ་གྱི་ལོ་ཆེན་ཝང་ཙོ་ལང་གིས་ལོ་ཙཱ་བ་ཚད་ལྡན་ཡིན་དང་མིན་དེ་རིག་གནས་ལྡན་མིན་ལ་གོ་དགོས་པར་བསྟན་ཡོད། དཔེར་ན་འཚོ་བའི་གོམས་གཤིས་མི་འདྲ་བ་ལྟ་བུར་ཆ་མཚོན་ན། 《སྡོམ་ཆར་ལོའི་དྲ་བའི》ནང་། 《夏洛网》“房间里透着咖啡、熏香的香味”[10]ཞེས་པ་ལས་ཨ་མེ་རི་ཁའི་མི་རིགས་ཀྱི་ཞོགས་ཇ་ནི་ཁཱ་པེ་དང་ཞོགས་ཟས་ནི་ཤ་བཀྲག་དང་མན་པོའི་སོགས་ཡིན་པས། གལ་ཏེ་ང་ཚོས་ཇ་སྲུ་མ་དང་སྤགས་བཟས་པར་བསྒྱུར་ན་མ་ཡིག་ནང་གི་ཆ་འཕྲིན་བོར་བརླག་སོང་བ་དང་མ་ཡིག་ནང་གི་ཐུན་མིན་རིག་གནས་ཀྱི་ཁྱད་པར་རྩིས་མེད་བཏང་བ་ཞིག་ཡིན། དེ་ལྟར་རིག་གནས་མི་ཤེས་ན་དངོས་འབྲེལ་སྐད་ཡིག་བཀོལ་སྤྱོད་མི་ཐུབ། རྩོམ་རིག་ལོ་ཙཱར་མཁས་མིན་ནི་རིག་གནས་ཤེས་དང་མི་ཤེས་ལས་བྱེད་དགོས་ཤིང་། ལོ་ཙཱ་བས་རིག་གནས་གཉིས་བར་གྱི་ཆ་འཕྲིན་མ་ཉམས་པར་བརྒྱུད་སྤྲོད་བྱེད་དགོས་པ་ལས་གཞན་དུ་བཅོས་ཐབས་རྩ་བ་ནས་མེད།
མདོར་ན། རྩོམ་རིག་ལོ་ཙཱ་བྱེད་པར་དཀའ་ཁག་མང་དུ་འཕྲད་སྲིད་ཅིང་། གནད་དོན་དེ་དག་ཇི་ལྟར་ཁྱད་བསད་བྱེད་ཐབས་ལ་བསམ་གཞིག་དང་། ཇི་ལྟར་ཐག་གཅོད་བྱེད་མིན་ནི་རྩོམ་རིག་ལོ་ཙཱའི་གནད་འགག་ཅིག་ཡིན་པས། ང་ཚོས་གནད་དོན་དེར་དགོས་ངེས་ཀྱི་ངོས་འཛིན་ཞིག་ཐུབ་དགོས།
དཔྱད་གཞིའི་ཡིག་ཆ།
[1] འཕྲིན་ལས་ཆོས་གྲགས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ 2པར། ཤ282
[2] ལུའུ་ཤུན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། པོད6པ།[M](རྒྱ་ཡིག་དཔར་མ)མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་། 1973 ལོར་དཔར། ཤ345
[3] སྒྲགས་པ་པད་མ་དབང་ཆེན་གྱིས་བསྒྱུར། ཤ་ཕྲུག་སྤམ་བི།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར། 2009ལོའི་ཟླ་བ་8 ཤ94-95
[4] སྒྲགས་པ་པད་མ་དབང་ཆེན་གྱིས་བསྒྱུར། ཤ་ཕྲུག་སྤམ་བི།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར། 2009ལོའི་ཟླ་བ་8ཤ78-84
[5] ཁྲི་བསམ་གཏན་དང་ཚེ་དབང་ཐར་གྱིས་གཙོ་སྒྲིག་བྱས། སྐད་གཉིས་སྨྲ་བའི་སྒྲོན་མེ།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ་བ་1པོར་དཔར། ཤ395
[6] སྒྲགས་པ་པད་མ་དབང་ཆེན་གྱིས་བསྒྱུར། ཤ་ཕྲུག་སྤམ་བི།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར། 2009ལོའི་ཟླ་བ་8 ཤ41
[7] སྒྲགས་པ་པད་མ་དབང་ཆེན་གྱིས་བསྒྱུར། ཤ་ཕྲུག་སྤམ་བི།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར། 2009ལོའི་ཟླ་བ་8 ཤ9
[8] ལུའུ་ཤུན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། པོད་13པ།[M](རྒྱ་ཡིག་དཔར་མ)མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་། 1973 ལོའི་དཔར་གཞི་དང་པོ། ཤ386
[9] འབྲུག་ལྷ་དང་ཟླ་བ་ཚེ་རིང་གིས་བསྒྲིགས། རྒྱ་བོད་ལོ་ཙཱའི་སློབ་དེབ་བློ་གསལ་མིག་སྒྲོན།[M] མི་རིགས་དཔེ་སྐྲུན་ཁང་ནས་དཔར། 2009ལོའི་ཟླ་བ་8 ཤ255
[10] རེན་རོང་རོང་གིས་བསྒྱུར། སྡོམ་ཆར་ལོའི་དྲ་བ། (རྒྱ་ཡིག་དཔར་མ)[M] ཧྲང་ཧེ་འགྱུར་ཡིག་དཔེ་སྐྲུན་ཁང་། ཤ4