བོད་ལྗོངས་སུ་བཙན་པོའི་དུས་སྐབས་ཀྱི་བང་སོ་ཞིག་ཆ་ཚང་གནས་སྤོ་ཐུབ་པ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-11



   ཟླ་12ཚེས་9ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ན་ལུང་རི་ངོས་ཀྱི་བཙན་པོའི་དུས་སྐབས་ཀྱི་བང་སོ་ཆ་ཚང་ཉར་ཚགས་བྱེད་པ་དང་ཕྱིས་ཀྱི་འགྲེམས་སྟོན་འགན་སྲུང་བྱ་ཆེད། ད་ལོའི་ཟླ་7པ་ནས་འགོ་བརྩམས་ཏེ། བོད་ལྗོངས་གནའ་རྫས་རྟོག་ཞིབ་མི་སྣས་བང་སོ་ཆ་ཚང་གནས་སྤོ་རྒྱུ་བྱས། འདི་ཡིས་བོད་ལྗོངས་ནང་ཁོངས་སུ་ལོ་ངོ་སྟོང་གི་གནའ་བོའི་བང་སོ་ཆ་ཚང་གནས་སྤོ་བ་ཐོག་མར་མངོན་འགྱུར་བྱུང་བ་མཚོན་ཡོད།  
    ན་ལུང་བང་སོ་ལ་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4700ཡོད་པ་དང་། ཕྱི་རོལ་ཏུ་ཡོད་པས་རྟག་པར་ཆར་ཆུས་རྡེག་ནས་ཟད་བཞིན་ཡོད། 2019ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་དང་ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གི་རིགས་གཅིག་མཁས་པས་བང་སོ་ལ་ཡུལ་དངོས་ནས་རྩད་ཞིབ་བྱས་པ་དང་། 2020ལོའི་ཟླ་7པ་ནས་འགོ་བརྩམས་ཏེ་ཡུལ་དངོས་སུ་མྱུར་སྐྱོབ་རང་བཞིན་གྱི་གཙང་སེལ་དང་བང་སོ་ཆ་ཚང་གནས་སྤོ་རྒྱུ་ལག་བསྟར་བྱས། ཟླ་11པར་ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་བང་སོ་གཙང་སེལ་སོགས་རྗེས་མཐུད་ཀྱི་ལས་དོན་སྤེལ་བ་རེད།  
ན་ལུང་བང་སོ་ནས་ཐོན་པའི་ལི་ཆས་དང་ཟངས་མའི་མེ་ཏོག
    བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཝེ་ཡིས། དུས་ཡུན་རིང་པོར་ས་ཞིང་ནང་གཙང་བཤེར་བྱེད་དགོས་པར་གཞིགས་ནས། བང་སོ་ལ་ཕྱི་རོལ་གྱི་སྨུག་ཕྱིའི་ཐིག་དྲག་པོའི་ཐད་འཕྲོའི་ཤུགས་རྐྱེན་ཐེབས་ནས་རྗེས་ཤུལ་དང་ཤུལ་རྫས་སྐམ་ཞིང་གས་སྲུབས་ཇེ་མགྱོགས་སུ་འགྲོ་སྲིད། དེའི་ཁར་རི་ངོས་སོབ་སོབ་ཀྱི་ས་རྒྱུ་ཡིན་ཞིང་ཡུལ་དངོས་སུ་གཙང་སེལ་བྱེད་མི་བདེ་བས། གནའ་རྫས་རྟོག་ཞིབ་རུ་མིས་མཐར་སྒམ་ཆ་ཚང་བཟོ་ཐབས་ལ་བརྟེན་ནས་བང་སོ་ཐུམ་སྒྲིལ་བརྒྱབ་སྟེ་གནས་སྤོ་བྱས་པ་ཡིན་ཟེར།  

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ལུང་བང་སོ་ནི་གྲུ་བཞི་ནར་མོ་དབྱིབས་ཀྱི་ས་དོང་བང་སོ་ཡིན་ཞིང་། ཤིང་གི་པུར་སྒམ་དང་། དུར་སྒམ་ཐོག་རྡོ་ལེབ་བརྩིགས་ནས་ཁ་བཀབ་ཡོད། མཐའ་ཤིང་ཐོག་རྗེས་ཤུལ་ཙམ་ཡོད་པ་ལས་ཤིང་སྒམ་རུལ་བསླད་ཚབས་ཆེ། ཤིང་སྒམ་ཤར་ངོས་སུ་དུར་བདག་དང་ནུབ་ངོས་སུ་དུར་རྫས་བཞག་ཡོད། ས་འོག་ནས་ཐོན་པའི་དུར་རྫས་ལ་འཁེལ་འཐག་དངོས་པོ་དང་། ཟངས་ཆས། ཤིང་ཆས། ལྕགས་ཆས། ཤེལ་ཕྲེང་རྒྱུ་ཆ་སོགས་ཡོད། 


   ཐཱན་བཅུ་བཞིས་ལོ་བརྟག་པ་ལས་མངོན་པ་ལྟར་ན། ན་ལུང་བང་སོ་M1ནི་སྤྱི་ལོའི་དུས་རབས་6པ་ནས་7པའི་བར་གྱི་དུར་ས་ཡིན་པ་དང་། དཔེ་མཚོན་ཅན་གྱི་བཙན་པོའི་དུས་སྐབས་ཀྱི་དུར་ས་རེད། དུར་ཁྲོད་ནས་ཐོན་པའི་མགོ་རྒྱན་ཆ་ཚང་ཞིག་དང་། དུར་ས་དེར་སྔ་མོ་ནས་ཐོན་པའི་རྣམ་པ་མི་འདྲ་བའི་གསེར་གྱི་རྒྱན་ཆ་དང་མཛུབ་དཀྲིས་སོགས་ཤུལ་བཞག་དངོས་རྫས་ཡོད་ཅིང་། དེས་བཙན་པོའི་དུས་སྐབས་ཀྱི་རྒྱན་ཆ་ཞིབ་འཇུག་བྱེད་པར་རྩ་ཆེའི་དངོས་པོའི་དཔྱད་གཞི་མཁོ་འདོན་བྱས་ཡོད། 
    “མིག་སྔར། བོད་ལྗོངས་ནང་ཁོངས་ནས་གསར་རྙེད་དང་བསྔོགས་འདོན་བྱུང་བའི་བཙན་པོའི་དུས་སྐབས་ཀྱི་བང་སོའི་ཁ་གྲངས་ལ་ཚད་ཡོད་པ་རེད།”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ཀྱིས་བཤད། “    ན་ལུང་བང་སོ་གསར་རྙེད་དང་ཆ་ཚང་གནས་སྤར་བ་དེས་བཙན་པོའི་དུས་སྐབས་ཀྱི་སྤྱི་ཚོགས་གྲུབ་ཚུལ་དང་། འདས་མཆོད་གོམས་སྲོལ། གནའ་རྫས་རིག་པའི་རིག་གནས། དེ་བཞིན་དུ་བོད་ལྗོངས་གནའ་རྫས་རིག་པའི་རིག་གནས་དུས་ཚོད་བར་སྟོང་གི་‘སྒྲོམ་གཞི’བསྐྲུན་པ་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད། ”(http://tibet.people.com.cn/15832379.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1