དེའང་བདག་གི་སྔོན་ནས་སྡེ་དགེའི་ཆོས་རྒྱལ་རིམ་བྱོན་གྱི་ཟོ་དོར་ཡུལ་ལྷ་ཆེན་པོ་འབྲི་རྒྱལ་གཉན་ལྡང་རྡོ་རྗེ་བློ་གྲོས་སུ་གྲགས་པའི་རི་ལ་སློབ་དཔོན་གྱི་སྒྲུབ་གནས་ཆེས་ངོ་མཚར་བ་དག་ཡོད་པར་གོ་ཐོས་མྱོང་ཀྱང་། བར་ལམ་འཁོར་བའི་ལས་ཀྱིས་གཡེངས་ནས་གནས་མཇལ་དུ་འགྲོ་རྒྱུ་མ་གྲུབ། གནས་མཆོག་དེ་ནི་འབྲི་ཀླུང་གསེར་ལྡན་གྱི་འགྲམ་ངོགས། སྡེ་དགེ་ལྷུན་གྲུབ་སྟེང་གི་ནུབ་ངོས། ད་ལྟ་སྡེ་དགེ་རྫོང་དབོན་པོ་སྟོད་ཤང་གཤིས་པ་གྲོང་སྡེ་དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་སྐྱོང་བའི་ཡེ་ན་བཀྲ་ཤིས་ལྷ་རྩེ་ཞེས་པའི་དགོན་རྙིང་དེ་དང་རི་རྒྱུད་གཅིག་ཏུ་ཆགས་ལ། དེའི་དཔངས་རྒྱ་མཚོ་ངོས་ནས་རྨིད་༣༡༣༢་ཡོད།སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༧་པའི་ཚེས་༡༤་ཉིན།སྔོན་ནས་འབྲེལ་འདྲིས་ཆེ་བའིགྲོགས་མཆོག་དམ་པ་བཀྲ་ཤིས་དཔལ་འབྱོར་ལགས་དང་མཉམ་དུ་འབྲི་གཉན་ལྡང་བསྐོར་བའི་སྐལ་བཟང་བྱུང་། མི་འགྱུར་རྡོ་རྗེས་མཛད་པའི་གནས་ཡིག་རྙིང་པ་ལས། ༄༅། །གུ་རུ་དྷེཝ་ཌཱཀྐི་ནི་སིདྡྷི་ཧཱུྃཿ དེ་ཡང་བོད་ཡུལ་དུ་གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས། དེ་དག་རེ་རེ་ལ་ཡང་གནས་འདྲ་དང་གནས་ལག་གྲངས་མེད་པ་ཞིག་ཡོད་པར་བཤད་དེ། གཤིན་རྗེ་གཤེད་གསལ་ཤིང་གི་རྒྱུད་ལས། ཉི་ཤུ་རྩ་བཞི་གནས་ཀྱི་མཆོག །ཉི་མ་བྱང་ཤར་མཚམས་ཤིག་ནས། །འདི་ནས་རི་བོ་བཅུ་གསུམ་འདས་པ་ན། །གངས་རིས་བསྐོར་བའི་ར་བ་ན། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གནས། །ཞེས་དང་། །དུར་ཁྲོད་མངོན་འབྱུང་གི་རྒྱུད་ལས་ཀུན་དགའ་གཞོན་ནུའི་གྲོང་ཁྱེར་ནས། །བདེར་གཤེགས་ཞི་ཁྲོའི་ཕོ་བྲང་ནས། །ཞེས་དང་། །བླ་མ་དགོངས་པ་འདུས་པའི་ཆོས་ཚན་ལུང་བསྟན་བཀའ་རྒྱ་མ་ལས། གཞན་ཡང་དར་རི་དང་། རྫའི་ཟོམ་དང་།ལུང་པའི་སུལ་དང་། ལུང་ཕུག་ལ་སོགས་པ་འབྲོག་ལུང་གབ་གནས་བསམ་གྱིས་མི་ཁྱབ་པ་བྱིན་གྱིས་བརླབས་ནས་ཡོད་དོ། །ཞེས་གསུངས་པ་ལྟར། འབྲི་གཉན་གདོང་གི་གནས་ལག་ཅུང་ཟད་གཅིག་གི་གནས་ཡིག་ཐོར་བུ་རེ་འབྲི་དབང་དུ་སོང་ན། བདག་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཞེས་གོང་གི་གཏེར་རྙིང་དུ་མ་ནས་ལུང་བསྟན་ཞིང་ཡོངས་སུ་གྲགས་པ་དེས་ཆུ་ཡོས་སྤྲེལ་ཟླའི་ཚེས་བདུན་གྱི་དུས་སུ། སྔོན་གྱི་དམ་ཚིག་དང་རྟེན་འབྲེལ་འཛོམས་པའི་རིམ་པར་ངོ་སྤྲོད་པ་ནི། རི་དབང་རྒྱལ་པོ་སྤུན་དགུའི་ཡ་གྱལ་གཞན་དང་མི་འདྲ་ཀུན་ལས་གཞན་པའི་གནས་འདི་ལ། རི་སྣ་བརྒྱ་དང་རྩ་བརྒྱད། ལུང་པ་བརྒྱ་དང་རྩ་བརྒྱད། གོང་དུ་རི་སྣ་གསུམ་ཡོད་པ་ནི་རིགས་གསུམ་མགོན་པོའི་མཚོན་བྱེད་ཡིན། མི་འགྱུར་བའི་རྟགས་ལ། མདུན་དུ་བྱང་ཆུབ་མཆོད་རྟེན་རང་བྱོན་ཡོད། ལང་གྲོ་དཀོན་མཆོག་འབྱུང་གནས་ཞབས་རྗེས་ཡོད། རི་དྭགས་བསེའི་གཟུགས་རང་བྱོན། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཞབས་རྗེས། དྲན་པ་ནམ་མཁའི་ཞབས་རྗེས། དུང་གི་རུས་སྦལ་རང་བྱོན། གསེར་གྱི་མཆོད་རྟེན་རང་བྱོན། ཡི་གེ་ཨ་རང་བྱོན། ཚེ་དཔག་མེད་སྐུ་རང་བྱོན། རྟ་ཕག་ཡབ་ཡུམ་སྐུ་རང་བྱོན། གླང་ཆེན་རང་བྱོན། ཨ་རང་བྱོན། དུང་ཁྱི་དཀར་པོ་རང་བྱོན། འཆོང་གི་དུང་རང་བྱོན། བར་དོའི་གཡང་ས། རྡོ་བ་ལན་ཧ་རུ། བདེ་མཆོག་སྐུ་གཟུགས་རང་བྱོན། བུམ་པ་རང་བྱོན། རྡོ་རྗེ་ཕག་མོའི་སྐུ་གསལ་བ། དུང་གི་མཆོད་རྟེན་མ་ཧཱ་ས་རང་བྱོན། ཨོ་རྒྱན་རིན་པོ་ཆེའི་སྐུ་རང་བྱོན། བྲམ་ཟེ་མཆོག་སྲེད་ཀྱི་སྐུ་རང་བྱོན། དུང་གི་པདྨ་རང་བྱོན། སྐུ་གསུང་ཐུགས་མཚོན་པའི་བརྡར་རྡོ་འབུར་གསུམ། འཆོང་གི་རིང་བསྲེལ། ཁྲོ་བོ་ཆེན་པོའི་ཞལ། རྡོ་གནས་པ་ཐམས་ཅད་ཡར་ཕྱུར་བ་དང་། ཕྱིར་ཟབ་པའི་ཚུལ་ཅན་ལ། ཡབ་ཡུམ་ཐབས་ཤེས་མཚོན་པའི་རྡོ་རིང་གཉིས་ཀ་བའི་ཚུལ་དུ་ཡོད། རྡོ་རྗེ་འཆང་སྐུ་རང་བྱོན། རྣམ་པར་རྒྱལ་བའི་ཁང་བཟང་མཚོན་པ་ཡིན་ཞིང་། ཤ་ཟ་མཁའ་འགྲོ་ལོ་གྱོན་མའི་སྐུ་རང་བྱོན། བདུད་བཏུལ་བའི་མཆིན་པའི་ཚུལ། མར་མེ་མཛད་ཀྱི་སྐུ་རང་བྱོན། རིན་ཆེན་བྲག་རིའི་ངོས་ལ་དུང་གི་ཕྲ་བཏབ་པ། གཞན་དང་མི་འདྲ་བའི་རྡོ་འབུར་ལྔ་ནི།རྒྱལ་བ་རིགས་ལྔ་ཡིན། ཡིད་བཞིན་ནོར་བུ་རང་བྱོན། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞེངས་སྐུ་རང་བྱོན། རྡོ་ཡི་རིང་བསྲེལ་ནག་པོ་ལྔ། ཁྱུང་གཤོག་པ་བཀྲབ་པའི་ཚུལ། ཨོ་རྒྱན་པདྨས་བདུད་དེད་པས་ཕ་བོང་ལ་ཐིམ་པས་རྡོ་བརྒྱབ་པ། དུང་གི་གདུགས་ཆེན་རང་བྱོན། གུར་དྲག་ཕུར་ཤམ་ཅན་རང་བྱོན། དུང་གི་སྤུ་རི་རང་བྱོན། བྲག་ཕུག་མ་ར་ཏི་ཀའི་བཀོད་པ། རྒྱ་ནག་རི་བོ་རྩེ་ལྔའི་བཀོད་པ། ཤེལ་དང་དུང་གི་ཀ་བ། ཨོ་རྒྱན་པདྨས་ཆོས་གསུངས་ཚུལ་དང་མཁའ་འགྲོས་ཉན་ ཚུལ། ཐབས་ཤེས་ཟུང་འཇུག་མཚོན་བྱ། བར་དོའི་འཕྲང་དང་ཤལ་མ་ལིའི་སྡོང་པོ་དེ་ལ་སྨོན་ལམ་བཟང་པོ་ཐོབ། ལྕགས་ཀྱི་རྡོ་རྗེ་རང་བྱོན། གསེར་བུམ་དངུལ་བུམ་རང་བྱོན། རིན་ཆེན་སྣ་ལྔའི་ཕྲ་ཚོམ། ཡེ་ཤེས་མཚོ་རྒྱལ་རྫུ་འཕྲུལ་གྱིས་ཞབས་རྗེས། རུས་སྦལ་རང་བྱོན་རིང་བསྲེལ་གྱིས་མཚན་པ། ཡི་གེ་ཧཱུྃ་རང་བྱོན། དུང་གིས་ཕྱེ་མཆོད་རྟེན་ཡིད་བཞིན་ནོར་བུ་རང་བྱོན་སྣ་ལྔ། ཐུགས་ཀྱི་མཚོན་བྱེད་ལྕགས་ཀྱི་མཆོད་རྟེན། སྐུ་ཡི་མཚོན་བྱེད་དུང་གི་མཆོད་རྟེན། གསུང་གི་མཚོན་བྱེད་ཟངས་ཀྱི་མཆོད་རྟེན།རང་བྱུང་རྡོ་རྗེའི་རིང་བསྲེལ། ཨོ་རྒྱན་པདྨས་ཕྱག་གིས་གཅིར་བའི་རྗེས། ཚེ་འཕྲང་བར་དོའི་ལམ་དེ་རྣམས་བཞུགས།བསྐོར་ལམ་དུ། ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས་དང་། ལྷ་ལྕམ་མནྡ་ར་བའི་ཞབས་རྗེས་གསལ་བར་ཡོད། ཨོ་རྒྱན་རིན་པོ་ཆེས་ཉི་མ་འདེས་ནས་བཞུགས་མལ་ལ། སྣ་ནམ་ཡེ་ཤེས་ཀྱི་ཞབས་རྗེས་ཉིས་བརྩེགས། དུང་བྲག་དཀར་པོ་ཤེལ་གྱི་མཆོད་རྟེན། གནས་དག་པ་ཤྲཱི་བཀོད་པ། དེ་གཉིས་མཚམས་སུ་མཁའ་འགྲོ་དང་ཞི་བ་འཚོའི་ཞབས་རྗེས་ཨས་མཚན་པ་ཡོད། ཨོ་རྒྱན་རིན་པོ་ཆེའི་ཕྱག་མཁར་བཙུགས་རྗེས་རིང་བསྲེལ་གྱིས་མཚན་པ། ཕྱག་ན་རྡོ་རྗེའི་སྐུ་རང་བྱོན། ཨོ་རྒྱན་པདྨས་ཞབས་རྗེས། ཕ་ཝཾ་གབ་གནས་ཞེས་བྱ་བ་འདི་ལ་རང་བྱོན་མང་དུ་ཡོད་ཀྱང་། དྲང་སྲོང་ཀུན་ཏུ་རྒྱུས་སྨོན་ལམ་གྱི་སྟོབས་ཀྱིས་གནས་སྒོ་ཡང་མི་ཕྱེ་ལ་བསྐོར་བའི་ནང་དུ་བཙུད་མི་བཏུབ་པ། གཏེར་སྲུང་བྱ་རོག་ཡབ་ཡུམ་མཆུ་ཁྲག་གིས་བྱུག་ནས་བྱ་ར་མཛད་པའི་ཚུལ་ཡོད། རང་བྱུང་དག་པའི་མཆོད་རྟེན་ཡོད།བདུད་འདུལ་ལྕགས་ཀྱི་དགྲ་སྟ་ཡོད། ཕ་ཝཾ་ཆུའི་བུམ་པ་ཡོད། བདུད་སྡིག་ཆེན་བདུད་འཇོམས་ཆོས་ཀྱི་བརྩིགས་པས་མནན་ནས་ཡོད། དེ་ལས་ཚུ་རོལ་དུ་མཆོད་རྟེན་རྩ་གཅིག་རྩེ་ལྔ་བལྟས་ན་རྒྱང་ནས་གསལ་བ་ཡོད། གཉག་ཆེན་ཛྙཱ་ནའི་ཞབས་རྗེས་གསལ་བར་ཡོད། ངོ་མཚར་ལྟས་ཀྱི་བྱེ་བྲག་ལས། དཀར་པོ་དུང་གི་དགའ་འཁྱིལ་ཡོད། ཨོ་རྒྱན་རིན་པོ་ཆེ་འཕུར་ནས་བྱོན་པའི་སྐུ་རྗེས་ཡོད་དོ། །གནས་འདི་ཡང་འཇིག་རྟེན་མགོན་པོ་མཆོད་པའི་རྟེན་དམ་པ་ཡིན་པས་བསྐོར་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། རྒྱུད་ལས། འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་མཆོད་པ་བྱེད་པ་ནི། །སྐྱེ་བ་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱོད་པ་སྤྱད་པའིཚེ། །ཡིད་དང་ལྡན་པའི་བློ་གྲོས་ལྡན། །ཞེས་སོགས་མདོ་རྒྱུད་དུ་མར་གསུངས་པ་ལྟར། གནས་འདིའི་བསྐོར་ལམ་མ་ནོར་བར་བསྐོར་བ་བཅུ། བརྒྱ་ཕྱག་བཅུ། ཡིག་དྲུག་གང་ཐོན་རྣམས་བཟླས་ན་དུང་དང་ཕན་ཡོན་མཉམ་མོ། །ཞེས་གསུངས་པ་དང་ཁྱད་པར་གནས་འདུས་རྟ་ལོ་ནམ་ཤར་དང་། ལོ་རེའི་རྟ་ཟླ་བར་བསྐོར་བ་དང་ཕྱག་མཆོད་བྱས་ན་ཕན་ཡོན་དཔག་མེད་ཡོད་པ་གསུངས།གནས་འདི་ཡི་བཀོད་པ་ནི། དབེན་གནས་མཎྜལ་བཀོད་པ་འདྲ། སྡེ་དཔོན་མཚོ་ལ་དར་ཆགས་འདྲ། རྒྱ་ཤིང་ཤོག་སྐྱ་གཏོར་བ་འདྲ། གཙང་པོ་ཡོན་ཆབ་བཤམས་པ་འདྲ། བྲག་དཀར་སྐ་རགས་བཅིངས་པ་འདྲ། གཡས་རི་སྟག་མོ་ངར་བ་འདྲ། གཡོན་རི་གཟིག་མོ་འགྱིང་བ་འདྲ། རྒྱབ་རི་རིན་ཆེན་སྤུངས་པ་འདྲ། མདུན་རི་ མདུང་མོ་གཤིབ་པ་འདྲ། དེའུ་ལྷ་བཤོས་བཤམས་པ་འདྲ། ཆུ་མིག་མར་རྒྱན་བཏབས་པ་འདྲ། ཤུགས་པ་བྱ་རྒོད་སྤུངས་པ་འདྲ། གནས་མི་འགྱུར་བའི་རྟགས་བཞི་དང་རྟགས་འདྲ་བ་བཞི་སྟེ་བརྒྱད། སྒོ་སྲུང་ཁྲ་བོ་བཞི་དང་ཁྲ་མོ་བཞི་སྟེ་བརྒྱད། རྒྱབ་ཏུ་རྒོད་འབྲོང་གཉན་པོའི་ཕོ་ཉ་དང་། མདུན་དུ་ཕོ་ཉ་གསང་གཉན་བདུད་འདུལ། གཡས་སུ་སྟག་གཡག གཡོན་དུ་ར་སྤྲོམ་མཆེད་གསུམ་བཅས་སྲུང་མས་བསྐོར་བ་ལས་གཉན་ལྡང་གནས་ཕུག་ནང་དུ་རྟེན་རང་བྱོན་གོང་ཞུས་ལྟར་གནས་བཤད་རྙིང་པ་ལས་གསུངསསོ།། །།