༄༅།།བོད་ལུགས་གསོ་རིག་ལས་བདེ་སྲུང་ཤེས་བྱ་ཁག་མང་ཚོགས་ལ་གསལ་འགྲེལ་བྱ་རྒྱུ་ནི་སྨན་པ་ནས་འགོ་རྩོམ་དགོས་ལུགས།

རྩོམ་པ་པོ། རིན་ཆེན་ཚེ་དབང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་ས་ཚུགས་དྲ་བ། སྤེལ་དུས། 12-22


སྨན་བླ་གཉིས་པ་ཡོན་ཏན་མགོན་པོ་དང་། །

   བྱང་ཟུར་རྣམ་གཉིས་འཕྲིན་ལས་སྐྱོང་བའི་རྒྱུད། །

   གཞུང་དང་ལག་ལེན་མ་ལུས་གསལ་མཛད་པས། །

    གསོ་རིག་བསྟན་པ་ཕྱོགས་མཐར་ཁྱབ་པར་ཤོགས། །

དྲང་སྲོང་རིག་པའི་ཡེ་ཤེས་ཡིད་ལས་སྐྱེས། །

       སྨན་བླ་སྐུ་གསུངས་ཐུགས་སྤྲུལ་མཛད་རྣམས་འདིས། །

གངས་ཅན་སྐྱེ་འགྲོ་ཀུན་གྱི་ཉོན་མོངས་སེལ། །

ཡིད་རང་དད་པའི་སྒོ་ནས་ཕྱག་འཚལ་ལོ། །

ནང་དོན་གནད་བསྡུས། སྐྱེ་བོ་སུ་ཞིག་ཡིན་ནའང་ཚེ་སྲོག་ལ་གཅེས་མཁན་དང་བདེ་ཐང་འདོད་མཁན་ཁོ་ན་ཡིན་པ་ནི་སྨོས་མི་དགོས་པ་ཞིག་རེད། ཡིན་ནའང་རང་རང་གི་ཚེ་སྲོག་ལ་གཅེས་སྤྲས་དང་བདེ་ཐང་ལ་དགའ་བ་ཙམ་གྱིས་མི་ཆོག་པར་རྣམ་ཀུན་གྱི་ཟས་སྤྱོད་སྤང་བླང་དང་གཙང་སྦྲ་འཕྲོད་སྟེན་ལ་སྣང་ཆེན་བྱེད་དགོས་ཤིང་སེམས་ཁམས་ཀྱི་བདེ་ཐང་ཐད་ལ་དེ་བས་གལ་ཆེན་བྱ་དགོས། དེ་ན་འཕྲོད་སྟེན་མི་སྣའམ་སྨན་པ་ཚོས་བདེ་ཐང་ཞེས་པ་ནི་སྨན་བཅོས་ཁོ་ན་མ་ཡིན་པར་དེ་ལས་གལ་ཆེ་འགངས་ཆེ་བ་ནི་བདེ་སྲུང་ཞེས་ཟས་སྤྱོད་དང་གཙང་སྦྲའི་ཐད་ཀྱི་ཤེས་བྱ་གང་མང་ཞིང་འབྲོག་མང་ཚོགས་རྣམས་ལ་གསལ་འགྲེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་དང་སྨན་པའི་འོས་འགན་ལྟ་བུར་མཐོང་བས་འདིར་གནད་དོན་དེའི་སྐོར་ནས་རང་གི་མྱོང་བ་མདོར་ཙམ་ཞིག་བརྗོད་པར་བྱ།

ས་བཅད་དང་པོ། འགྲོ་བ་མི་ལ་ཚེ་ཚད་རིང་དུ་འདོད་ཐབས་སྨན་པས་བསླབ་དགོས་པའི་སྐོར།

ཀ་དང་པོ། ཚེ་ཞེས་པའི་གོ་དོན་བཤད་པ།

སྔོན་བསགས་ལས་འབྲས་ཀྱི་ཤ་དང་ཁྲག་རུས་སོགས་ཀྱིས་གྲུབ་པའི་ཕུང་པོ་དེ་ལ་ལུས་སུ་གྲུབ་པ་གང་ཞིག་སྐྱེ་ནས་མ་ཤི་བར་དུ་དུས་ངེས་པ་ལ་ཚེ་ཞེས་བཏགས་ཏེ། དེའི་དུས་དང་དེའི་ཚེ་ཞེས་པ་ལྟར་རོ།། དེའི་བྱེད་ལས་ནི། སློབ་དཔོན་དབྱིག་གཉེན་གྱིས། སྲོག་ནི་ཚེ་ཡི་དྲོད་དང་ནི། ། རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་དང་། 《ཟླ་ཟེར》དུ། ལུས་དང་དབང་པོ་སེམས་ཅན་བདག །འདུས་པའི་གཞི་ཡི་འཚོ་བ་སྟེ། །རྟག་པར་འགྲོ་ཞིང་རྗེས་འབྲེལ་བ། །ཚེ་ཡི་རྣམས་གྲངས་ཡིན་པར་བཤད། དེས་ན་སྐྱེ་བ་འདི་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེའི་རྟེན་བཟང་པོ་ཐོབ་ཀྱང་ཚེ་འདི་ཙམ་གྱིས་ལྟོ་གོས་དང་འཇིག་རྟེན་ཆོས་བརྒྱད་ཁོ་ན་གཉེར་བ་ཙམ་གྱིས་ག་ལ་རུང་།

ཀ་གཉིས་པ། སྨན་པས་ཚེ་རིང་བ་ཐབས་ཆེད་སེམས་ཁམས་སྐོར་སློབ་གསོ་དོན་གཉེར་དགོས་པའི་སྐོར།

བདག་གཞན་སུ་ཡིན་རུང་ཚེ་ཚད་དེ་ག་ཚོད་ཡིན་ན་རིང་དུ་གནས་པའི་རེ་བ་འཆང་གི་ཡོད་པ་ནི་སྨོས་ཅི་དགོས། ཡིན་ནའང་དེ་ནི་དོན་དངོས་སུ་རང་ལ་རག་ལས་མིན་དེ་སྐྱེ་བོ་ཕལ་མོ་ཆེས་མི་ཤེས་པའམ་འགའ་ཞིག་གིས་ཤེས་ཀྱང་དཔལ་འབྱོར་ལ་ཆེད་སྲེད་པའི་དབང་གིས་ཆོག་ཤེས་ཀྱི་ཚོད་འཛིན་མ་ཐུབ་པའི་རྐྱེན་གྱིས་ཕྱིའི་དངོས་པོ་རང་དུ་བསམ་བློ་བཏང་དྲགས་ནས་ཡིད་མི་བདེ་བ་ལས་ནད་ཕོག་པ་རེད། དེ་ཡང་རྒྱུད་ལས། ལས་ངན་བག་ཆགས་རྒྱུན་ཁྲིགས་བསགས་པ་ཡིས། ། འཁོར་བའི་ཁ་བརྒྱུད་ལས་ངན་སྣ་ཚོགས་བླངས། །དེ་ཕྱིར་ལས་དང་ཉེས་པ་ལས་བྱུང་བའི། །བཞི་བརྒྱ་རྩ་བཞིའི་ནད་དུ་གྲགས་པ་ཡིས། །བདེ་བའི་བར་གོ་སྐབས་མེད་པས་ལུས་སེམས་གདུངས། ཞེས་གསུངས་སོ།། ལུས་ཀྱི་ན་ཚ་ཐམས་ཅད་འབྱུང་ཁུངས་འཁྲུལ་བའི་རྣམ་རྟོག་ཡིན་པ་ནི་སྨོས་ཅི་དགོས། ཇོ་བོ་ཨ་ཏི་ཤས། བྱང་ཆུབ་ལམ་སྒྲོན་ནང་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་པར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་པ། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །འདྲ་མིན་གཞན་དག་ལ་རེ་བ་དང་། །ཞེས་གསུངས་ཡོད། མི་སུ་ཡིན་ཡང་འདོད་ཆགས་ཞེ་སྡང་གི་འཛིན་སྟངས་ཤུགས་ཆེ་དྲགས་ཚེ་ལུས་སེམས་བདེ་ཐང་མི་ཡོང་བ་རེད། དཔེར་ན། ཁྱོད་རང་གཞན་པའི་མི་དང་ཁ་མཆུ་བྱུང་ན་ཉིན་མང་པོ་ཞིག་ལ་ཁོང་ཁྲོ་ལངས་སྲིད་པ་དང་། ཐ་ན་མཚན་མོ་གཉིད་ཀྱང་མི་ཁུག  ཡིན་ཡང་སྨན་པས་སེམས་ཁམས་སྙོམས་སྒྲིག་དེ་དུས་རྒྱུན་སློབ་གསོ་བཏང་ན་ནད་མི་སློང་བའི་ཕན་འབྲས་ཐོན་གྱི་ཡོད་དེ། རྒྱ་ཡུལ་གྱི་སློབ་དཔོན་ཆེན་མོ་ཀྲི་ཀྲིག་གིས། རང་སེམས་ལེགས་པར་དུལ་བ་ཡིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཞི། །ཞེས་གསུངས་པ་དང་། མཉམ་མེད་ཐུབ་པའི་དབང་པོས། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ།ཞེས་གསུངས་པ་ལྟར་དེང་སང་འགྲན་རྩོད་སྤྱི་ཚོགས་ཀྱི་ཁྲོད་དུ་ཕྱིར་དངོས་པོའི་དཔལ་འབྱོར་ཐད་ཡར་རྒྱས་གཏོང་ཐབས་རང་ལ་དམིགས་ནས་ནང་སེམས་ཁམས་མི་སྙོམས་པའི་རྐྱེན་གྱིས་སེམས་ཀྱི་སྡུག་བསྔལ་ཚད་མེད་མྱང་བའི་འགྲོ་བ་མི་ལ་སྨན་པས་གཞན་གཅེས་པའི་བློ་སེམས་གཙོ་བོར་འཛིན་ནས། རང་རྒྱུད་ལ་ཡོད་ པའི་བདག་མེད་དོན་མ་རྟོགས་པ་མ་རིག་བྱ་བ་དེ་ཉིན་རེ་བཞིན་འབྲི་བའི་ཐབས་སྟོན་ནས་སེམས་ཅན་གཞན་གྱི་ལུས་ལས་སེམས་ཁམས་སྙོམས་སྒྲིག་དགོས་པ་གལ་ཆེའོ། །གང་ཞེ་ན། ནུབ་ཕྱོགས་མི་རིགས་ཕལ་ཆེ་ཤོས་ཀྱིས་གསུངས་པ་ལྟར་ན། སྐུ་ཉིད་དགུང་ལོ་བརྒྱ་སོན་པའི་རེ་བ་ཡོད་ན། ནོ་པེར་གསོ་རིག་བྱ་དགའ་ཐོབ་མཁན་གྱི་དྲུང་ནས་ཚེ་རིང་པོ་ཡོང་བའི་གདམས་ངག་བཀའ་འདྲི་ཞུ་ཆོག་ཅེས་སོ། དེའི་ཕྱིར་ང་ཚོའི་བོད་ཀྱི་གསོ་རིག་ཏུ་ཚེ་རིང་བའི་ཐབས་ལམ་རྒྱས་བསྡུས་ཚད་མེད་བསྟན་ཡོད་པ་རྣམས་སྨན་པས་ལག་ཏུ་ལེན་ནས་དུས་ནམ་ཡང་འགྲོ་བ་མི་ལ་བསླབ་ན་ནམ་ཞིག་ཚེ་རིང་བར་འདོད་ན་བོད་ཀྱི་སྨན་པའི་མདུན་ནས་གདམས་ངག་ཞུས་ཟེར་སྐྱེ་འགྲོ་ཀུན་གྱིས་བཤད་ཐག་གཅོད་རེད། དབྱིན་ཇིའི་ཞིབ་འཇུག་འབྲས་བུ་ཞིག་ལས་གསལ་བར། ནོ་པེར་བྱ་དགའ་ཐོབ་པ་མང་ཆེ་བ་ཚེ་རིང་པོ་ཡོད་ཅིང་། ཆ་སྙོམས་ཚེ་ཚད་ལོ77ཟིན་གྱི་ཡོད་པ་དེ་གྲགས་ཅན་ཚན་རིག་མཁས་ཅན་གཞན་དག་ལས་ལོ་གཅིག་ལྷག་གིས་ཚེ་རིང་བ་ཡོད་གསུངས་སོ།། ཨ་རིའི《ཀློག་པ་པོའི》དུས་དེབ་ནང་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ2009ལོའི་ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་མཁན། པུར་ལེན་དང་ཧྲོ་སི་ཐ་ཁེས། མི་ཚེ་རིང་པོ་ཡོང་བ་བྱེད་པའི་བསླབ་བྱའི་གདམས་ངག་ཕྱོགས་བསྡོམ་གནང་བ་གཤམ་གསལ། ནད་མེད་ཚེ་རིང་ ཡོང་བའི་གདམས་ངག་འགའ་ཡོད་ཀྱང་དང་པོ། བློ་བདེ་བག་ཕེབས་དང་ཕུག་བསམ་ལྡན་པའི་སྒོ་ནས་མི་ཚེ་བསྐྱལ་རྒྱུ་དེ་ཡིན། ཞེས་སོ།། འཕྲོད་བསྟེན་པུའི་བདེ་སྲུང་རིགས་གཅིག་མཁས་པ་ཧུང་ཧྲའོ་ཀོང་གིས། གལ་ཏེ་ཁྱེད་ཉིད་ལོ་བརྒྱ་ལྷག་སོན་པ་བྱེད་དགོས་ན་སེམས་མཐའ་གཉིས་སུ་མ་ལྷུང་བར་དོ་མཉམ་ཡོང་བ་བྱེད་དགོས་། དེ་ཡང་ནད་མེད་ཚེ་རིང་ཡོང་བའི་རྒྱུ་རྐྱེན་ནང་སེམས་ཁམས་ནུས་པས་བརྒྱ་ཆའི50ཟིན་པ་དང་། ལུགས་མཐུན་གྱི་ཟས་སྤྱོད་སྟེན་སྟངས་ཀྱིས་བརྒྱ་ཆའི25ཟིན་པ། རྒྱུ་རྐྱེན་གཞན་དག་གིས་བརྒྱ་ཆའི25ཟིན་གྱི་ཡོད་ཅེས་གསུངས་པ་དང་། མཁས་པ་ཀྲང་འུན་ཐན་གྱིས། མི་ཚེ་ལ་སྙིང་པོ་འདོད་ན་ཚེ་སྲོག་སྤེལ་རྒྱུ་ལས་མ་འདས། དགའ་སྐྱིད་ནི་ཚེ་སྲོག་སྤེལ་བའི་ཐབས་མཆོག་ཡིན་ཞེས་གསུངས་ཡོད། ནད་མེད་ཚེ་རིང་ཡོང་བའི་བསླབ་བྱ་གཙོ་བོ་ནི་གསོ་བ་རིག་པ་སྦྱང་མཁན་གྱིས་འཕྲོད་བསྟེན་སློབ་གསོ་ཁྱབ་བསྒྲགས་དང་སེམས་ཁམས་སྙོམས་སྒྲིག་གིས་ནད་མེད་པའི་ཐབས་ཤེས་པར་བྱ་བ་དང་། སེམས་ཅན་སྣ་ཚོགས་ཀྱི་ནད་སྣ་ཚོགས་ཞི་བར་བྱས་ཏེ་ལུས་སེམས་གཉིས་ཀ་གསོ་བར་བྱེད་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པས་ནད་ཅན་ནད་མེད་གང་ཞིག་ལ་སེམས་ཀྱི་འཁྱེར་སོ་ལེགས་པོ་ཞིག་དགོས་ལུགས་དང་། དངོས་པོའི་དཔལ་ཡོན་ལ་ཆོག་ཤེས་ཚུལ་ལྡན་ངང་འཚོ་བའི་རིན་ཐང་ངམ་མི་ཚེ་རིན་ཐང་ལ་ལམ་སྟོན་དགོས། རྒྱུད་ལས། ཆོག་ཤེས་གྱུར་ན་རང་གཞན་ཕན་ཐོག་འགྱུར།ཞེས་པའི་གདམས་ངག་དེ་དང་། ཐོག་མར་སྨན་པ་རང་གིས་ཉམས་སུ་ལེན་ནས་མཐར་བདག་གཞན་གཉིས་ཀའི་རང་སྲོག་འཚོ་བའི་ཐབས་ལམ་ལས་ཐོག་མར་སེམས་གཙོ་ཆེ་བའི་རང་གིས་རང་ལ་དྲན་གསོ་དང་གཞན་ལ་སྐུལ་འདེད་གཏོང་དགོས། ཨ་རིའི་བུ་མེད་བདེ་སྲུང་ཞིབ་འཇུག་གིས་བུད་མེད་འབུམ་གཅིག་ལ་བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་གསལ། སྤྲོ་སྣང་ཅན་གྱི་མི་དག་དུས་མ་ཡིན་པར་འཆི་བའི་ཉེན་ཁ་དེ་སྐྱོ་སྣང་ཅན་གྱི་མི་ལས་བརྒྱ་ཆའི14ཡིས་ཆུང་བ་ཡོད་གསུངས་སོ།། སྤྲོ་སྣང་ལྡན་དགོས་ན་ཆོག་ཤེས་དགོས་ལ་རང་གཞན་བདེ་སྡུག་ལ་བསམ་གཞིགས་དང་ངོས་འཛིན་གང་ལེགས་བྱས་ནས་ཕྱི་ཚུལ་ཙམ་ཡིན་པར་ནང་སེམས་ཀྱི་བདེ་སྐྱིད་ལ་བརྩོན་པར་བྱ།

ཀ་གསུམ་པ། བོད་ལུགས་གསོ་རིག་ནང་སེམས་དང་ལུས་གཉིས་གསོ་བའི་དམིགས་གསལ་ཁྱད་ཆོས་ལྡན་པའི་སྐོར།

བོད་ཀྱི་གསོ་བ་རིག་པ་ནི་ལོ་ངོ་སྟོང་ཕྲག་གི་སྔོན་དུ་སེམས་དང་ལུས་གཉིས་ཀའི་ནད་ཞི་བར་བྱ་ཐབས་དང་ལུས་ངག་ཡིད་གསུམ་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་དང་འཇིག་རྟེན་འཚོ་བ་དངོས་ཀྱི་ལག་ལེན་དང་ཉམས་མྱོང་གི་ཕྱོགས་བསྡོམས་ཤིག་ཡིན་སྟབས། རྗེ་ཟུར་མཁར་པས། ཁོ་བོ་སྒྱུ་ལུས་སྙོམས་པའི་གྲོང་ཁྱེར་ན། །རྟོགས་པ་སེམས་ཀྱི་ངོ་བོའི་སྨན་པ་དང་། །སེམས་བྱུང་རྣམ་པར་རྟོགཔའི་སྨན་པ་གཉིས་ཡོད་པས།ཞེས་གསུངས་པ་དང་།  རྒྱུད་ལས། ཚེ་ཟད་རྒས་པའི་ནད་ལས་བསྲིང་བ་ནི། །བཅུད་ལེན་ཕན་ཡོན་གནས་རྟེན་བྱ་ཐབས་ བཞི། །ཕན་ཡོན་ཚེ་རིང་ནར་ཚོད་དར་ལ་འཇོགས། །ལུས་མདངས་སྟོབས་སྐྱེད་དབང་པོ་གསལ་བར་བྱེད། གསུངས་པ་ལྟར། གཞུང་ལུགས་དང་ལག་ལེན་ཆ་ཚང་བའི་རྗེས་འཛིན་གྱི་རིག་པ་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་མ་ཟད། སྨན་སྦྱོར་ཚན་རིག་དང་མཐུན་ཞིང་ཚེའི་རིག་བྱེད་མགོ་རྩོམ་ནས་སྐྱེ་འགྲོ་མཐའ་དག་ལ་གང་ལ་གང་དགོས་ཀྱི་འདོད་དོན་ཐམས་ཅད་འབྱུང་བ་ཞེས་བྱ་བ་མིང་དོན་མཚུངས་པའོ།།

ས་བཅད་གཉིས་པ། སྨན་པས་ཟས་སྤྱོད་སྨན་དཔྱད་གོ་རིམས་ངེས་པར་འཛིན་དགོས་ཚུལ་སྐོར།

ཀ་དང་པོ། ཟས་གཙོ་ཆེར་བཤད་པ།

ཆོས་དང་འཇིག་རྟེན་གྱི་ལས་ན་གང་ཞིག་བསྒྲུབས་ཀྱང་གཟུགས་པོ་བདེ་ཐང་ནི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་ཞིག་ཡིན་པས། རྗེ་གཡུ་ཐོག་པས། ཐོག་མར་ཉིད་ནས་བྱ་བ་སྤྱོད་ལམ་གནས་ལ་བསླབས་དགོས་པ་བསྟན་ཡོད་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པ་བསྟེན་བགྱི་སྟེ། ། རྒྱགས་ཕྱིར་མ་ལགས་མསྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། ཞེས་གསུངས་སོ། དེ་ཕྱིར་ཟས་སྤྱོད་སྤང་བླང་ནི་མི་བདེ་ཐང་གི་རྒྱུ་རྩ་བ་ཡིན་ལ་ནད་འགོག་གི་ནུས་པའི་ཐབས་ལམ་གལ་ཆེ་ཞིག་ཡིན་ནོ།། རྒྱུད་ལས། ཟས་སྐོམ་བསྡམ་བྱ་དུག་ལྡན་མི་འཕྲོད་ཟས། དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། ཞེས་དང་། མེ་ཞལ་ལས། ཟས་ལ་ལེགས་ན་གནོད་བྱ་འཕེལ་བའི་བདག་ཉིད་དང་། ཟས་ཉེས་ན་གནོད་བྱ་འཇོམས་པའི་བདག་ཉིད་ཡིན་ནོ།། གསུངས་སོ།། གལ་ཏེ་མངལ་སྐྱེས་ཁམས་དྲུག་ལྡན་གྱི་སྐྱེ་བུ་གང་ཞིག་ཐ་མལ་ནད་ཀྱིས་མནར་ཚེ་ཕྱི་རོལ་ནས་བདེ་བའི་ཆ་རྐྱེན་ཇི་ལྟར་བསྐྲུན་ཀྱང་སྐྱེ་བུ་དེ་ཉིད་ལ་བདེ་བའི་གོ་སྐབས་མི་འབྱུང་ཞིང་། ལྷག་པར་ནད་ཀྱིས་མནར་བའི་མི་དག་གིས་ལས་གང་ཞིག་བསྒྲུབས་ཀྱང་མཐུའམ་ནུས་པ་ཆུང་བར་གྱུར་པ་སྟེ། རྒྱ་སྲས་ཞི་བ་ལྷས། ནད་ཀྱི་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་དོ། །ཞེས་གསུངས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས། ལུས་སེམས་བདེ་ཐང་ཡིན་མིན་གྱི་ཚད་གཞི་ཁག་བརྒྱད་ཙམ་བཏོན་ཡོད་པ་སྟེ། དེ་རིང་སྐབས་བབས་དང་དུས་ཚོད་ཀྱི་དབང་གིས་གསུམ་ལས་བསྟན་མེད། ༡ ཟས་ཀྱི་དང་ག་བདེ་བ། ཟས་ཀྱི་དང་ག་བདེ་ན་བྲོ་བ་ལེགས་ཉེས་ལ་མ་བལྟོས་པའི་ཟས་ཚང་མ་ཟ་ཐུབ་ཀྱི་ཡོད་པས་དེའི་ཐོག་ནས་དོན་ལྔ་སྣོད་དྲུག་གི་ནུས་པ་ལེགས་པོ་ཡོད་པ་མཚོན་ཐུབ། ༢ བཙོག་གཅིན་བདེ་བླག་ངང་གཏོང་ཐུབ་པ། དེ་ཡང་བཙོག་གཅིན་བཏང་རྗེས་ལྷུག་ཤིག་ཤིག་གི་ཚོར་སྣང་བྱུང་ཚེཕོ་བ་དང་རྒྱུ་མའི་ནུས་པ་ལེགས་པོ་ཡོད་པ་མཚོན་ཐུབ། ༣ གཉིད་དུ་ཡུར་བདེ་བ། དེ་ཡང་ཆོས་ཉིད་རང་བཞིན་ལྡན་པའི་ངང་གཉིད་ཡུར་བ་དང་། དགོང་མོ་སྔས་མགོའི་ཐོག་མགོ་མགོབཞག་མ་ཐག་གཉིད་དུ་ཡུར་བ་མ་ཟད། གཉིད་ཡག་པོ་ཁུག་ཐུབ་ཅིང་། གཉིད་སངས་རྗེས་རིག་པ་དངས་གསལ་ཡིན་ན་དབང་རྩའི་མ་ལག་གི་ནུས་པ་ལེགས་པོ་ཡིན་པ་མཚོན་ཐུབ་ལ། ལུས་པོའི་ནང་ཁྲོལ་ཁག་གིས་གཙོ་གདོམས་དབང་རྩའི་མ་ལག་ལ་འགོག་རྐྱེན་བཟོས་མེད་པ་ཡང་མཚོན་ཐུབ། ཅེས་གསུངས་པ་དང་། གཉིད་ནི་རྒྱུན་མཐོང་ངལ་གསོ་བྱེད་ཐབས་ཤིག་ཡིན། གཉིད་ལ་གོ་རིམས་ཞིག་དགོས་པ་ལས། གཉིད་ཡུན་རིང་དྲགས་ན་ཤེས་པ་ཐམ་ཐོམ་དུ་གཏོང་ངེས་པ་དང་། ཡུན་ཐུང་དྲགས་ན་ལུས་སྟོབས་གསོ་མི་ཐུབ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ཉིན་ཞག་ཆ་གསུམ་ལས་ཆ་གཅིག་ཉལ་བར་བྱའོ།། ཞེས་དང་། ཨ་རི་སྙིང་ནད་ཆེད་ལས་སྒྲེ་བུ་སྒྲསDayd1996ལོ་ནས་མགོ་བརྩམས་ཏེ་ལོ40ནས80བར་ཕོ་མོ་ལ་གཏད་ནས། བཤེར་འཚོལ་དུ་ཁྲ་འབུམ་བརྒྱད་ཙམ་བཀྲམས་ཏེ། ལོ་གཉིས་ཀྱི་རྗེས་སུ་དབྱེ་འབྱེད་དང་ཞིབ་བསྡུས་བྱས་པ་ལྟར་གཉིད་ཆེ་བའི་མི་དག་ལ་གློ་བུར་དུ་སྙིང་ནད་དང་གྲིབ་ནད་འབྱུང་ཟེར་ཐག་བཅད་ཡོད།

ཀ་གཉིས་པ། ཟས་དང་སྤྱོད་ལམ་གཉིས་ནི་ནད་མེད་ཚེ་རིང་འདོད་ཐབས་གནད་འགག་གཙོ་ཆེར་ཡིན་པའི་སྐོར།

འགྲོ་དྲུག་གཙོ་བོར་གྱུར་པའི་མི་ལུས་འདི་མི་ན་བ་གནས་པར་བྱ་བ་དང་ན་བ་གསོ་བར་བྱ་བའི་ཐབས་ལམ་གཙོ་བོའི་འདི་གཉིས་ནི་རང་ཅག་བོད་ཀྱི་གསོ་བ་རིག་པའི་གཞུང་གི་དགོངས་དོན་སྙིང་པོ་ཞིག་སྟེ། རྒྱུད་ལས། མི་ན་བ་གནས་པར་བྱ་བ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གི་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། ཞེས་གསུངས་སོ། ། དེ་ནི་བོད་ལུགས་སྨན་དོན་པ་ཞིག་གི་ངོས་ནས་མཚོན་ན་རྗེ་བཙུན་གཡུ་ཐོག་པས་བསྩལ་བའི་ལས་འགན་ཞིག་དང་འགན་འཁྲི་ཞིག་ཀྱང་ཡིན། དེ་ཕྱིར་ཟས་དང་སྤྱོད་ལམ་ནི་རིན་བྲལ་གྱི་ཚེ་སྲོག་རིང་ནས་རིང་དུ་བསྲིང་བའི་ཆ་རྐྱེན་ལེགས་ཤོས་ཡིན་པ་མ་ཟད་ལུས་སྲོག་འཚོ་བར་བྱེད་པའི་རྒྱུ་གཙོ་བོར་གྱུར་པ་ནི་ཅི་སྨོས། རྒྱུད་ལས། དང་པོ་མི་ན་གནས་པར་བྱ་བ་ནི། །ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླངས་ལས་བྱུང་། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། །དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། །ཞེས་གསུངས་སོ།། དེའི་ཕྱིར་ཟས་མི་མཐུན་པ་དང་སྤྱོད་ལམ་མི་མཐུན་པ་གཉིས་ཐོག་ མར་ཉིད་ནས་ནད་ཅན་ནད་མེད་གང་རུང་ཞིག་ལ་སྨན་པས་ལུགས་མཐུན་བཟའ་ བཏུང་གི་གོམ་གཤིས་འཇགས་ཐབས་ཀྱི་བསླབ་བྱ་བྱེད་དགོས། གང་ཞེ་ན། དེང་སང་གད་སྙིགས་ལྟ་བུའི་ཟས་རིགས་ལ་མི་མང་པོས་ཁ་འཛེམ་གྱི་མེད། འོ་ན་གད་སྙིགས་ལྟ་བུའི་ཟས་རིགས་ཞེས་པ་དེ་གང་འདྲ་ཞིག་ལ་གོ་དགོས་སམ་ཞེ་ན། ༡ ཚ་དྲོད་ལྡན་པ་ལས་འཚོ་བཅུད་གཞན་གང་ཡང་མེད་པའི་ཟས་རིགས་དང་། ༢ འཚོ་བཅུད་མིའི་གཟུགས་པོའི་དགོས་མཁོ་ལས་བརྒལ་བའི་ཟས་རིགས་ལ་གོ་དགོས། རང་རྒྱལ་དུ་གད་སྙིགས་ལྟ་བུའི་ཟས་རིགས་ནི་ཤིན་ཏུ་མང་བ་མ་ཚད་ཉིན་རེ་ནས་ཉིན་རེ་མང་དུ་འགྲོ་ཡི་ཡོད། གད་སྙིགས་ལྟ་བུ་ཟས་རིགས་ནི། རྒྱ་ཁོག་དང་། སྣུམ་སྲེག་ཟས་རིགས། ཚལ་བསྙལ་མ། ལས་སྣོན་བྱས་པའི་ཤ་རིགས་དང་། དེ་བཞིན་ཆུ་མངར་མོ་སོགས་ལྦུ་བ་ཡོད་པའི་བཏུང་བྱ་དང་། སྟབས་བདེའི་ཐུག་པ་བཅས་སོ།། ཧྲན་ཤི་ཞིང་ཆེན་མི་དམངས་སྨན་ཁང་གི་འཚོ་བཅུད་ཚན་ཁག་གི་ཀྲུའུ་རིན་ཀྲང་པིང་གིས། ད་ལྟ་མི་མང་པོས་ཞག་ཚིལ་ཉུང་བའི་ཟས་རིགས་བཟའ་རྒྱུའི་གོམས་གཤིས་འཇགས་གང་ཐུབ་དགོས། ཞེས་གསུངས་ཡོད། ཕྱི་རྒྱལ་གྱི་མཁས་པ་དག་གིས་ནད་སྔོན་འགོག་བྱེད་པ་ལས་ནད་ཕོག་རྗེས་སྨན་བཅོས་འབའ་ཞིག་སྒུག་མི་སྲིད། ཞེས་གསུངས་སོ།། དོན་དངོས་ཐོག་གད་སྙིགས་ལྟ་བུ་ཟས་རིགས་ནི་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་དགྲ་བོར་གྱུར་པ་དང་། ད་ལྟ་རྒྱལ་ཁབ་མང་པོས་ཞིག་གིས་བྱ་ཐབས་མང་པོ་བེད་སྤྱད་ནས་གད་སྙིགས་ལྟ་བུའི་ཟས་རིགས་ཀྱི་འཛད་སྤྱོད་པ་བྱིས་པའི་ཁྲོད་དང་འཕྲོད་བསྟེན་ཆ་རྐྱེན་ཞན་པའམ་འཕྲོད་བསྟེན་ཤེས་ཚད་དམའ་བའི་ས་ཁུལ་དུ་བདེ་ཐང་སྲུང་སྐྱོབ་གཙོ་བོ་བྱེད་བཞིན་ཡོད། ང་རང་ཚོ་བོད་ཁུལ་ནི་འཛམ་བུ་གླིང་ནང་ནས་འཕྲོད་བསྟེན་ཤེས་བྱའི་ཆུ་ཚད་དམའ་ཤོས་ཡིན་པ་ནི་བརྗོད་མི་དགོས། དེ་ཕྱིར་ཐོག་མ་ཉིད་ནས་བོད་སྨན་པས་འགན་འཁྲི་ཕྲག་ཏུ་འཁུར་ནས། ཟས་སྤྱོད་སྤང་བླང་རྣམས་སྦྱངས་བ་ཙམ་མིན་པར། ནད་ཅན་ནད་མེད་ཐམས་ཅད་ལ་ཞོར་དུ་བསླབས་དགོས་པ་གལ་ཆེའོ།།

ཀ་གསུམ་པ། གད་སྙིགས་ལྟ་བུའི་ཟས་རིགས་ཀྱིས་ནད་དངོས་སུ་སློང་བའི་རྒྱུ་མཚན་བཤད་པ།

དེང་སྐབས་འགྲོ་བ་མིའི་རིགས་ལ་ནད་འབྱུང་ཚད་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་ཆེ་ནི། རྒྱུན་དུ་མིའི་རིགས་ཀྱིས་ཟས་སྤྱོད་ཚུལ་བཞིན་མ་བསྟེན་པའམ། ཟས་གཡོ་བསྒྱུར་སྐོར་ལ་འཕྲོད་པའི་ཟས་དང་མི་འཕྲོད་པའི་ཟས་གཉིས་ཕན་ཚུལ་དབྱེ་འབྱེད་མ་ཤེས་པ་དང་། ཟས་དུས་ཐོག་ཏུ་མི་ཟ་བ་སོགས་ཀྱིས་ནད་སློང་བ་ནི། དེང་སང་མི་མང་དག་ཅིག་བྲེལ་གྱིས་རྐྱེན་པས་དབང་དང་། ཐོབ་གོ་སར་དགའ་ཆེ་བ་དང་། ཞོགས་ཉལ་ལ་དགའ་ཆེ་བའི་དབང་གིས་ཞོགས་ཟས་ཟ་ཁོམ་ཡོང་གི་མེད། དགོང་མོ་ཉལ་ནས་ཞོགས་པ་བར་དུས་ཆུ་ཚོད་བཅུ་ལྷག་ཙམ་ལ་ཆུ་དང་ཟས་གང་ཡང་མེད་པའི་དབང་གིས་མཁྲིས་རྒྱུ་ཕུང་གསོག་ཐེབས་ཀྱི་ཡོད་པ་མ་ཟད། ཞོགས་པའི་དུས་སྐབས་སུ་ཕོ་བའི་ནང་མཁྲིས་པ་འཇུ་བྱེད་ཀྱི་བྱེད་ལས་ཤུགས་ཆེ་བའི་སྒང་ཡིན་པ་མ་ཚད། དེ་ཕྱིར་ཕོ་བའི་རྫིམ་ཤིན་ཏུ་ནས་སྐམ་ཤས་ཆེ་བའི་རྐྱེན་གྱིས་ཕོ་བ་རྨ་ཚད་དང་། བད་ཀན་སེར་པོ་འམ། ཕོ་བ་སྨུག་པོའི་ནད་ན་མཁན་ཧ་ཅང་མང་ངོ་།། 《རྒྱལ་སྤྱིའི་གསོ་རིག་མཁས་པས་ཞིབ་འཇུག་བསྡོམ་ཚིག》ལས། ཞོགས་ཟས་མ་བཟས་ན་མཁྲིས་རྡོ་ཆགས་སླ་པོ་ཡོད་ཅེས་གསུངས་ཡོད་པ་དང་། རྟག་ཏུ་ཟ་ཁང་ནས་ཟ་དགའ་བའི་མི་རྣམས་དང་། མཐོན་པོ་དཔོན་ལ་དགའ་ཆེ་བའི་མི་དག་ཕྱི་ནས་མ་ཟ་ཐབས་མེད་ཡིན་སྟབས་གཅིན་སྙི་ཟ་ཁུའི་ནད་ཕོག་ཉེན་ཆེན་པོ་ཡོད། ཞིབ་འཇུག་མི་སྣས་དམིགས་ཚད་ཁག་ལ་ཕྱོགས་བསྡོམས་དང་འབྲེལ་དབྱེ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར། གལ་ཏེ་སྐྱེས་པས་གཟའ་འཁོར་རེར་ཕྱི་རོལ་དུ་ཟ་མ་ཟ་ཐེངས་བཞི་ལས་བརྒལ་ན་ཤ་རྒྱགས་པ་ཆགས་པ་དང་། ཁྲག་གི་མངར་ཆ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་སླ་པོ་ཡོད་ལ། གཅིན་སྙི་ཟ་ཁུའི་ནད་སོགས་ཕོག་པའི་ཉེན་ཁ་མི་གཞན་ལས་ལྡབ་གཅིག་ཙམ་གྱིས་ཆེ་བ་ཡོད་གསུངས་སོ།། དེའི་རྒྱུ་མཚན་ནི་རང་གི་མིག་ལམ་དུ་སྣེ་ཁ་འཛོམས་པོ་ཡོད་པ་ཙམ་གྱིས་དོན་དངོས་ཀྱིས་གྲུབ་ཆ་སྣང་མེད་ངང་སྤྲོ་བ་རབ་ཏུ་འཕེལ་སྐབས་འཚོ་བཅུད་ཀྱི་གྲུབ་ཆ་ལུགས་དང་མི་མཐུན་པར་ཚལ་ནང་གི་ཞག་ཚིལ་དང་། སྣུམ། སྤྲི་དཀར། མངར་ཆ། ཚ་སོགས་མིའི་གཟུགས་པོར་མཁོ་སྤྲོད་བྱ་རྒྱུ་མང་དྲགས་པས་རྐྱེན་གྱིས་གཅིན་སྙིའི་ནད་འབྱུང་ངོ་།། ཁ་ཆེ་ཕ་ལུ་ལས། འགྲོ་ཚོད་སྡོད་ཚོད་ཤོད་ཚོད་བྱེད་ཚོད་དང་། །སྐྱིད་པོ་བྱེད་ཚོད་སྡུག་པོའི་འཁུར་ཚོད་དང་། །ཞིམ་པོ་ཟ་ཚོད་འཇམ་པོ་གྱོན་ཚོད་རྣམས། །མི་ལ་ཚང་ན་མཁས་པའི་ཡང་རྩེ་ཡིན། ། གསུངས་པ་ལྟར། ཁ་ལ་བྲོ་བ་ཞིམ་པོ་ཞིག་བྱུང་མ་ཐག་ཟ་བ་དང་། དེང་སང་རྒྱ་ཁོག་ལྟ་བུ་རྟག་ཏུ་རྒྱས་སྤྲོས་ལོངས་སྤྱོད་ངང་བཟའ་བཏུང་བྲོ་བ་ཆེན་པོ་ཡོད་པ་ཙམ་གྱིས་ ཚང་མ་བཟས་ན་གོང་བཤད་ལྟར་མ་ཚད་ནད་སྡུག་པ་སྐྲན་ནད་ཅན་ཟས་ཉེས་པའི་དབང་གིས་འབྱུང་ངོ་།།

ས་བཅད་གསུམ་པ། སྨན་པ་རང་ཉིད་རྒྱུ་དང་མིང་ལ་དམིགས་པ་ཆེ་བས་རྒྱུད་ཀྱི་དགོངས་དོན་གོ་རིམས་འཁྲུགས་པ།

ཀ་དང་པོ། སྨན་པས་ཟས་ལས་སྨན་གཙོ་ཆེར་འཛིན་པའི་སྐྱོན་བཤད་པ།

སྤྱིར་བོད་ཀྱི་གསོ་བ་རིག་པ་ལས་ལོ་ངོ་སྟོང་ཁྲག་གི་སྔོན་དུ་སྨན་ནི་ལུས་ལ་གནོད་ནད་ལ་ཕན་ཞེས་གསུངས་ཡོད་པས་སྨན་མིང་འཛིན་པ་རྣམས་ཀྱིས་ཤེས་གསལ་རེད་ལ། དེང་སང་སྨན་པ་རྣམས་ཀྱིས་བསྡོམ་ཚིག་དེ་ལ་དཔྱད་ཞིབ་དང་དོ་སྣང་བྱེད་དགོས་པ་གལ་ཆེའི་རང་བཞིན་ཡིན་པ་ངོས་འཛིན་མཁན་ནི་ཉི་མོའི་སྐར་མ་ལྟར་སྣང་ངོ་།། གང་ཞེ་ན། སྨན་པ་རྣམས་ཀྱིས་རང་ཉིད་ཀྱི་མཚན་སྙན་གྲགས་ཆེད་དུ་ཆམ་པ་ཙམ་ཕོག་མཁན་ནད་པ་རྣམས་ལ་ལམ་སེང་རྩ་རྒྱུད་དུ་ཆུ་མདའ་རྒྱག་པ་དང་གཟེར་བཅག་སྨན་བཏང་བ་དེ་བཞིན་བོད་སྨན་བཟི་ཆེ་བའི་སྨན་རིགས། དཔེར་ན། བསམ་ཁྱུང་། ཉི་ཁྱུང་། སྤོས་ཁྱུང་། རུ་ཁྱུང་། སོ་ཁྱུང་། གྷ་ཁྱུང་། ཞེས་སྨན་ཤོག་གཅིག་ལ་ཁྱུང་ལྔ་བསྡེབས་པས་སྨན་གཉིས་ཙམ་བཏང་ནས་ནད་པའི་གནས་སྐབས་སུ་ན་ཟུག་བཅག་དུས་སྨན་པ་མཁས་པ་དང་བཀའ་དྲིན་ཅན་ཡིན་ཞེས་བརྗོད་ཚེ། སྨན་པ་རང་ཉིད་དེ་བས་ང་མཁས་པ་ཡིན་སྙམ་པའི་སྤོབས་པ་དེ་ཉིན་རེ་ནས་ཉིན་རེ་ཆེ་རུ་ཕྱིན་ནས་དུས་མ་ཡིན་པ་ལ་ཁྲག་གཏར་བ་དང་མེ་བཙའ་བཞག་པ་ནི་མིག་མཐོང་ལག་ཟིན་རེད། ཁྲག་ནི་ལུས་ཟུངས་བདུན་གྱི་ནང་ནས་གཙོ་ཆེ་བ་ཞིག་ཡིན་པ་མ་ཟད། མཁས་དབང་དགེ་ཆོས་ཀྱིས། ཟས་ཀྱི་དངས་མ་ཐིགས་པ་བདུན་ཙམ་གྱིས། མི་ཡི་ལུས་ཁྲག་ཐིག་གཅིག་ཙམ་འབྱུང་། ཞེས་པ་དང་། ཕྱི་རྒྱལ་མཁས་པ་པ་སི་ཏེས་ཀྱིས། ཚན་རིག་པ་ཞིག་གི་ངོས་ནས་བཤད་ན། འབྱུང་འགྱུར་གྱི་གཏམ་དོན་ལ་བསམ་གཞིགས་བྱ་དགོས་པ་ལས། གནས་སྐབས་ཀྱི་བསྟོད་པ་དང་སྨད་པ་གང་ཞིག་ལའང་བསམ་གཞིགས་བྱ་རིན་མེད་པ་ཞིག་རེད། ཞེས་གསུངས་པ་དང་། 《བཤེས་སྤྲིང》ལས། རང་དོན་འབད་པས་བསྒྲུབ་འདོད་ན། །དེ་ཡི་དང་པོར་གཞན་དོན་བསྒྲུབས། །རང་དོན་ཁོ་ན་གཙོར་བྱེད་པ། །དེ་ཡིས་རང་དོན་འགྲུབ་མི་སྲིད། །ཅེས་པའི་གདམ་ངག་དེ་རྣམས་སྣང་མེད་དུ་བཏང་རུང་ངམ། གང་ཞིག་ནད་ཅན་ཞིག་ལ་ངེས་པར་གཏར་དགོས་པ་བྱུང་ན་ཐོག་མར་ཟས་སྤྱོད་སྨན་གྱིས་ནད་ཀྱི་བསྡོང་ཟླ་ཞི་བའི་ཐབས་བསྟེན་ནས་མ་ཞི་ན་མཐར་དཔྱད་ལ་འཇུགས་དགོས། ཁྲག་གཏར་ཞེས་པ་དེ་གཏར་ཤེས་པ་ཙམ་གྱིས་ག་ལ་རུང་།

ཀ་གཉིས་པ། སྨན་པས་རྒྱུད་ཀྱི་དགོངས་དོན་གོ་རིམ་འཁྲུགས་པའི་མངོན་འགྱུར་བཤད་པ།

རྒྱུད་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དེ་ཕྱིར་ཟས་སྐོམ་སྦྱོར་མ་ མཁས་པ་གཅེས། ཞེས་དང་། རྗེ་སྒམ་པོ་པས། ཆོས་ཆོས་བཞིན་མ་བྱས་ན། ཆོས་ ཀྱིས་སླར་ངན་སོང་དུ་འགྲོ་བ་ཡོད། གསུངས་པ་དང་། 《བཅོམ་ལྡན་འདས་ཀྱིས་གསུངས་པའི་འཕགས་པ་ལྗོན་ཤིང་གི་མདོ》ལས། ང་ཡི་བསྟན་པ་ཟབ་མོ་འདི། །ང་མིན་ང་འདྲ་གཅིག་གིས་བཤིགས། གསུངས་པ་ལྟར། དེ་བཞིན་བོད་ཀྱི་གསོ་བ་རིག་པ་འདི་ཉམས་པ་སླར་གསོ་ཕར་བཞག མི་ཉམས་ཚུལ་གནས་དེ་ལ་མགོ་མཇུག་ལོག་ནས་ཉམས་པ་བྱས་པར་རྐྱེན་གཙོ་བོ་ནི་སྨན་པ་རྣམས་ཀྱིས་རྩ་ལ་རེག་ཙམ་དང་ཆུ་ལ་དཀྲུགས་ཙམ་གྱིས་ནད་འདི་རེད་འདི་མ་རེད་ཅེས་ཁ་དམར་གདགས་པའམ་གཏར་ག་དང་མེ་བཙའ་ཐོག་མར་ཉིད་ནས་ལག་ལེན་སྟར་བ་དང་། ཆམ་པ་ལ་རྒྱ་སྨན་གྱིས་མ་གཏོགས་བོད་སྨན་གྱིས་ཕན་གྱིན་མ་རེད་ཅེས་དང་། ད་རུང་ཀོང་པོ་ཁུལ་དུ་བོད་སྨན་ཁ་ཤས་མིང་རྣམས་མ་དག་རྒྱུད་འཇམས་བྲིས་པ། དཔེར་ན། བཅོ་ལྔ་དྲག་སྦྱོར་ལ་བཅོ་ལྔ་དྲག་པ་ཞེས་སོགས་པའི་སྨན་པ་རྣམས་ཀྱིས་རང་གི་མགོ་ལ་རང་གིས་རྡོ་བརྡུངས་ཀྱི་ཡོད།《ས་སྐྱ་གྲགས་པ་རྒྱ་མཚན་གྱིས་གསོ་དཔྱད་རྒྱལ་པོ་དཀོར་མཛོད》ལས། ནད་དང་སྨན་གཉིས་འདི་ཞེས་བྱ། །མི་སྨྲ་བ་ནི་དམ་ཚིག་ཡིན། །ཞེས་གསུངས་ཡོད་པ་དེ་དང་། རྗེ་ཟུར་མཁར་བས། ལག་འཇུ་མ་སྔ་ནད་ཀྱི་སྐད་ལ་དྲིས་ཞེས་དང་། རྗེ་གཡུ་ཐོག་པས། ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡིན། ཞེས་པའི་ཞལ་གདམས་དེ་ཚོ་དོན་མེད་དང་ཁུངས་མེད་ལུང་མེད་ངང་ནས་གསུངས་པ་ཡིན་ནམ།

ཀ་གསུམ་པ། སྨན་པས་ཟས་སྤྱོད་སྨན་གྱི་གོ་རིམ་འཁྲུགས་པའི་ལས་དེའི་རྐྱེན་བཤད་པ།

དེ་ཕྱིར་ཐོག་མར་ཉིད་ནས་དཔྱད་བྱེད་པ་དང་གཟེར་བཅག་སྨན་བཏང་བ་རྣམས་ནི་དོན་དུ་ལུས་ཀྱི་ནད་འགོག་ནུས་པ་དེ་སྨན་དང་དཔྱད་ཀྱིས་རྩ་མེད་ག་ཚོད་གཏོང་གིས་ཡོད་མེད་སྨན་པ་རང་ཉིད་ཀྱིས་མི་ཤེས་སམ། ཤེས་ཀྱང་དཔལ་འབྱོར་ཁོ་ནར་དམིགས་ནས་རང་མ་གཏོགས་གསོ་བྱ་ཉིད་ལ་སྣང་མེད་ངང་སྨན་བཏང་བའི་རྐྱེན་གྱིས་སོ།། 《ས་སྐྱ་ལེགས་བཤད》ལས། གང་ན་བཟའ་བཏུང་ཡོད་དེར་རྒྱུག །དགོས་པའི་བྱ་བ་བཅོལ་ཡང་འབྲོས། །གཏམ་དང་བཞད་གད་ཤེས་ན་ཡང་། ། མཇུག་མ་མེད་པའི་ཁྱི་རྒན་ཡིན། །གསུངས་པ་ལྟར་རོ།།ལྷག་པར་དུ་བོད་ཁུལ་དུ་མི་རྣམས་ནི་འཕྲོད་བསྟེན་གྱི་ཤེས་བྱའི་ཆུ་ཚད་ནི་ཞན་པའི་ཐོག་ཏུ་བོད་ སྨན་པ་རྣམས་ཀྱིས་གཅིག་ཐོག་གཉིས་བཞག་ལྟར་ཁྱིའི་མིའི་སོའི་ཞེས་པའི་སྨན་དེ་སྨན་ཤོག་སྟེང་དུ་མ་བྲིས་ཐབས་མེད་ཆགས་འདུག དེ་ཕྱིར་བོད་མི་རྣམས་ནི་ཁྱིའི་མིའི་སོའི་ཞེས་པའི་སྨན་དེ་ཟ་མ་ལྟར་ཉིན་རེ་ནས་ཉིན་རེ་བཞིན་མང་དུ་བཏང་ནས་ཟ་བཞིན་ཡོད་པས་མི་རང་ཉིད་ལ་ལྷན་སྐྱེས་སུ་ཡོད་པའི་ནད་འགོག་ནུས་པ抵抗力དེ་བྱིས་པའི་དུས་ནས་རྩ་མེད་བཟོས་ཚར་བ་ནི་མིག་མཐོང་ལག་ཟིན་རེད། ཕྲན་གྱིས་གོ་བ་ལྟར་ན། ལོ་ངོ་ཁ་ཤས་སྔོན་དུ་བོད་ལྗོངས་སྨན་རྩིས་ཁང་དུ་ཕྱི་རྒྱལ་མི་སྣ་ཁ་ཤས་ཤིག་འཚམས་འདྲིར་ཕེབས་སྐབས་སྨན་པ་རྣམས་ལ་ཁྱེད་རང་ཚོའི་སྨན་ཁང་གི་ནད་པ་འདི་རྣམས་རེ་བ་མེད་པ་ཤ་སྟག་རེད་དམ་ཞེས་སྐད་ཆ་དྲིས་པས། སྨན་པས་མ་རེད་ལགས། འདི་ཚོ་རྒྱུན་ལྡན་གྱི་ནད་ཕོག་པའི་ནད་པ་རེད། ཅེས་བརྗོད་སྐབས། ཕྱི་རྒྱལ་བ་དེ་ཚོ་ཧ་ལས་ཧང་སངས་ངང་ཡིད་སྐྱོ་ནས། ང་ཚོའི་རྒྱལ་ཁབ་ཏུ་ཤིན་ཏུ་ཚབས་ཆེན་ནད་པ་དང་གསོན་པའི་རེ་བ་བརྒྱ་ཆའི20ལས་མེད་སྐབས་སྨན་ཁྱི་མིའི་སོའུ་རིགས་གཞི་ནས་བེད་སྤྱོད་བཏང་གི་ཅེས་བཤད་ཡོད། དོན་དུ་ཁོ་ཚོས་ཁྱི་མིའི་སོ་ཡིས་མིའི་རང་བཞིན་ནད་འགོག་ནུས་པ་ཉམས་ཞན་དང་རྩ་མེད་དུ་འགྲོ་བ་ཤེས་ནས་མིའི་བདེ་ཐང་དང་མཐར་ཐུག་མཇུག་འབྲས་ལ་བསམ་བློ་གཏོང་གི་ཡོད། སྐྱེམ་པས། དེང་སང་གསོ་དཔྱད་མིང་ཙམ་ལྷག་མ་ལུས། །དེ་ཡང་རི་མོའི་མར་མེ་ལྟ་བུར་གྱུར། །གཞུང་འགྲེལ་འཆད་དང་ཉན་པའང་ལྟར་སྣང་ཙམ། །འདོད་པས་གཞན་སྲོག་འཇོམས་འདི་མཐོང་བས་སྐྱོ། ཞེས་གསུངས་་པ་ལྟར་གསོ་བ་པོ་སྨན་པས་ཟས་སྤྱོད་སྨན་གྱིས་གོ་རིམས་འཁྲུགས་ན་མཐར་ལུས་ཟུངས་ཟད་པ་དང་། རིན་བྲལ་གྱི་ཚེ་སྲོག་འཕྲོག་རྒྱུ་ནི་སྨོན་མི་དགོས།

མདོར་ན། བདེ་ཐང་མེད་ན་མི་སྒེར་དང་མི་རིགས་སམ་སྤྱི་ཚོགས་ཧྲིལ་པོར་ཡར་ཐོན་དང་འཕེལ་རྒྱས་ཡོང་དོན་མེད་ལ། བདེ་སྐྱིད་ཀྱི་འཚོ་བ་ནི་དེ་བས་ཀྱང་ཡོང་མི་སྲིད། དེས་ན་བདེ་ཐང་ནི་ཚེ་གང་གི་བྱ་བ་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་འབྱུང་རྩའམ་མ་རྩ་ལྟ་བུ་ཡིན་པས་རང་གཞན་སྐྱེ་བོ་ཚང་མས་ཟས་སྤྱོད་སྤང་བླང་དང་གཙང་སྦྲ་འཕྲོད་སྟེན་སོགས་ཚུལ་བཞིན་བསྟེན་ཏེ་མི་རབས་ནས་མི་རབས་བར་བདེ་ཐང་ངང་འཚོ་གནས་བྱ་ཐུབ་པའི་རེ་བ་དང་དྲན་སྐུལ་སྙིང་དབུས་ནས་ཞུ་བཞིན་ཡོད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1