གནའ་རྫས་སྔོག་འདོན་བྱེད་སའི་ཡུལ་དངོས།
གནའ་ཤུལ་ནས་གསར་དུ་རྙེད་པའི་གནའ་རྫས།
གསར་རྙེད་བྱུང་བའི་ལྷ་སྐུ་ཞིག
སྤྱི་ཟླ་12པའི་ཚེས་15ཉིན། ཁྲེན་ཏུའུ་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་ནས་གནས་ཚུལ་སྤེལ་དོན། ད་ལོའི་ཟླ་11པ་ནས་བཟུང་། ཁོ་ཚོས་ཆིང་དབྱང་ཆུས་ཀྱི་ཐུང་རེན་ལམ་ཕྱི་མའི་ཨང་རྟགས་126པ་སྟེ། སྔོན་ཆད་ཁྲེན་ཏུའུ་གྲོང་ཁྱེར་ཆུ་སྤྱོད་ཚད་དཔྱད་ཆས་བཟོ་གྲྭའི་ར་བ་ཡིན་པ་དེ་གནའ་རྫས་སྔོག་འདོན་གྱི་ཡུལ་དངོས་སུ་བྱས་ཤིང་། འདི་ནས་རྡོ་བརྐོས་ལྷ་སྐུ་80ལྷག་དང་ཆག་རོ་མང་པོ་གསར་རྙེད་བྱུང་ཡོད། དེ་དག་གི་ཁྲོད་དུ་ལྷ་སྐུ་འགའ་རེར་གསེར་ཆུ་བྱུག་ཡོད་པ་འདྲ་འདུག ལྷོ་བྱང་རྒྱལ་རབས་ཀྱི་སྐབས་སུ། རྒྱལ་ཁབ་བཅུ་དྲུག་དང་སུའེ་རྒྱལ་རབས་ཀྱི་བར་དུ་ཕལ་ཆེར་ལོ་ངོ་170ལྷག་གི་ལོ་རྒྱུས་ཤིག་ཡོད་དེ། ལོ་ངོ་5000གི་གོང་འོག་ལོ་རྒྱུས་ཀྱི་ཐད་ནས་བལྟས་ན། འདིའི་བར་སྐབས་ཀྱི་ལོ་རྒྱུས་འདི་ཡིད་དབང་འཕྲོག་པ་ཞིག་མིན་མོད། འོན་ཀྱང་། ཉེ་ཆར་ཁྲེན་ཏུའུ་ནས་གསར་དུ་རྙེད་པའི་གནའ་རྫས་ཤིག་རྙེད་པ་དེས། ང་ཚོའི་མིག་དབང་རང་དབང་མེད་པར་ལོ་ངོ་1500ཡི་སྔོན་གྱི་ལྷོ་བྱང་རྒྱལ་རབས་ཀྱི་དུས་སུ་ཁྲིད་པར་བྱེད།
ཁོན་ཀྲའེ་སྲང་ལམ་དང་བར་ཐག་སྨི་200ཙམ་ལས་མེད་པའི་རྗེས་ཤུལ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་500ཡོད་ལ། ཟླ་3ལྷག་རིང་གི་སྔོག་འདོན་ལས་ཀ་བསྒྲུབས་རྗེས། གཞི་ནས་གནའ་རྫས་འདོན་ཡུལ་ས་དོང་8དང་ཁྲོན་པ་2གཙང་དག་བྱས་ཤིང་། དེ་དག་གི་ནང་དུ་དཀར་ཆས་དང་། རྫ་ཆས། རྡོ་སྐུ། འཛུགས་སྐྲུན་རྒྱུ་ཆ་དང་དོང་ཙེ་སོགས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཤུལ་བཞག་དངོས་རྫས་གལ་ཆེན་སྐོར་ཞིག་རྙེད་ཡོད།
ཁྲེན་ཏུའུ་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གི་ནང་ཆོས་ཀྱི་གནའ་རྫས་རྟོག་ཞིབ་ཆེད་མཁས་པ་ཀྲང་ཞུའེ་ཧྥུན་གྱིས། རྒྱལ་རབས་ལྷོ་མའི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པས། ཁྲེན་ཏུའུ་ཡི་ནང་ཆོས་རིག་གནས་ཀྱང་གང་འཚམས་དར་རྒྱས་ཕྱིན་ཡོད་ལ། དེ་བཞིན་ཐེངས་འདིར་ཐུང་རེན་ལམ་ཕྱི་མའི་གནའ་ཤུལ་ནས་ལྷ་སྐུ་མང་པོ་ཞིག་རྙེད་པ་དེས་ཀྱང་། ས་འདིར་སྔོན་ཆད་གཞི་རྒྱ་ཆེ་བའི་དགོན་སྡེ་ཡོད་པ་རྟོགས་ཐུབ་ཟེར།
སྤྱི་ཟླ་12པའི་ཚེས་15ཉིན། གནའ་རྫས་འདི་དག་ཅིང་ཧྲ་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་གི་ཁྲེན་ཏུའུ་རིག་དངོས་སྲུང་སྐྱོབ་ལྟེ་གནས་སུ་བསྐྱལ་ནས། ལེགས་བཅོས་དང་ཞིག་གསོ་བྱེད་བཞིན་ཡོད། །