ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་སྲིད་གཞུང་གིས་ཚེས་ཉི་ཤུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། དབྱིན་ཇིའི་ཉིན་གཅིག་ལ་གསར་དུ་འཕར་བའི་ནད་པའི་ཁ་གྲངས་ཁྲི་གསུམ་དང་སྟོང་ལྔ་དགུ་བརྒྱ་ཉེར་བརྒྱད་ལ་བསླེབས་པ་དང་། རིམ་བརྩིས་ཀྱིས་ནད་པའི་ཁ་གྲངས་ས་ཡ་གཉིས་དང་ཁྲི་བཞི་ལས་བརྒལ་ཡོད། དབྱིན་ཇིའི་སྲིད་གཞུང་གིས་ཚེས་ཉི་ཤུ་ཉིན་གཤིས་འགྱུར་ནད་དུག་ཅིག་དབྱིན་ཇི་ནས་བྱུང་སྟེ་ཚོད་འཛིན་བྱེད་དཀའ་བར་གྱུར་ཡོད་པ་ཁས་ལེན་བྱས།
དབྱིན་ཇིའི་གསོ་རིག་ཆེད་མཁས་པས་བསྟན་དོན། གཤིས་འགྱུར་ནད་དུག་དེ་རིགས་ཀྱི་ཕན་ཚུན་འགོ་བའི་མྱུར་ཚད་སྔོན་ཆད་ལས་ཧ་ལམ་བརྒྱ་ཆའི་བདུན་ཅུས་མགྱོགས་ཀྱང་། མིག་སྔའི་ཞིབ་འཇུག་ལས་མངོན་པ་ལྟར་ན། གཤིས་འགྱུར་ནད་དུག་དེ་ལས་ལྷག་ཏུ་ཚབས་ཆེ་བའི་ནད་རྟགས་འབྱུང་མི་སྲིད་པ་དང་། འགོག་སྨན་གྱི་ནུས་པར་ཡང་ཤུགས་རྐྱེན་ཐེབས་མི་སྲིད་ཟེར།
དབྱིན་ཇིའི་ཚན་རིག་ཞིབ་འཇུག་མི་སྣས་ཟླ་དགུ་བར་ནད་པ་ཞིག་གི་ལུས་སྟེང་ནས་གཤིས་འགྱུར་ནད་དུག་དེ་རིགས་རྙེད་པ་ཡིན་ལ། དབྱིན་ཇིའི་སྲིད་གཞུང་གིས་ཟླ་འདིའི་ཚེས་བཅུ་བཞི་ཉིན་གཤིས་འགྱུར་ནད་དུག་བྱུང་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བྲེལ་མྱུར་ལས་གཞིའི་ལག་རྩལ་གྱི་འགན་ཁུར་བ་ཁི་ཧའོ་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་བདེན་དཔང་བྱས་དོན། གཤིས་འགྱུར་ནད་དུག་དེ་དབྱིན་ཀི་ལན་ཤར་ལྷོའི་ས་ཁུལ་དུ་རྙེད་པ་ཡིན་ཟེར། མིག་སྔར་ཏན་མག་དང་ཧི་ལན། དབྱི་ཐཱ་ལེ། ཨོ་སི་ཁྲུ་ལི་ཡཱ་བཅས་སུའང་རིགས་མཐུན་གྱི་ནད་པ་རྙེད་ཡོད།
དབྱིན་ཇི་ཡིས་ཚེས་ཉི་ཤུ་ཉིན་ནས་བཟུང་རྒྱལ་ས་ལོན་ཏོན་དང་དབྱིན་ཀི་ལན་ཤར་ལྷོ་ས་ཁུལ། ཤར་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་གི་པྲོག་གསར་གློ་ཚད་རིམས་ཀྱི་འགོག་སྲུང་རིམ་པ་དེ་རིམ་པ་གསུམ་པ་ནས་རིམ་པ་བཞི་བར་ཇེ་མཐོར་བཏང་ཡོད་ལ། ཡུན་ཚད་ནི་གཟའ་འཁོར་གཉིས་རེད། ཚེས་བཅུ་དགུ་ཉིན་གྱི་དགོང་མོར་ལོན་ཏོན་སོགས་ས་ཁུལ་གྱི་སྡོད་དམངས་མི་ཉུང་བས་བྱེད་ཐབས་གསར་བ་ལག་བསྟར་མ་བྱས་གོང་ལོ་གསར་ཉོ་བསྡུ་བྱེད་བཞིན་ཡོད་པ་དང་། གཞན་ཡང་མི་འབུམ་གཉིས་ནས་འབུམ་གསུམ་ཙམ་ལྕགས་ལམ་དང་གཞུང་ལམ་སོགས་བེད་སྤྱད་དེ་ལོན་ཏོན་དང་ཁ་འབྲལ་བཞིན་ཡོད་པས་འདུ་འཛོམས་ཀྱི་སྣང་ཚུལ་ཚབས་ཆེན་བྱུང་ཡོད་པ་རེད།
ཚེས་ཉི་ཤུ་ཉིན། ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ། ཨིར་ལན་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་མང་བོས་བྱེད་ཐབས་སྤྱད་དེ་དབྱིན་ཇིའི་གནམ་གྲུ་དང་གྲུ་གཟིངས་སོགས་རང་རང་གི་མངའ་ཁོངས་སུ་ཡོང་བ་གནས་སྐབས་སུ་གཏན་འགོག་བྱས་ཡོད། །