བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གྲངས་གཞི་ལས་མངོན་གསལ། 2019ལོའི་བར། བོད་ལྗོངས་ཀྱི་མིའི་ཆ་སྙོམས་ཚེ་ཐག་ནི་བོད་ཞི་བས་བཅིངས་འགྲོ་བཏང་བའི་དུས་འགོ་(1951ལོར)ཡི་ལོ་35.5ཡིན་པ་ལས་ལོ་70.6བར་ཇེ་རིང་དུ་ཕྱིན་ཡོད་ཅིང་། 2012ལོ་ནས་2019ལོའི་བར། བོད་ལྗོངས་ཀྱི་ཆ་སྙོམས་མིའི་ཚེ་ཐག་ལོ་2.4ཇེ་རིང་དུ་ཕྱིན་ཡོད།
“ད་ལོ་ང་རང་ལོ་100ཡིན། ད་ལྟར་ནད་ཡོད་ན་དུས་ཐོག་ཏུ་སྨན་བཅོས་ཐུབ་ཅིང་། སྨན་རིན་ཡང་གཞུང་གིས་སྤྲོད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་ཚོའི་ལོ་བརྒྱ་ལ་སླེབས་པའི་པ་གྲུབ་ལགས་དགའ་སྤྲོ་ཆེན་པོས་དེ་ལྟར་བཤད།
“འཛམ་གླིང་ཡང་རྩེ”ཞེས་འབོད་པའི་བོད་ལྗོངས་སུ་རྒྱ་མཚོའི་ངོས་ལས་ཆ་སྙོམས་ས་བབས་མཐོ་ཚད་ལ་སྨི་4000ཡོད་ཅིང་། གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་། ལྷགས་པ་ཆེ་བའི་རང་བྱུང་ཁོར་ཡུག་གིས་གནས་འདིར་ཡོད་པའི་ཚེ་སྲོག་ཐམས་ཅད་ལ་འགྲན་སློང་བྱས། དེང་སང་གི་བོད་ལྗོངས་སུ་བགྲེས་སོང་པ་གྲུབ་ལྟ་བུ་ཇེ་མང་དུ་འགྲོ་བཞིན་པ་དང་། ཚེ་རིང་བའི་སྨོན་འདུན་མངོན་འགྱུར་བྱུང་ཡོད། གྲངས་གཞི་ལས་མངོན་གསལ། བོད་ལྗོངས་སུ་མངལ་སྦྲུམ་པའི་བུད་མེད་ཚེ་ལས་འདས་ཚད་དང་བྱིས་པ་དམར་འབྱར་ཚེ་ལས་འདས་ཚད། ལོ་5མན་གྱི་བྱིས་པ་ཚེ་ལས་འདས་ཚད་སོ་སོར་2016ལོའི་109.9/ ཁྲི་10དང་། 13.87‰、18.65‰ལས་2019ལོའི་63.68/ ཁྲི་10 དང་8.9‰ 11.37‰བར་ཆག་ཡོད།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་བསྟུན་མར་རིམ་པ་བགོས་ནས་ནད་བརྟག་ལམ་ལུགས་བཟོས་ཏེ། བོད་རང་སྐྱོང་ལྗོངས་དང་ས་གནས་གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་4ཡི་རྒྱུན་དུ་མཐོང་བའི་ནད་དང་ཕོག་སླ་བའི་ནད་རིགས་རིམ་པ་བགོས་ནས་ནད་བརྟག་བྱེད་པའི་ནད་གཞི་རིགས་549གྲུབ་ཡོད་ཅིང་། ལྗོངས་ཡོངས་ཀྱི་ས་གནས་གྲོང་ཁྱེར་7ལ་སྨན་ཁང་མཉམ་འབྲེལ་ཚོགས་སྡེ་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བ་དང་། རིམ་པ་ཁག་གི་སྨན་ཁང་མཉམ་འབྲེལ་ཚོགས་སྡེ་80ལས་བརྒལ་ཟིན།
གསར་འགོད་པས་བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་གསལ། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བོད་ལྗོངས་སུ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་བཙུགས་ནས། ཁྱབ་ཁོངས་ཡོངས་སུ་ཁེབས་པ་དང་། མ་དངུལ་བསྡུ་བའི་སྲིད་ཇུས་དང་འཚོ་སྐྱོང་འགན་སྲུང་། སྨན་བཅོས་འགན་བཅོལ་དཀར་ཆག གནས་གཏན་འཁེལ་གྱི་དོ་དམ། ཐེབས་རྩ་དོ་དམ་སོགས་ཕྱོགས་6གཅིག་གྱུར་ཡོང་བར་བྱས་པ་དང་། གཞི་རྩའི་སྨན་བཅོས་རྨང་གཞི་བྱེད་ཅིང་། ནད་གཞི་ཆེན་པོ་འགན་སྲུང་ཁ་གསབ་དང་། སྨན་བཅོས་རོགས་སྐྱོབ་རྩ་བ་བྱེད་པའི་“སུམ་བརྩེགས”ཀྱི་ལམ་ལུགས་འགན་སྲུང་གྲུབ་པ་རེད།
གཞན་ཡང་། 2015ལོར་སྨན་བཅོས་ཤེས་ལྡན་མི་སྣས“ཚོགས་སྒྲིག་རྣམ་པའི”སྒོ་ནས་བོད་སྐྱོར་བྱས་པ་ནས་བཟུང། པེ་ཅིང་ཞེ་ཧོ་སྨན་ཁང་སོགས་སྨན་ཁང (ལས་ཁུངས) 8ཀྱིས་འགོ་ཁྲིད་དེ། རིམ་པ་དང་པོའི་སྨན་ཁང་65ཡིས་ཚན་ཁག་འགན་ལེན་གྱི་སྨན་ཁང་བྱས་ནས། སྨན་ཁང་གིས་ཚན་ཁག་འགན་ལེན་པའི་རྣམ་པར་བརྟེན། བོད་ལྗོངས་སྨན་བཅོས་ལས་ཁུངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཆེད་དོན་ཚན་ཁག་འཛུགས་སྐྲུན་གྱི་ལས་དོན་ལ་རོགས་སྐྱོར་སྣེ་ཁྲིད་བྱས་པ་རེད།
“ང་རང་བོད་ལྗོངས་རྙིང་བའི་སྤྱི་ཚོགས་ནས་བོད་ལྗོངས་གསར་པའི་སྤྱི་ཚོགས་བར་འཚོ་ཐུབ་པ་ནི་བསོད་ནམས་ཆེན་པོ་རེད”ཅེས་དེ་སྔོན་བྲན་གཡོག་བྱས་མྱོང་བའི་བགྲེས་སོང་པ་གྲུབ་ལགས་ཀྱིས་དགའ་སྤྲོ་ཆེན་པོས་གསར་འགོད་པ་ལ་བཤད་རྒྱུར། “1959ལོ་ནས་བཟུང་ང་རང་གིས་གྲོང་ཚོའི་ལས་བྱེད་པ་བྱས་ཤིང་། ངས་གུང་ཁྲན་ཏང་ལ་བཀའ་དྲིན་ཞུ་རྒྱུ་ཡིན།”(http://tibet.people.com.cn/15833393.html)