༄༅།། ཕྱེ་མར་གྱི་མ​ཚོན་དོན་ཟུར་ཙམ་གླེང་བ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།བཙན་པོའི་མགར་གྱི་དྲ་བ། སྤེལ་དུས། 12-23


ཕྱེ་མར་གྱི་མཚོན་དོན་ཟུར་ཙམ་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/10/15 ལྟ་ཀློག (3461) རྩོམ་ཁུངས: ངེད་དྲ་བ། པར་འདེབ།



ཐུབ་པའི་གདུང་འཚོབ།

    གསོ་བ་རིག་པའི་གཞུང་ལས། ཟས་ཀྱི་མཆོག་ནི་སྦྲང་དཀར་རྩམ་པ་ཡིན།། ཞེས་གསུངས་པ་བཞིན་གནའ་མི་དག་གི་ངག་རྒྱུན་ལས་ཐོས་པ་ལྟར་ན་འབྲུ་རིགས་ཀྱི་རྒྱལ་བོ་སྦྲང་དཀར་རྩམ་པ་གསར་བ་ནི་རླུང་ལ་ཕན་ཞིང་། འབྲི་མར་གསར་བ་མཁྲིས་པ་ལ་ཕན། དེ་བཞིན་དུ་ཆུར་བ་གསར་བ་བད་ཀན་ལ་ཕན་པས་ནང་སྔ་མོར་གཏོས་མ་འཐུང་བ་ནི་མིའི་ལུས་ཁམས་ཀྱི་རླུང་མཁྲིས་བད་ཀན་གསུམ་ཆ་བསྙམས་ནས་ལུས་ཕུང་བདེ་ཐང་ལ་ཕན་པ་སོགས་མར་ཆུར་རྩམ་གསུམ་གྱི་དགེ་མཚན་མཐའ་ཡས་པར་མ་ཟད། ཆུང་དུས་ནས་བཟུང་ང་ཚོ་ལ་ཆེས་རྒྱུས་མངའ་ཡོད་པ་ཞིག་ནི་ལོ་སར་སོགས་ཀྱི་སྐབས་སུ་མཆོད་གྲལ་དུ་ཕྱེ་མར་བཤམས་པའི་སྲོལ་འདི་ཡིན་ལ།  དེང་སང་ན་གཞོན་མང་བོ་ཞིག་གིས་དུས་སྟོན་སོགས་ཀྱི་སྐབས་སུ་མཆོད་གྲལ་དུ་ཕྱེ་མར་བཤམས་པ་ནི་རྒྱུན་ཆགས་སུ་ལུས་པའི་ལུགས་སྲོལ་ཙམ་ལས་དང་དོད་ཆེར་བྱེད་ཀྱིན་མེད་པར་སྣང་། རྒྱུ་མཚན་དེའི་ཕྱིར་ང་ཚོས་མཆོད་གྲལ་དུ་ཕྱེ་མར་བཤམས་པའི་སྲོལ་བཟང་འདི་ལ་ངེས་པར་དུ་བསམ་བློ་ཞིབ་མོ་ཞིག་བཏང་ན་ཤིན་ཏུ་ལེགས་པར་འཁུམས།

      སྤྱིར་ཕྱེ་མར་ཞེས་པའི་ཐ་སྙད་འདི་ལ་མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཏིང་ཟབ་མོ་ཞིག་ཡོད་པས་འདིའི་དོན་ཤེས་རྟོགས་བྱུང་ཚེ་ལོ་རྒྱུས་ཀྱི་གནད་དོན་མང་བོ་ཞིག་ལ་དབྱེ་ཞིབ་བྱེད་སླ་བ་སོགས་ལ་དམིགས་ཏེ།  དགེ་རྒན་ལགས་ཀྱིས་སློབ་ཁྲིད་ཀྱི་ཟུར་ལས་འཕྲོས་ཏེ་སེམས་ཤུགས་ཆེར་བསྐྱེད་ཀྱིས་ཕྱེ་མར་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་མཚོན་དོན་སོགས་ཁ་གསལ་གོ་བདེའི་ལམ་ནས་ཕལ་བའི་བློ་ངོར་འཚམ་པའི་གསུང་བཤད་གལ་ཆེན་གནང་རྐྱེན། དེ་རིང་གློ་བུར་དུ་བླུན་པོ་བདག་ལྟ་བུ་གང་མང་ཞིག་གིས་ཤེས་རིག་གི་ཞིང་ཁམས་ཇི་ཙམ་བསྙེགས་ཀྱང་། སླར་ཡང་གོ་མེད་ཚོར་མེད་ངང་ལུས་འདུག་པ་ནི་རང་མི་རིགས་ཀྱི་ཕམ་ཁ་ཉག་གཅིག་ཏུ་བསམས་ནས།  རང་དང་སྐལ་བ་མཉམ་པའི་ཕྱི་རབས་པ་མང་བོར་ཕན་ཕྱིར་དགེ་རྒན་ལགས་ཀྱི་གསུང་གཞིར་བཞག་སྟེང་ཕྱེ་མར་དང་འབྲེལ་བའི་སྐད་ཆ་འགའ་གླེང་འདུན་བྱུང་།  

     སྤྱིར་གྲོ་སོ་ཕྱེ་མར་གྱི་སྐོར་ལ་སྒོམ་སྡེའི་ཚིག་མཛོད་ཆེན་མོ་ལས། བོད་ཀྱི་ལོ་སར་སོགས་རྟེན་འབྲེལ་གྱི་མཛད་སྒོའི་སྐབས་སུ་འབོ་ནང་གྲོ་དང་རྩམ་ཕྱེ་བླུགས་ནས་སྒྲིག་གཤོམ་བྱེད་ཅིང་།  དེ་ཡང་མཁས་པ་ཚོའི་གསུང་རྒྱུན་ལ་ཕྱེ་མར་འདེགས་པ་པོའི་ལག་གཡས་སུ་གྲོ་བླུག་དགོས་པ་དང་།  དེའི་གཡོན་དུ་ཕྱེ་མར་བླུག་དགོས། གྲོ་ནི་ཁ་དྲོ་བའི་རྟེན་འབྲེལ་དང་། རྩམ་ཕྱེ་ནི་ལུས་འཚོ་བའི་བདུད་རྩིའི་ཟས་ལ་ལོངས་སྤྱོད་པའི་རྟེན་འབྲེལ་མཚོན་བྱེད་ཅིག་གོ   གྲོ་དང་ཕྱེ་མར་གྱི་ཐོག་ཏུ་རྩེ་སྒྲོ་དང་།  གྲོའི་སྙེ་མ། མེ་ཏོག་བཅས་བཙུགས་ཤིང་། མགྲོན་པོ་ཕེབས་དུས་དེ་འདེགས་འབུལ་ཞུས་ཏེ་དགའ་བསུ་སྣེ་ལེན་ཞུ་ཞིང་། སྐུ་མགྲོན་གྱིས། དེ་ལས་ཕྱེ་མར་བླངས་ཏེ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨེ་མ་བག་དྲོ་སྐུ་ཁམས་བཟང་།།  གཏན་དུ་བདེ་བ་ཐོབ་པར་ཤོག །  ཅེས་བརྗོད་དེ་མཆོད་བསྟོད་དང་སྨོན་ལམ་འདེབས་པར་བྱེད་དོ།། ཞེས་གསུངས་པ་བཞིན་དབུས་གཙང་ཕྱོགས་སུ་ད་དུང་ཡང་སྔར་བཞིན་ལོ་སར་སོགས་ཀྱི་སྐབས་སུ་གྲོ་སོ་ཕྱེ་མ་གཟབ་རྒྱས་ངང་བཤམས་སྲོལ་འདུག་མོད།  ཨ་མདོའི་ཕྱོགས་ཀྱི་ཡུལ་ལུང་མང་ཤོས་ཀྱིས་ཕྱེ་མར་རྐྱང་བ་ལས་སྣ་འཛོམས་རང་བཞིན་ཅན་གྱི་གྲོ་སོ་ཕྱེ་མར་དེ་འདྲའི་གཟབ་རྒྱས་བཤམས་པ་ཅུང་ཉུང་བར་སྣང་།   སྤྱིའི་ཆ་ནས་དབུས་གཙང་ཕྱོགས་ཀྱི་གྲོ་སོ་ཕྱེ་མར་དང་ཨ་མདོའི་ཡུལ་གྱི་ཕྱེ་མར་རྐྱང་བ་གཉིས་རྒྱས་བསྡུས་ཙམ་གྱི་ཁྱད་པར་ལས་གང་ཡང་མི་འདུག སྐབས་འདིར་ངེས་དགོས་པ་ཞིག་ལ་སྤྱིར་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་ཐམས་ཅད་མི་རིགས་དེའི་ཐོན་སྐྱེད་བྱེད་སྟངས་ཀྱི་སྟེང་དུ་ཡོད་པས། མི་རིགས་གང་ཞིག་གིས་ནམ་ཞིག་དེ་ལྟ་བུའི་ཐོན་སྐྱེད་བྱེད་སྟངས་ཏེ་བསྒྱུར་ཟིན་ན་མི་རིགས་དེའི་ཡུལ་སྲོལ་གོམས་གཤིས་དང་བཅས་པ་བསྒྱུར་ཟིན་པ་ཡིན་པས་ཅིས་ཀྱང་གཟབ་དགོས་པར་རིགས་སོ།།

   རྒྱུ་མཚན་དེའི་ཕྱིར་ང་ཚོས་ཕྱེ་མར་རྐྱང་བའི་སྟེང་ནས་གོ་བ་སྟབས་བདེ་ཞིག་བླངས་ན་ཕྱེ་མར་ཞེས་པ་མདོར་ན་མར་དང་རྩམ་པ་གཉིས་ལས་གྲུབ་པ་ཡིན་ལ།  མར་དང་རྩམ་པ་གཉིས་ནི་བོད་མི་རིགས་ཀྱི་ཆེས་ཁྱབ་ཆེ་བའི་ཐོན་སྐྱེད་བྱེད་སྟངས་ཀྱི་མ་ལག་གཙོ་བོའམ་གཞི་རྟེན་ལྟ་བུ་ཡིན་པར་མ་ཟད།  མར་གྱིས་འབྲོག་ལས་ཐོན་སྐྱེད་དམ་འབྲོག་ལས་རིག་གནས་ཀྱི་སྙིང་བོ་མཚོན་པར་བཤད་ལ།  རྩམ་པས་ནི་ཞིང་ལས་ཐོན་སྐྱེད་དམ་ཞིང་ལས་རིག་གནས་ཀྱི་ཉིང་བཅུད་མཚོན་པར་བཤད་པས་དེ་གཉིས་མཉམ་དུ་མཆོད་གྲལ་དུ་བཤམས་པ་འདིས། དོན་གྱིས་རང་ཅག་བོད་མི་རིགས་འདི་གནའ་ནས་ད་ལ་ཐུག་གི་བར་དུ་མར་དང་རྩམ་པ་གཉིས་ལ་བརྟེན་ནས་ཡོང་བ་ཡིན་སྟབས། དམར་ཟས་ཀྱི་ལྷད་མ་འདྲེས་པའི་མར་དང་རྩམ་པ་གཉིས་ཀྱི་བཀའ་དྲིན་མི་བརྗེད་པར་དྲན་པའི་ཕྱིར་དུ་གུས་པའི་ཚུལ་གྱིས་མཆོད་གྲལ་དུ་བཤམས་པར་མངོན།    དེའི་ཕྱིར་ཐོག་མར་ང་ཚོས་མར་གྱི་འབྱུང་ཁུངས་ལ་ཞིབ་འདང་ཞིག་བརྒྱབ་ན། མར་ནི་སྒོ་ཕྱུགས་ལ་བརྟེན་ནས་བྱུང་ཞིང་སྒོ་ཕྱུགས་ནི་རྩྭ་ཐང་ལ་བརྟེན་པའི་རྒྱུ་མཚན་གྱིས། ང་ཚོས་ངེས་པར་དུ་རྩྭ་ཐང་ལ་སྲུང་སྐྱོབ་དང་གཅེས་སྤྲས་བྱ་དགོས་ལ། དེ་ལ་བརྟེན་ནས་བྱུང་བའི་རིག་གནས་ཐམས་ཅད་ལ་ང་ཚོས་ཅིས་ཀྱང་བདག་སྐྱོང་གང་ནུས་བྱ་དགོས། དཔེར་ན། མར་གྱི་འབྱུང་ཁུངས་ནི་འོ་མ་ཡིན་ལ་འོ་མ་ནི་འབྲི་དང་མཛོ་མོའི་གསེང་ལས་བྱུང་བ་ཤ་སྟག་ཡིན་པས།  ཆ་བཞག་ན་འབྲི་དང་མཛོ་མོ་བཞོ་བའི་རིག་གནས།  དེ་བཞིན་དུ་འབྲི་དང་མཛོ་མོ་འཚོ་སའི་རང་བྱུང་གི་ཁོར་ཡུག་ལ་གཅེས་སྤྲས་བྱ་རྒྱུ།  འབྲི་དང་མཛོ་མོ་འདོགས་སའི་རྡང་དང་རྡང་ཐག  ཕུར་བ། ཕུར་རྡེབ། འུར་ཆ། ལག་ཚ།  བཞོ་གཟུང་། བཞོ་ཟེའུ། འོ་ཟོ། འོ་རྟ། མར་ཟེའུ། ཞག་གོར། མར་སྒམ་ལ་སོགས་པས་མཚོན་པའི་འབྲོག་ལས་རིག་གནས་ཀྱི་གྲུབ་ཆ་མང་བོ་ཞིག་རྟེན་དང་བརྟེན་པའི་ཚུལ་གྱིས་འབྱུང་བཞིན་པ་དང་།  དཔེ་དེ་བཞིན་དུ་ཞིང་ལས་རིག་གནས་ཀྱི་གཞི་རྟེན་རྩམ་པ་ལྟ་བུར་མཚོན་ན་ཡང་།  རྩམ་པའི་འབྱུང་ཁུངས་ནས་ཡིན་པ་དང་།  ནས་ལ་ཡང་ཐོག་མར་འདེབས་སའི་ཞིང་། དེ་ནས་ས་བོན་བཏབ་སྟེ་རྨོ་བའི་བྱ་བ་ལ།  རྨོ་བྱེད་ཀྱི་གནག་ཕྱུགས།  དེ་ལ་སྣ་ཕུར། སྣ་གཅུ།  སྣ་ཐག གཉའ་ཤིང་།  ཨོང་ཤིང་།  རྨོ་སྒ། རྨོ་ལྕག   ཐོང་གཤོལ།  བྲེ་ཤིང་། ཤལ།  བོ་བརྡུང་།  གཡུལ་ཁ། ནས་ཟོར། འདེད་ཡག  རགས་ཚགས།  འཁྲབ་མ། འཁོར་མ། ཤིང་ཁེབ། ཤིང་ཚེབ།  མཆིག  རྡོའི་རང་འཐག རྩམ་སྒམ། རྩམ་ཁུག  རྩམ་ཁག་བཟོ་བ་ལ་སོགས་པའི་ཞིང་ལས་རིག་གནས་ཐམས་ཅད་ཀྱང་རྟེན་དང་བརྟེན་པའི་ཚུལ་གྱིས་འོང་གིན་འདུག་པས། དེང་དུས་ཀྱི་ན་གཞོན་མི་ཉུང་བ་ཞིག་གིས་མར་དང་རྩམ་པ་ཟ་རྒྱུར་སྤྲོ་བ་མེད་པ་ནི་དོན་གྱིས་རང་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་ངོས་མ་ཟིན་པར་མ་ཟད།  མར་དང་རྩམ་པ་གཉིས་རྒྱང་དུ་བསྐྱེད་པ་དང་མཉམ་དུ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མི་ཉུང་བ་ཞིག་གནའ་རྫས་བཤམས་སྟོན་ཁང་དུ་སྐྱེལ་བཞིན་པའང་ཚོར་གྱིན་མི་འདུག་པར་སྙམ།  དེའི་ཕྱིར་ང་ཚོས་ངེས་པར་དུ་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་མཐའ་དག་ངོས་ཟིན་པའི་སྒོ་ནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་ལ་འབད་དགོས་པ་ལས་འདོར་བའི་དུས་ཤིག་མ་ཡིན་པ་སྨོས་མ་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1