བོད་ལྗོངས་སུ་ནུས་ཁུངས་གཙང་མས་གློག་འདོན་ཚད་བརྒྱ་ཆ་དགུ་བཅུ་ཟིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-24



    ཟླ་12ཚེས་22ཉིན། ལོ་མཇུག་ལ་སླེབས་དུས། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྕགས་འདམ་དེང་རབས་སྐྱེ་ཁམས་ཐོན་ལས་དཔེ་སྟོན་གླིང་དུ། སྟར་སྒྲིག་པའི་ཤེལ་ལེབ་ནི་དགུན་ཁའི་ཉི་འོད་འོག་ཏུ་འོད་འཚེར་བཞིན་འདུག སྤྱིའི་མ་དངུལ་སྒོར་དུང་ཕྱུར་4.5བཏང་བའི་ཧྲན་ཏུང་ཆུ་སྤེལ་ཚོགས་པ་གཞིས་ཀ་རྩེ་ཕྱོགས་བསྡུས་ནུས་པ་དཔེ་སྟོན་རྣམ་གྲངས་དེ་མགྱོགས་པོར་བེད་སྤྱོད་བྱ་རྒྱུ་རེད། བོད་ལྗོངས་ཀྱི་ཆེས་ཆེ་བའི་“ཤེལ་ལེབ་+ནུས་གསོག”གློག་འདོན་ས་ཚུགས་ཡིན་པའི་ངོས་ནས། རྣམ་གྲངས་འདི་ནི་2020ལོའི་ཟླ་7པར་འཛུགས་སྐྲུན་འགོ་ཚུགས་པ་དང་། ཟླ་བ་4ཙམ་གྱི་དུས་ཡུན་ནང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ལས། གངས་ལྗོངས་མཐོ་སྒང་དུ་ནུས་ཁུངས་གཙང་མ་དར་སྤེལ་གྱི་མྱུར་ཚད་བདེན་དཔང་བྱས་ཡོད། 

    བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གྲངས་གཞི་ལ་གཞིགས་ན། ཉེ་བའི་ལོ་འགའི་རིང་བོད་ལྗོངས་གློག་འདོན་ནུས་པ་ཚད་མཐོན་པོ་འཕར་བ་དང་། 2020ལོའི་ཟླ་11པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་གློག་ནུས་སྤྱི་མཛོད་འཕྲུལ་ཆས་ཀྱི་ཤོང་ཚད་སྟོང་ཝ་ཁྲི་401.85ཟིན་ཞིང་། དེའི་ཁྲོད་དུ་ནུས་ཁུངས་གཙང་མ་ཁག་འཕར་ཚད་མགྱོགས་པ་དང་། དེའི་མཉམ་གྱི་ཆུ་གློག་དང་རླུང་གློག ས་དྲོད། དེ་བཞིན་དུ་ཉི་ནུས་ཤེལ་ལེབ་གློག་མཛོད་འཕྲུལ་ཆས་ཀྱི་ཤོང་ཚད་སྟོང་ཝ་ཁྲི་358ཟིན་ཡོད། གློག་འདོན་མཛོད་འཕྲུལ་ཆས་ཀྱི་ཤོང་ཚད་ཁྲོད་དུ་ནུས་ཁུངས་གཙང་མ་ནི་89.09%ཟིན་ཡོད། 


   བོད་ལྗོངས་མངའ་ཁོངས་སུ་ཆུ་ཆེན་དང་གཙང་པོ་མང་ཞིང་། ཆུ་ཤུགས་གློག་འདོན་ཧ་ཅང་འོས་ཤིང་འཚམ་པ་ཡོད། དུས་མཚུངས་སུ། མཚོ་བོད་མཐོ་སྒང་ནི་འཛམ་གླིང་ཡོངས་སུ་ཆེས་ཉི་འོད་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ཉི་ཤེལ་གྱིས་གློག་འདོན་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ཡོད། བོད་ལྗོངས་ཀྱི་རླུང་ནུས་དང་ས་དྲོད་ནུས་པ་སོགས་ནུས་ཁུངས་གཙང་མ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། 
   ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་འབད་པ་ཆེན་པོས་“ཐོན་ཁུངས་ཀྱི་ལེགས་ཆ”ནས“ནུས་ཁུངས་ཀྱི་ལེགས་ཆར”བསྒྱུར་བ་དང་། རྒྱལ་ཁབ་ཀྱི་“ནུབ་གློག་ཤར་འདྲེན”སྦྲེལ་མཐུད་ནུས་པ་རྟེན་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། “ལོ་ལྔ་ཚན་བཅུ་གསུམ”ཚུན། ལྷོ་ཁ་རྒྱལ་ཚ་ཆུ་གློག་ས་ཚུགས་སོགས་བསྟུན་མར་འཁོར་སྐྱོད་བྱུང་ནས། ནུས་ཁུངས་གཙང་མས་གློག་འདོན་གཙོ་བོ་བྱེད་པའི་ནུས་ཁུངས་རྣམ་གྲངས་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད། བོད་རང་སྐྱོང་ལྗོངས་ནུས་ཁུས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཞའོ་ཏུང་གིས། 2020ལོའི་ལོ་མཇུག་ཏུ། ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་སྤྱི་མཛོད་འཕྲུལ་ཆས་ཤོང་ཚད་ནི་སྟོང་ཝ་ཁྲི་1000ཟིན་པའི་རེ་བ་ཡོད་ཟེར། 
   གློག་དྲ་ལག་བསྟར་ཡང་རྒྱུན་མི་ཆད་པར་རིམ་པ་སྤར་བཞིན་ཡོད། ཟླ་12ཚེས4ཉིན། མངའ་རིས་དང་བོད་དབུས་གློག་དྲ་མཉམ་འབྲེལ་དྲ་བའི་ལས་གྲྭ་དངོས་སུ་བེད་སྤྱད་པ་དང་། དེ་ནས་བཟུང་བོད་ལྗོངས་ནི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་7དང་། རྫོང་74(ཆུས་)ལ་ཁེབས་པའི་གཅིག་གྱུར་གློག་དྲའི་དུས་རབས་སུ་སླེབས་པ་རེད།(http://tibet.people.com.cn/15833507.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1