རྣ་བ་བླགས་ཏེ་ཉན་ཉན་རྗེས།
སེམས་པ་འཁེན་ནས་སོང་སོང་སྟེ།
དུས་ནམ་ཞིག་ལ། ཁྱོད་ཀྱི་གམ་དུ་འབྱོར་སོང་བའི་སེམས་པ་ནི།
དྭངས་གཙང་གི་མཚོ་མོའི་མཁའ་མཐར་འབྱོར་ནས།
མཛེས་སྡུག་བསིལ་རླུང་དལ་གྱིས་རྔུབ་པ་དང་དབྱེར་མེད་ཡིན་སྙམ།
བཙག་རླུང་གི་སྔུན་ནས་འགྲེང་མྱོང་བའི་ཡུལ་མཐའི་མགྲོན་པོ་ཞིག
གངས་འཁྱག་གི་སྲུབ་ལས་འདུར་མྱོང་བའི་ས་མཐོའི་བུ་ཕྲུག་ཅིག
སློག་ཧྲུལ་དང་པག་ཚགས་ལས་དྲོད་ཁོལ་འཚོལ་ཞིང་བཙལ་བའི།
མཐའ་མཇུག་གི་བསོད་ནམས་ནི་ཆུ་རྒྱུན་ཞིག་སྟེ།
སྙིང་ག་ནས་ལྷོག་ལྷོག་གིས་གདུས་ཏེ་ན་ཟུག་གིས་འཕྱུར་ཡོང་ནས།
ཁྱོད་ཀྱི་དག་ཞིང་ལ་འཐིམས་དགོས་ཚུལ་ཡང་ལྷ་སྒྲུང་ཞིག་ག་ལ་ཡིན།
ངས་མེས་པོ་དག་གིས་ཡིད་སྤྲོ་བའི་གཏམ་རྒྱུད་ཀྱི་བར་གསེང་ལ་བཅུག་པའི་ཉི་མ་ལྷ་སའི་ཡང་ཕུགས་ན།
འོད་གྱི་ལེར་འཛུམ་པ་སེམས་ཀྱི་ཉི་ཟླ་ཁྱོད་ཡིན།
བདག་གིས་མཁའ་ལམ་འགྲིམས་ནས།
བདག་གིས་མཚན་ལམ་བརྒྱབ་སྟེ།
ཁྱོད་ཀྱི་པང་ལ་འབྱོར་བྱུང་བའི་བརྩེ་སེམས་ཉིད་ནི།
མཛེས་སྡུག་གི་བུ་མོ་ཞིག་ལ་མཁུར་མགོ་གཏད་འདྲའི།
རང་བྱུང་དང་ལྷུན་ཆགས་ཤིག་ལ་འཁྱུད་འཁྱུད་གནང་འདྲའི།
ཤིང་མཁར་དང་རྡོ་བའི་རི་མོ་སྟེ།
གྲམ་གཞུང་གི་ཆུ་མོ་དང་ན་ཐང་གི་མཚོ་མོ་ཡིན་སོང།
རྒྱང་རིང་ནི་གཙང་པོ་ཞིག་གི་ཕར་ངོགས་ཡིན་ཟེར།
རྒྱང་རིང་ནི་རི་བོ་ཞིག་གི་ལྟག་རྒྱབ་ཡིན་གསུངས།
སེམས་ཀྱི་བྱ་ཁྱུ་འདྲོགས་སླ་བའི་མཚོ་མོ་ཉིད་ནི།
ངའི་མཁུར་མགོར་འགྲིལ་བའི་དྭངས་གཙང་གི་མཆི་མ་རྡོག་གཅིག་སྟེ།
དྲན་གདུང་གི་ཁུད་སོར་སྤུངས་པའི་ཉི་འོད་དང་རྡེའུ་འབུམ་ཡིན།
དེའི་ཡང་སྟེང་ལ་འཕྲོས་པའི་འོད་དང་བསིལ་རླུང་གི་དྲོད་ཁོལ་ལགས། །