བོད་ལུགས་གསོ་བ་རིག་པའི་གཞུང་དུ་ལོ་གཅིག་གི་དུས་ཚིགས་དེ་དཔྱིད་དང་སོས་ཀ དབྱར། སྟོན། དགུན་དང་དགུན་སྨད་བཅས་དྲུག་ཏུ་དབྱེ་ཡོད། དེ་བཞིན་དུ་བོད་ལུགས་གསོ་བ་རིག་པའི་ངོས་ནས་མིའི་ལུས་ཁམས་ནི་རླུང་དང་མཁྲིས་པ། བད་ཀན་བཅས་ཉེས་པ་གསུམ་གྱིས་གྲུབ་པར་བརྗོད་ཡོད་ལ། ཉེས་པ་གསུམ་ལ་རྒྱུན་ལྡན་མ་ཡིན་པའི་འགྱུར་ལྡོག་བྱུང་ཚེ་མི་ལ་ན་ཚ་འབྱུང་བ་རེད།
དཔྱིད་ཀྱི་དུས་སུ་མིའི་ལུས་ཁམས་ཀྱི་འཇུ་སྟོབས་རིམ་བཞིན་ཇེ་ཞན་དུ་སོང་ནས་བད་ཀན་རིགས་ཀྱི་ནད་འབྱུང་སླ་བས། མི་རྣམས་ཀྱིས་ནས་བསྙལ་མ་དང་ཤ་སྐམ། སྦྲང་རྩི། སྒ་སྐྱ། ཆུ་ཁོལ་སོགས་མང་དུ་སྤྱོད་པ་དང་། རྒྱུན་པར་ལུས་པོ་འཕུར་མཉེད་བྱེད་ཅིང་། སྡོང་བོའི་གྲིབ་མའི་འོག་ཏུ་ངལ་གསོ་བྱེད་དགོས། སོས་ཀའི་དུས་ནི་ཧ་ལམ་ཟླ་བཞི་བ་ནས་ལྔ་བའི་བར་ཡིན་པས་ཟས་ཀྱི་ཕྱོགས་ནས་ཤ་སྐམ་དང་སྦྲང་རྩི། སོ་བ་སོགས་ལ་བསྟེན་པ་དང་། ཉི་སྒྲིབ་ལ་མཉམ་འཇོག་བྱས་ཏེ་རྒྱུན་པར་ཆུ་འཁྱག་གིས་ལུས་ཕུང་བཀྲུ་དགོས། དེ་མིན་ཆང་སླ་བོ་འཐུང་བ་དང་ལྭ་བ་སྲབ་མོ་གྱོན་པ། སྲིབ་ཕྱོགས་དང་གྲིབ་བསིལ་ལྡན་པའི་སྡོད་ཁང་དང་སྡོང་འོག་ཏུ་བསྡད་ན་ལེགས། དབྱར་གྱི་དུས་སུ་མི་རྣམས་ལ་བད་ཀན་གྱི་ནད་ཕོག་སླ་བས་ལུག་ཤ་དང་འོ་མ། དེ་མིན་འཇུ་སླ་བའི་ཟས་རིགས་བསྟེན་པ་ལས་ཉི་འོད་འོག་ཏུ་དུས་ཡུན་རིང་པོར་སྡོད་མི་རུང་བ་དང་། འཁྲིག་སྦྱོར་མང་དུ་བྱས་ན་མིའི་དོན་ལྔའི་བདེ་ཐང་ལ་གནོད་པ་ཐེབས་སྲིད། སྟོན་གྱི་དུས་སུ་མཁྲིས་པའི་ནད་རིགས་འབྱུང་སླ་བས་སྔོན་འགོག་བྱེད་རྒྱུ་ཤིན་ཏུ་གལ་ཆེ། མངར་བ་དང་ཁ་བ། བསྐ་བའི་ཟས་རིགས་བསྟེན་པ་དང་ཤིང་ག་པུར་དང་ཙན་དན་གྱིས་བདུག་པའི་ལྭ་བ་གྱོན་ན་ལེགས། དགུན་གྱི་དུས་སུ་མི་རྣམས་ཀྱིས་ལྭ་བ་མཐུག་པོ་གྱོན་ནས་ལུས་པོ་འཁྱགས་སུ་མི་འཇུག་པ་དང་། ལུས་སྟེང་དུ་སྣུམ་བྱུག་པ་དང་བཅུད་ལྡན་ཟས་རིགས་བསྟེན་པར་མ་ཟད། ད་དུང་ཤ་ཁུ་མང་དུ་འཐུང་ནས་ལུས་པོའི་དྲོད་ཚད་སྲུང་འཛིན་བྱས་ན་བཟང་། བོད་ལུགས་གསོ་བ་རིག་པའི་གཞུང་དུ་ལུས་ཁམས་གསོ་བར་མཉམ་འཇོག་བྱེད་དགོས་ས་མང་དུ་བསྟན་ཡོད་དེ། དགུན་དུས་ལུས་ཁམས་གསོ་ན་བཅུད་ལྡན་གྱི་ཟས་ལ་བསྟེན་ན་ལུས་པོར་དྲོད་ལྡན་པ་དང་གྲང་འཁྱག་འགོག་ཐུབ།
རྒྱུན་ལྡན་གྱི་འགྲོ་འདུག་ཐད་ནས་བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་ལྟར་ན། ལུས་པོའི་བདེ་ཐང་བསམ་ན་སྨན་བཟང་པོ་དང་ཁ་འབྲལ་མི་རུང་ཟེར། ཉིན་རེར་དུས་ཚོད་ལྟར་གཉིད་པ་དང་། གལ་ཏེ་དགོང་མོར་གཉིད་མི་ཡོང་ཚེ་འོ་མ་དང་ཞོ་ཉུང་ཙམ་བསྟེན་པ་དང་ཆང་འོས་འཚམ་འཐུང་ན་གཉིད་ཁུག་པར་ཕན། དེ་མིན་བོད་ལུགས་གསོ་རིག་ནང་དུ་རྒྱུན་པར་འོ་མ་འཐུང་ན་ཁྲག་རླུང་གསོ་བ་དང་། ཁྲག་རླུང་གིས་མ་འདང་བར་ངལ་ཐང་ཆད་པའམ། ལུས་ཟུངས་ཞན་པ། གཉིད་མི་ཁུག་པ་སོགས་ལ་ཕན། །