དགེ་རྒན་2དང་སློབ་མ་3ཅན་གྱི་བུ་བཅོལ་ཁང་ཆུང་ངུ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-29



      སི་ཁྲོན་ཉིན་རེའི་ཚགས་པར་ཁང་ནས་གློག་འཕྲིན་འབྱོར་གསལ། “རྐང་འཁོར་བཞོན་དུ་འགྲོ” ཁུར་འགོ་དམར་བའི་ཕྲུ་གུ་གསུམ་གྱིས་བཀའ་དེ་ཐོས་མ་ཐག་དགའ་སྤྲོ་ཚད་མེད་སྐྱེས་ཤིང་མགྱོགས་པོར་སློབ་ཁང་ནས་ཐོན་སོང་། ཐང་ཆེན་དུ་ཕྲུ་གུ་ཆུང་ཆུང་གསུམ་གྱིས་བྱིས་པའི་རླངས་འཁོར་གཏོང་བཞིན་དགོད་སྒྲས་ཁེངས།
     “གཟུགས་ཆེ་བ་དེའི་མིང་ལ་དཔལ་བཟང་བཀྲ་ཤིས་ཟེར་བ་དང་། ཤ་རིད་པ་དེ་ནི་ཁོང་གི་ནུ་བོ་རོགས་པོ་རྒྱ་མཚོ་ཡིན། རྫིག་ཉམས་དོད་པོ་དེ་ནི་ཉི་མ་སྐྱབས་རེད། ང་ཚོའི་བུ་བཅོལ་ཁང་དུ་ད་ཆ་སློབ་མ་འདི་3ལས་མེད”ཅེས་བཤད། ཟླ་12ཚེས་24ཉིན་ཟུང་ཆུ་རྫོང་ཆིང་ཡུན་གྲོང་རྡལ་ཟླ་རྔ་རོ་གྲོང་ཚོའི་བུ་བཅོལ་ཁང་དུ། བྱིས་པའི་དགེ་རྒན་ཀྲང་ཧྲུའུ་མའེ་ཡིས་གསར་འགོད་པར་སློབ་མ་གསུམ་ངོ་སྤྲོད་བྱེད་སྐབས་མིག་ནང་དུ་ང་རྒྱལ་གྱིས་ཁེངས་འདུག  སློབ་ཁང་དུ་ལོག་པ་ན། ལོ་5ལ་སླེབས་པའི་དཔལ་བཟང་བཀྲ་ཤིས་ཀྱིས་སྨྱུ་གུ་དོན་ནས་ཨང་ཀི“1”“2”“3”བྲིས་པ་དང་། ལོ་3ལ་སླེབས་པའི་རོགས་པོ་རྒྱ་མཚོ་དང་ཉི་མ་སྐྱབས་ཀྱིས་སྤྱི་སྐད་ཐོག་ཐོགས་པ་མེད་པར་དྲི་བར་ལན་བཏབ…… ས་གནས་དེ་གའི་མིས་བལྟས་ན་འདི་དག་ནི་ཧ་ཅང་རྩ་ཆེ་བའི་ཡར་ཐོན་རེད།
     གྲོང་ཚོའི་ནང་གི་ས་ཆ་ཡག་ཤོས་ནི་བུ་བཅོལ་ཁང་ཡོད་ས་དེ་ཡིན།
     ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡོད་པའི་ཟླ་རྔ་རོ་གྲོང་ཚོ་ནི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་གྲོང་ཚོ་ཞིག་ཡིན་པ་དང་། དུད་ཚང་85བསྡད་ཡོད་ཅིང་། གཙོ་བོ་བོད་རིགས་ཞིང་འབྲོག་མང་ཚོགས་ཡིན། རི་སྐེད་དུ་གྲོང་ཚོའི་ས་ཆ་ཡག་ཤོས་སུ་བུ་བཅོལ་ཁང་བརྒྱབ་ཡོད་པ་དང་། ས་གནས་དེ་གའི་ཕྲུ་གུའི“སློབ་ཚན་དང་པོ”མང་ཆེ་བ་དེ་གར་འགོ་ཚུགས་ཀྱི་ཡོད།
     སྨི་གྲུ་བཞི་མ་126 ཅན་གྱི་ཁང་ལེབ་དང་དགེ་རྒན་2། སློབ་གྲྭ་ཆུང་ངུ་ཡིན་ཡང་སློབ་ཁང་དང་། བྱེད་སྒོ་ཁང་། ངལ་གསོ་ཁང་། ཐབ་ཚང་། གསང་སྤྱོད་བཅས་ཚང་མ་འཛོམས་ཡོད། དེ་བས་གལ་ཆེ་བ་ཞིག་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་གཞིར་བཟུང་གྲོང་ཚོའི་ཕྲུ་གུ་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་པར་ཚང་མར་རིན་མི་དགོས་པ་དང་ད་དུང་ཁ་གསབ་དང་འཚོ་བཅུད་ཟ་མ་ཡང་ཡོད་པ་རེད།
     བྱིས་པ་གསུམ་གྱིས་ཁང་བའི་ནང་དུ་དཔེ་ཆ་བལྟ་བའམ་རོལ་རྩེད་རྩེ་བཞིན་ཡོད། དགེ་རྒན་2ནི་འཚོ་བའི་དགེ་རྒན་ཡིན་ལ་རིག་གནས་དགེ་རྒན་དང་། ལུས་རྩལ་དགེ་རྒན། གུས་ལུགས་དགེ་རྒན་བཅས་ཀྱང་ཡིན་ལ། བདེ་འཇགས་ཤེས་ཁྲིད་མཁན་དགེ་རྒན་དེ་བས་ཀྱང་ཡིན། དགེ་རྒན་ལི་ཅ་ཧོ་ཡི་སྐད་ཆའི་ཐོག་ནས་བཤད་ན“རང་ཉིད་ཀྱིས་ཤེས་པ་ཚང་མ་ཁོ་ཚོར་བསླབ་ན་ཅི་མ་རུང”ཞེས་པ་དེ་རེད།
     ཟླ་རྔ་རོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧུའུ་ཆང་ལ་ད་དུང་ཐོབ་ཐང་ཞིག་ཡོད་པ་ནི་རྔ་བ་ཁུལ་སློབ་གསོ་ཅུས་སློབ་བསྡུ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རེད། ཁོང་གིས་གསར་འགོད་པར་ཟླ་རྔ་རོ་གྲོང་ཚོ་ནི་དཔེ་མཚོན་ཅན་གྱི་བོད་རིགས་གྲོང་ཚོ་ཞིག་ཡིན་ལ། བོད་རིགས་ཕྲུ་གུ་མང་པོས་སློབ་ཆུང་དུ་འགྲོ་བའི་ལོ་ཚོད་ལ་སླེབས་ཀྱང་ད་དུང་སྤྱི་སྐད་བཤད་ཤེས་ཀྱི་མེད་པ་རེད་ཅེས་བཤད་བྱུང་། རྔ་བ་ཁུལ་ཨུད་དྲིལ་བསྒྲགས་པུའུ་དང་ཁུལ་སློབ་གསོ་ཅུས་ཀྱིས་ཟླ་རྔ་རོ་གྲོང་ཚོར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ས་གནས་དེ་གའི་སློབ་གསོའི་དཀའ་གནད་ཐག་གཅོད་བྱས་ཏེ་ཕྲུ་གུ་དེ་བས་མང་བས་ཡི་གེ་འདོན་ཐུབ་པ་བྱ་རྒྱུ་དེ་རེད། 2017ལོར་བྱིས་པའི་སློབ་གསོའི་རྨང་གཞི་བརྟན་དུ་གཏོང་བའི་ཟླ་རྔ་རོ་བུ་བཅོལ་ཁང་འདི་ནས་བཙུགས་པ་རེད། བུ་བཅོལ་ཁང་གི་དགེ་རྒན་2ནི་ཁྱིམ་མཚེས་གྲོང་ཚོ་ནས་གདན་ཞུ་བྱས་པ་ཡིན་ལ་ཁོང་ཚོའི་གཞི་རྩའི་ལས་འགན་ནི། ཟླ་རྔ་རོ་གྲོང་ཚོར་སློབ་ལོ་སྔོན་གྱི་བྱིས་པ་སློབ་ཆུང་དུ་མ་བསྐྱོད་གོང་སྤྱི་སྐད་ཐོག་ནས་སྤེལ་རེས་ཐུབ་པར་བྱེད་པ་དང་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་སུ་འཇུག་པ་དེ་རེད།

     དེ་དང་ཆབས་ཅིག་གྲོང་ཚོ་ནང་གི་ཕྲུ་གུས་མཐོ་རིམ་སློབ་འབྲིང་འདོན་པ་དང་སློབ་ཆེན་དུ་བསྐྱོད་རྒྱུར་སྐུལ་མ་གཏོང་བའི་དྲིལ་བསྒྲགས་དང་རོགས་སྐྱོར། བྱ་དགའི་སྲིད་ཇུས་ཁག་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་པ་རེད།


     སློབ་མ་གཅིག་ལས་མེད་ན་ཡང་བརྟན་སྲུང་བྱེད་ངེས་ཡིན།
     དཔལ་བཟང་བཀྲ་ཤིས་ཀྱིས་བུ་བཅོལ་ཁང་དུ་ ལོ་གཉིས་ལ་སློབ་སྦྱོང་བྱས་པ་དང་ད་ཆ་སྤྱི་སྐད་ཐོག་ནས་སྤེལ་རེས་བྱེད་ཐུབ་པས། ཁོའི་ཨ་ཕ་བདུད་འདུལ་དབང་རྒྱལ་ཧ་ཅང་དགའ་པོ་བྱུང་སྟེ། “ཁོས་ད་དུང་གྲངས་ཀ་ངོས་འཛིན་དང་ཞབས་བྲོ་འཁྲབ་ཤེས་ཀྱི་ཡོད་པས་སང་ལོར་སློབ་ཆུང་དུ་སློབ་སྦྱོང་བྱེད་པར་སྐྱོད་སྐབས་གནད་དོན་ཡོད་རྒྱུ་མ་རེད”ཅེས་བཤད།
     སློབ་སྦྱོང་བྱས་ཚེ་གཞི་ནས་མདུན་ལམ་ཡོད་པ་ནི་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཁྲེང་ཏུའུ་དང་པེ་ཅིང་དུ་སློབ་ཆེན་འགྲིམ་པར་འགྲོ་ཐུབ་པ་ནི་དེ་བས་ཀྱང་ཚང་མའི་ཕུགས་འདུན་ཡིན། དབུལ་སྐྱོར་སློབ་རོགས་སྲིད་ཇུས་ཁག་གི་སྐུལ་འདེད་འོག་ཕུགས་འདུན་གྱི་མེ་ཏོག་བཞད་ཟིན་པ་སྟེ་གྲོང་ཚོའི་ནང་ད་ཆ་དངོས་གཞིའི་སློབ་མ་1དང་ཆེད་སྦྱོང་སློབ་ཆེན་གྱི་སློབ་མ་8གསོ་སྐྱོང་བྱས་ཡོད། “ང་ལ་རིག་གནས་མེད་པས་གོ་སྐབས་མང་པོ་ཤོར་སོང་། བུ་2ཀྱིས་ཡི་གེ་མང་ཙམ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ནོར་གནག་དང་ལུག་འཚོང་དགོས་ཀྱང་ངས་ཁོ་གཉིས་སློབ་སྦྱོང་བྱེད་དུ་འཇུག་གི་ཡིན”ཞེས་བདུད་འདུལ་དབང་རྒྱལ་གྱིས་བཤད།
     ཟླ་རྔ་རོ་གྲོང་ཚོ་དང་བར་ཐག་སྤྱི་ལེ་8ཡོད་པའི་ཆིང་ཡུན་གྲོང་རྡལ་གྱི་ལྟེ་གནས་སློབ་གྲྭ་ནི་ཟླ་རྔ་རོ་གྲོང་ཚོའི་ཕྲུ་གུ་ཕྱི་ཕྱོགས་སུ་སྐྱོད་པའི་ས་ཚིགས་དང་པོ་དེ་ཡིན་ལ་ཟླ་རྔ་རོ་གྲོང་ཚོ་བུ་བཅོལ་ཁང་གི་ཐད་གཏོགས་དོ་དམ་སྡེ་ཚན་ཡང་ཡིན། ལྟེ་གནས་སློབ་གྲྭའི་ཞོར་གཏོགས་བུ་བཅོལ་ཁང་དུ་ཕྲུ་གུ་200ལྷག་ཙམ་ཤོང་བ་དང་དགེ་རྒན་20ལྷག་ཙམ་ཡོད་པས་སློབ་གསོའི་ཐོན་ཁུངས་བལྟོས་བཅས་ཀྱིས་ཕུན་སུམ་ཚོགས་པོ་ཡོད། ཆ་རྐྱེན་འཛོམས་པའི་ཟླ་རྔ་རོ་གྲོང་ཚོའི་ཁྱིམ་ཚང་ཁག་ཅིག་གིས་ཕྲུ་གུ་གྲོང་རྡལ་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་པར་སྐྱེལ་པ་རེད། འོན་ཀྱང་ད་དུང་ཁྱིམ་ཚང་གི་ཆ་རྐྱེན་སྤྱིར་བཏང་ཡིན་པའི་ཞིང་འབྲོག་པའི་ཁྱིམ་ཚང་མང་པོས་ཕྲུ་གུ་གྲོང་རྡལ་དུ་སློབ་སྦྱོང་བྱེད་པར་སྐྱེལ་ཐབས་བྲལ་བས། གྲོང་ཚོའི་བུ་བཅོལ་ཁང་ལ་གནས་པའི་དོན་སྙིང་ལྡན་པ་རེད།
     ཀྲང་ཧྲུའུ་མའེ་ཡིས་གསར་འགོད་པར་བུ་བཅོལ་ཁང་དུ་མང་དུས་ཕྲུ་གུ7ཡོད་པ་དང་ཕྲུ་གུ་ཁ་ཤས་གྲོང་ཚོའི་བུ་བཅོལ་ཁང་དུ་དུས་ཚོད་ངེས་ཅན་ཞིག་ལ་སློབ་སྦྱོང་བྱས་ནས་ཐུན་མོང་གི་འཚོ་བ་ལ་འཚམ་པོ་བྱུང་རྗེས། གྲོང་རྡལ་གྱི་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་པར་བསྐྱོད་ཀྱི་ཡོད། “གཏོང་མི་འདོད་ཀྱང་ཕྲུ་གུ་ཚོས་དེ་བས་ལེགས་པའི་སློབ་གསོ་དང་ལེན་བྱེད་ཐུབ་པས་ང་ཚོ་ཡང་ཧ་ཅང་དགའ་པོ་བྱུང་ཡོད”ཅེས་བཤད།
     ཆིང་ཡུན་གྲོང་རྡལ་གྱི་ལྟེ་གནས་སློབ་གྲྭའི་སློབ་སྤྱི་ཁུང་ཧའོ་ཡིས་གསར་འགོད་པར“དགེ་རྒན་ཚོས་སྔོན་ལ་མཐིལ་རྟོགས་དང་སྐུལ་སློང་བྱས་ཟིན་པས་སང་ལོར་ད་དུང་ལོ་ན་རན་པའི་བྱིས་པ་4གྲོང་ཚོའི་བུ་བཅོལ་ཁང་དུ་བསྐྱོད་འདོད་ཡོད་པ་མ་ཟད། ཁུལ་དང་། རྫོང་། གྲོང་རྡལ་བཅས་ཀྱི་སློབ་གསོའི་སྡེ་ཁག་དང་ལྟེ་གནས་སློབ་གྲྭ་བཅས་ཚང་མས་ཟླ་རྔ་རོ་བུ་བཅོལ་ཁང་གཉེར་སྐྱོང་གང་ཐུབ་དང་གཉེར་སྐྱོང་ཡག་པོ་བྱས་ནས། ས་གནས་དེ་གའི་དགོས་མཁོ་ཡོད་པའི་ཞིང་འབྲོག་པའི་ཕྲུ་གུ་ཐག་ཉེ་སར་སློབ་་ལོ་སྔོན་གྱི་སློབ་གསོ་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡོད”ཅེས་བཤད། སློབ་གསོ་གྲོང་ཚོར་སྐྱེལ་བ་དང་། དགེ་རྒན་གྱི་བྱང་ཚད་མཐོ་རུ་གཏོང་བ། ཐོན་ཁུངས་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་རྒྱུན་མཐུད་ངང་རྗེས་སྙེག་བྱེད་བཞིན་ཡོད།
     ཀྲང་ཧྲུའུ་མེ་དང་ལི་ཅ་ཧོ་ཡིས“ང་ཚོ་ཆུང་དུས་བུ་བཅོལ་ཁང་དུ་སློབ་སྦྱོང་བྱས་མྱོང་མེད་པས་ད་ཆ་ངེས་པར་དུ་རི་ཁུལ་གྱི་ཕྲུ་གུ་ཚོར་སློབ་གསོ་དེ་བས་མང་བ་དང་ལེན་བྱེད་དུ་འཇུག་རྒྱུ་ཡིན།” སློབ་མ་གཅིག་ལས་མེད་ནའང་ཁོ་མོ་ཚོས་བརྟན་སྲུང་བྱེད་ངེས་ཡིན་ཞེས་བཤད། (http://tibet.people.com.cn/15833918.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1