ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཞི་ཉིན། རྒྱ་གར་དང་ཨིར་ལན། ཁུན་ནེ་ཡཱ། མའོ་ཞི་ཁོ། ནོར་ཝེ་བཅས་རྒྱལ་ཁབ་ལྔའི་རྒྱལ་དར་བསྒྲེངས་པའི་མཛད་སྒོ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོམས་ཆེན་ཕྱི་རོལ་ནས་སྤེལ་བ་དང་། དེ་ལས་རྒྱལ་ཁབ་ལྔ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་ལས་འགན་ཁུར་མགོ་བརྩམས་པ་མཚོན་ཡོད།
ཚེས་བཞི་ཉིན་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་ཉིན་དང་པོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཧཱ་སག་སི་ཐན་གྱི་འཐུས་མི་དབྱེ་ལེ་ཡཱ་སོ་ཧྥུའུ་ཡིས་ཉིན་དེར་རྒྱལ་དར་བསྒྲེངས་པའི་མཛད་སྒོར་མགོ་འཛིན་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཐུ་ནི་ཞི་ཡཱའི་འཐུས་མི་ལཱ་ཏི་པུའུ་ཡིས་གཏམ་བཤད་སྤེལ་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གསར་བར་དགའ་བསུ་ཞུས། རྒྱལ་ཁབ་ལྔའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མིས་སོ་སོར་གཏམ་བཤད་ཐུང་ངུ་སྤེལ་ནས་རྒྱལ་ཁབ་རང་རང་གི་རྒྱལ་དར་རིམ་པ་བཞིན་དུ་ཧཱ་སག་སི་ཐན་གྱིས་སྦྱིན་པའི་རྒྱལ་དར་སྟེགས་བུའི་སྟེང་བསྒྲེངས་པ་རེད།
རྒྱ་གར་སོགས་རྒྱལ་ཁབ་ལྔ་ཡིས་འཇར་མན་དང་ཏའོ་སྨི་ནི་ཀཱ་སྤྱི་མཐུན་རྒྱལ་ཁབ། ཨ་ཧྥེ་རི་ཁ་ལྷོ་མ། པུ་ལི་ཧྲི། ཧིན་རྡུ་ཉི་ཞི་ཡཱ་བཅས་ཀྱི་ཚབ་ཏུ་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་ལས་འགན་ཁུར་མགོ་བརྩམས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་གཞན་པ་ལྔ་ནི་ཨེ་སོ་ནི་ཡཱ་དང་ནེ་ཀྲིར། ཧྲིན་ཝུན་སུན་ཐི། ཀི་ལིན་ནཱ་ཏེན་སི། ཐུ་ནི་ཞི་ཡཱ། ཡོ་ནན་བཅས་རེད།
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་པ་དང་། དེའི་ནང་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པ་དང་། དེའི་འཕྲོའི་ཁོངས་གཏོགས་རྒྱལ་ཁབ་དག་ནི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཡིན་པ་རེད། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཡུན་ལོ་གཉིས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་འདེམ་བསྐོ་བརྒྱུད་དེ་ལོ་རེར་རྒྱལ་ཁབ་ལྔ་རེ་བརྗེ་སྤོར་བྱེད་བཞིན་ཡོད་ལ། བསྟུད་འགན་ཁུར་མི་རུང་། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་བཅུ་བོ་ས་ཁུལ་ལྟར་བགོ་བཤའ་བྱེད་པ་ཡིན་ཞིང་། ཨ་ཧྥེ་རི་ཁ་གླིང་དུ་རྒྱལ་ཁབ་གསུམ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ། ཡོ་རོབ་གླིང་ནུབ་མ་དང་ས་ཁུལ་གཞན་པ་བཅས་ལ་སོ་སོར་རྒྱལ་ཁབ་གཉིས་རེ། ཡོ་རོབ་གླིང་ཤར་མ་ས་ཁུལ་དུ་རྒྱལ་ཁབ་གཅིག་བཅས་ཡིན།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ཁུར་དུ་བླངས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་ཞིག་ཡིན་པ་རེད། །