གངས་རིའི་སྙིང་སྟོབས།——སྔོན་གྱི་གངས་རི་ཀུང་ཧྲེ་ཡི་ཏང་ཨུའི་ཧྲུའུ་ཅི། ཕུལ་བྱུང་གུང་ཁྲན་ཏང་ཡོན་བློ་མཐུན་ཐའོ་ཀྲིན་ཧྭ་དང་། གཞུང་ལམ་གསར་སྐྲུན་གྱི་ལས་ཀར་ཞུགས་པའི་གངས་འདབས་ཀྱི་ལས་བྱེད་ མང་ཚོགས་ཞེ་ལྔའི་ཞུམ་མེད་ཀྱི་གནས་ཚུལ་ཟིན་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


སྤྱིར་གནའ་མཁར་ཟི་ལིང་ནས་རྨ་ཡུལ་གླིང་དཀར་སྟོད་དུ་འབོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་རིི་ཡུལ་ཤོག་གི་བར་ཐག་ལ་སྤྱི་ལེ་དྲུག་བརྒྱ་ལྷག་གིས་ཆོད་ནའང་། ད་ཆ་བགྲོད་ལམ་ཧྲིལ་པོ་མྱུར་བགྲོད་གཞུང་ལམ་ཡིན་སྟབས་ཆུ་ཚོད་བདུན་ལྷག་གིས་བདེ་བླག་ངང་དམིགས་སར་འབྱོར་ཐུབ། ང་ཚོ་ཁུལ་ཐོག་ཏུ་འབྱོར་མ་ཐག་རྨ་ཆེན་རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་མི་སྣས་དགའ་བསུའི་སྣེ་ལེན་གང་ལེགས་བགྱིས་པ་དང་། ད་རེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་ལེགས་སྐྱེས་སུ་དབུལ་བྱའི་རླུང་འཕྲིན་འཁྲབ་གཞུང་གསར་རྩོམ་གྱི་ཐོག་མའི་གནས་ཚུལ་རྩད་ཞིབ་སྐོར་གྱི་བྱ་བའི་མགོ་མཇུག་བར་གསུམ་ལ་རོགས་འདེགས་ཀྱི་མི་སྣའང་གཏན་འཁེལ་བྱས་ཟིན། 2020ལོའི་ཟླ་12པའི་ཚེས་8ཉིན་གྱི་ཞོགས་པར། རྫོང་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་པའི་འགྲོ་རོགས་འོག་ང་ཚོ་གཞི་ནས་སྙན་པའི་བ་དན་གངས་ལྗོངས་སྲིད་རྩེ་རུ་གཡོ་བའི་ཨ་མྱེས་རྨ་ཆེན་གངས་རིའི་འདབས་སུ་ཆགས་ཡོད་པའི་གངས་རི་ཡུལ་ཤོག་ལ་བསྐྱོད་པ་ཡིན། གངས་རི་ཡུལ་ཤོག་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཡུལ་ཤོག་ཅིག་ཡིན་པ་དང་།མགོ་ཁུངས་གངས་འདབས་སུ་གཏུགས་པའི་ཆུ་ཀླུང་ཆེན་པོ་གཡས་ཆུ་དང་གཡོན་ཆུ་གཉིས་འདྲེས་མཚམས་སུ་ཆགས་ཤིང་མཚོ་ངོས་ལས་མཐོ་ཚད་ལ་སྨི་4562ཡོད། ང་ཚོ་གངས་རི་ཡུལ་ཤོག་ལ་འབྱོར་མ་ཐག་ཡུལ་ཤོག་གི་འགོ་ཁྲིད་ཀྱི་སྣེ་ལེན་འོག་རྨ་ཆེན་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་གྱི་སྒོར་ཁྲི་ལྔ་བཅུའི་རོགས་སྐྱོར་ལ་བརྟེན་ནས་གངས་རི་ཡུལ་ཤོག་སྲིད་གཞུང་གིས་2018ལོའི་ཟླ་12པར་ལེགས་གྲུབ་བྱས་ཞིང་། གངས་རི་ཡུལ་ཤོག་གི་ལས་བྱེད་མང་ཚོགས་ཀྱིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་སྒོར་ཁྲི་གཉིས་དང་སྟོང་ལྔ་གྲབས་གསོག་བྱས་ཏེ་བློ་མཐུན་ཐའོ་ཀྲིན་ཧྭ་ལ་ཟངས་སྐུ་ཞིག་བཞེངས་ཡོད་པའི་ གངས་རི་ཡུལ་ཤོག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སྟེ“གངས་ལྗོངས་ཕོ་རྒོད་ཐའོ་ཀྲིན་ཧྭ་ཡི་རྗེས་དྲན་ཁང”དུ་བསྐྱོད། གངས་རི་ཡུལ་ཤོག་གི་ཆེད་བསྐོས་འགྲེལ་བཤད་པས་ཡིག་འབྲུ་ན་གཅིག་ཀྱང་མ་ལུས་པར་ང་ཚོར་བློ་མཐུན་ཐའོ་ཀྲིན་ཧྭ་དང་སྐབས་དེའི་གངས་རིའི་ཡུལ་མིའི་དཔུང་རྡང་མཉམ་འབྲེལ་གྱིས་སྡོམ་ཁོག་ནས་གངས་རི་ཡུལ་ཤོག་གི་བར་གྱི་སྤྱི་ལེ་57གྱི་གཞུང་ལམ་གསར་བསྐྲུན་བྱས་པའི་ཞུམ་མེད་ཀྱི་སྙིང་སྟོབས་དང་བློ་སྤོབས་ཀྱི་ཤུལ་རྗེས་ཇི་སྙེད་རི་མོ་དང་པར་རིས་ཀྱི་ལམ་ནས་གསལ་བཤད་བྱས་པ་དང་། ཁོ་བོས་ཀྱང་སྐབས་དེའི་ཁོ་ཚོའི་ངལ་རྩོལ་ཡོ་བྱད་ཉག་ཅིག་སྟེ་འཇོར་དང་ལྕགས་ཁེམ། སླེ་བོ། སྟ་རེ། སོག་ལེ། ལྕགས་ཟེའུ། རྣོ་འབིག་སོགས་དང་དེ་མིན་སྐབས་དེའི་འཚོ་བའི་ཡོ་བྱད་ལས་གཞན། བློ་མཐུན་ཐའོ་ཀྲིན་ཧྭ་ཡི་ཕྱག་བྲིས་དངོས་དང་ཁོང་ལ་ཐོབ་པའི་གཟེངས་རྟགས་སྣ་ཚོགས། ཁོང་གི་ཆེས་བབ་ཆགས་པའི་རས་བལ་གྱི་གྱོན་གོས་སོགས་ལ་ཞིབ་ལྟ་བྱ་བཞིན། ལོ་རབས་བདུན་ཅུའི་སྐབས་ཀྱི་བྲག་གཟར་མཛོ་མོ་དགུ་འཕྲང་དང་བློ་མཐུན་ཐའོ་ཀྲིན་ཧྭ་དང་གངས་རིའི་ཡུལ་མི་རྣམས་ཀྱི་བློ་དཀར་སྟོབས་ལྡན་གྱི་བྱས་རྗེས་ལ་སྨོན་པ་ཞེ་དག་ཅིག་གཏིང་ནས་སྐྱེས་བྱུང་།

གཞུང་ལམ་གསར་སྐྲུན་གྱི་ལས་ཀར་ཞུགས་པའི་ལས་བྱེད་མང་ཚོགས་ཞེ་ལྔ་ལས་ད་ལྟ་སྐུ་འཚོ་བཞུགས་ཡོད་པའི་ཚབ་བྱེད་མི་སྣ་འགའ།

བློ་མཐུན་ཐའོ་ཀྲིན་ཧྭ་ནི་1929ལོའི་ཟླ་2པའི་ཚེས་14ཉིན་ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཡུས་ཞང་གྲོང་རྡལ་ཆིན་ཧྭ་སྡེ་པར་སྐྱེས། 1956ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། 1949ལོའི་ཟླ་4པ་ནས1955ལོའི་ཟླ་12པའི་བར་དུ། ཁོང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་66པའི་ཧྲི་196རུ་སྔ་ཕྱིར་འཐབ་མོ་བ་དང་འཕྲིན་སྐྱེལ་མཁན། འཛིན་དཔོན་གཞོན་པ་དང་འཛིན་དཔོན། ལྡིང་དཔོན་གཞོན་པ་སོགས་ཀྱི་འགན་ཁུར་བ་དང་། ཨ་འགོག་ཁྲའོ་རོགས་ཀྱི་གཡུལ་འགྱེད་ཆེན་མོའི་འཐབ་འཛིང་ཁྲོད་དུའང་ཞུགས་མྱོང་། 1973ལོའི་ཟླ་9པ་ནས་1974ལོའི་ཟླ་7པར་གངས་རི་ཀུང་ཧྲེ་ཡི་ཧྲུའུ་ཅི་གཞོན་པའི་འགན་ཁུར་པ་དང་། 1975ལོའི་ཟླ་7པ་ནས་1979ལོའི་ཟླ་1པོར་གངས་རི་ཀུང་ཧྲེ་ཡི་ཧྲུའུ་ཅིའི་འགན་ཁུར།

 ཁུལ་དང་རྫོང་གི་འགོ་ཁྲོད་རྣམས་གངས་རི་ཡུལ་ཤོག་གི་གཞུང་ལམ་ལེགས་གྲུབ་བྱུང་བའི་མཛད་སྒོར་ཞུགས་པ།

དུས་རབས་སྔོན་མའི་ལོ་རབས་བདུན་ཅུའི་གངས་རི་ཀུང་ཧྲེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཡོངས་ཀྱི་ཀུང་ཧྲེ་བཅུ་ཡི་ཁྲོད་གཞུང་ལམ་མེད་པའི་ཀུང་ཧྲེ་ཉག་གཅིག་པུ་དེ་ཡིན། སྐབས་དེའི་གངས་རི་ཀུང་ཧྲེ་ནས་རྨ་ཆེན་རྫོང་བར་དུ་སྤྱི་ལེ་86ཡོད་པ་དེ་ལས་སྤྱི་ལེ་57ལ་གཞུང་ལམ་མེད། བཤད་རྒྱུན་ལ། དུས་རབས་སྔོན་མའི་ལོ་རབས་བཞི་བཅུའི་སྐབས་སུ་ས་གནས་དེར་ཚོ་དཔོན་ཕྱུག་པོ་ཞིག་ཡོད་པ་དེས་གསེར་བཀྲུ་བརྒྱག་མཁན་ཞིག་ལ་མཛོ་མོ་དགུ་བྱིན་ནས་རོང་བྲག་དེར་མི་ཕྱུགས་ཐར་ལམ་གྱི་རིང་ཚད་ལ་སྤྱི་ལེ་18ཡོད་པའི་ལམ་ཕྲན་ཞིག་བཟོས་པ་དེར་ད་ལྟའི་ཡུལ་མི་ཚོས་མཛོ་མོ་དགུ་འཕྲང་ཞེས་འབོད་བཞིན་ཡོད། 1973ལོར་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་སྟེ་སྐབས་དེའི་གངས་རི་ཀུང་ཧྲེ་ཡི་ཧྲུའུ་ཅི་གཞོན་པའི་འགན་ཁུར་ཡོད་པའི་བློ་མཐུན་ཐའོ་ཀྲིན་ཧྭ་ཡིས་བྲག་གཟར་གྱི་རྐེད་པ་ནས་རྨ་ཆེན་རྫོང་ལ་འཐེན་པའི་ལམ་ཕྲན་རྟ་རྔ་འདྲ་བ་དེ་རུ་རྒྱུན་པར་གནག་ཕྱུགས་གཡང་ལས་ལྷུང་སྟེ་ཤི་བ་དང་། ནད་པ་ལྕི་མོ་ཁ་ཤས་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་ཐབས་བྲལ་ནས་ཤི་བ་སོགས་ཀྱི་གནས་ཚུལ་དངོས་མཐོང་རྗེས། ཁོའི་ཆེས་ཐོག་མའི་ཀུན་སློང་ནི་རང་ཉིད་མ་ཤི་བར་དུ་ཅིས་ཀྱང་གངས་རི་ཀུང་ཧྲེ་ལ་གཞུང་ལམ་ཁོད་ཡངས་ཤིག་བསྐྲུན་ཏེ་དམངས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན་དགོས་པའི་ཆོད་སེམས་བརྟན་པོ་དེ་རེད། འོན་ཀྱང་། གཞུང་ལམ་གསར་བསྐྲུན་གྱི་བསམ་འཆར་ལ་དང་ཐོག་རྫོང་རིམ་པའི་འགོ་ཁྲིད་ཀྱིས་མི་སྲོག་ལ་ཉེན་ཁ་ཆེ་བ་དང་དཔེ་ཡང་མི་སྲིད་པ་ཞིག་རེད་སྙམ་ནས་དགག་པ་ཚ་ནན་བཏང་པ་དང་གཅིག །གཉིས་སུ་གཞུང་ལམ་གསར་སྐྲུན་གྱི་ཀུན་སློང་ལ་འགྱུར་བ་མེད་ཀྱང་མ་དངུལ་དང་སྒྲིག་ཆས། ལག་རྩལ་བཅས་ཀྱིས་མི་འདང་བའི་འོག་མི་ཤུགས་ཁོ་ནར་བརྟེན་ནས་ཡོངས་འགྲུབ་བྱ་རྒྱུ་ནི་དངོས་གནས་དཔེ་མི་སྲིད་པ་ཞིག་ཡིན་པ་སོགས་ཀྱི་འགལ་བ་སྣ་ཚོགས་ཤིག་བྱུང་ཡང་། ཁོང་གི་ཐོག་མའི་ཀུན་སློང་ལ་འགྱུར་བ་སྤུ་ཙམ་ཡང་མ་ཐེབས་པ་རེད། ཐའོ་ཀྲིན་ཧྭ་ཡིས་ཀུང་ཧྲེའི་ལས་བྱེད་པ་ཚན་སྐོར་འགར་བགར་རྗེས་དུད་ཁྱིམ་900ལྷག་གི་ཁྱིམ་ལ་དངོས་སུ་སྐྱོད་དེ་ཁྱིམ་ཚང་གི་མི་གྲངས་དང་དཔལ་འབྱོར་གྱི་ཐོན་ཁུངས། ཐོན་སྐྱེད་འཚོ་བ། ཕྱུགས་ཟོག་གི་ཁ་གྲངས། རྩྭ་སའི་ཐོན་ཁུངས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ཐོ་འགོད་བྱས། དེ་ལྟར་གངས་རི་ཀུང་ཧྲེ་ཡི་ཆ་རྐྱེན་ངོ་མར་རྒྱུས་ལོན་བྱས་པ་དང་རི་གཟར་ལུང་ཟབ་ཏུ་འཚོ་བའི་གངས་རི་པར་མེས་པོ་རབ་བརྒྱུད་ནས་བཟུང་། ཕྱི་རོལ་གྱི་འཇིག་རྟེན་ལ་འབྲེལ་ཐག་འཛིན་ཐབས་བསྐལ་བའི་འཚོ་བ་སྐྱོ་མོའི་མངོན་སུམ་སྣང་ཡུལ་གྱི་ལོ་རྒྱུས་རྩ་བ་ནས་མཇུག་བསྡུ་ཆེད་ཁོས་ཅི་ནས་ཀྱང་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུར་ཁས་ལེན་དམ་བཅའ་བྱས། 1974ལོའི་དབྱར་ཁར། ཀུང་ཧྲེའི་ཏང་ཨུ་དང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་སྔ་རྗེས་སུ་ཐེངས་གཉིས་ལ་ཀུང་ཧྲེའི་རིམ་པ་གསུམ་པའི་ལས་བྱེད་པའི་ཚོགས་འདུ་བསྐོངས་པ་དང་། སྡོམ་ཁོག་ནས་གངས་རིའི་གཞུང་ལམ་བཀོད་འདོམས་པུའུ་གསར་དུ་བཙུགས། བློ་མཐུན་ཐའོ་ཀྲིན་ཧྭ་ཡིས་སྤྱི་ཁྱབ་བཀོད་འདོམས་པ་ཡི་འགན་ཁུར་བ་དང་ཀུང་ཧྲེའི་ཧྲུའུ་ཅི་གཞོན་པ་ཆོས་བྷོ་ཡིས་སྤྱི་ཁྱབ་བཀོད་འདོམས་གཞོན་པའི་འགན་ཁུར། ཁོངས་མི་བསོད་གྲགས་ཀྱིས་ཡིག་སྒྱུར་གྱི་འགན་ཁུར། དར་རྒྱས་ཀྱིས་སྨན་པའི་འགན་ཁུར། ཚིང་ཅན་ཝུན་གྱིས་ལག་རྩལ་པའི་འགན་བཅས་ཁུར་བ་རེད། རུ་ཆེན་གཉིས་ཀྱི་ཐོན་སྐྱེད་རུ་ཁག་བརྒྱད་ལས་མི་ལྔ་རེ་བསལ་འདེམ་བྱས་ཏེ། 1975ལོའི་ཟླ་5པའི་ཚེས་1ཉིན་ཏེ་རྒྱལ་སྤྱིའི་ལྔ་གཅིག་ངལ་རྩོལ་དུས་ཆེན་ཉིན་སྡོམ་ཁོག་ཀུང་ཧྲེ་ནས་གཞུང་ལམ་གསར་འཛུགས་ཀྱི་མཛད་སྒོ་དངོས་སུ་སྤེལ་བ་རེད། མཛད་སྒོའི་སྟེང་བློ་མཐུན་ཐའོ་ཀྲིན་ཧྭ་ཡིས“དེ་རིང་ནི་ང་ཚོ་གངས་རིའི་བུ་དང་བུ་མོ་རྣམས་ཀྱིས་ནམ་ཡང་བརྗེད་མི་རུང་བའི་ཉིན་མོ་ཞིག་ཡིན་ཏེ། ཉིན་དེ་རིང་ནས་བཟུང་ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་རི་གཟར་བདེ་སྙོམས་དང་ཆུ་བོར་ཟམ་ཆེན་འཕངས་ནས་གཞུང་ལམ་གསར་སྐྲུན་བྱ་འགོ་བརྩམ་པ་ཡིན། ང་ཚོས་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་ཡི་གཅིག་ཏུ་དཀའ་ཁག་ལ་མི་སྐྲག་པ་དང་གཉིས་སུ་འཆི་རྒྱུར་མི་སྐྲག་པའི་གསར་བརྗེའི་སྙིང་སྟོབས་གཞིར་བཟུང་ནས། ལོ་ངོ་བཞི་ནས་ལྔ་དགོས་ཀྱང་ང་ཚོ་རང་ཉིད་ཀྱི་ནུས་པར་བརྟེན་ནས་རྫོང་ནས་ཀུང་ཧྲེའིི་བར་ལ་གཞུང་ལམ་བསྐྲུན་དགོས”ཞེས་ཧྲན་ཞི་སྐད་ཀྱིས་གསུང་བཤད་ཀྱི་རྟིང་སྐུལ་འོག །གངས་རིའི་བུ་རྒོད་དག་གིས་ཀྱང་རྨ་ཆེན་གངས་རི་བཞིན་གཡོ་སྒུལ་སྤུ་ཙམ་མེད་པར་དཔའ་སྤོབས་ངར་མ་གཞུང་ལམ་གསར་སྐྲུན་གྱི་སྟེང་ལ་བཀོལ་འགོ་བརྩམས།

སྡོམ་ཁོག་ནས་གངས་རི་ཡུལ་ཤོག་བར་གྱི་གཞུང་ལམ་ལེགས་གྲུབ་བྱུང་བར་དར་ཚོན་གཅོད་བཞིན་པའི་ཡུལ་དངོས།

 གངས་རི་ཡུལ་ཤོག་གི་མང་ཚོགས་ཀྱིས་རླངས་འཁོར་ཤར་གཏོང་ཐུབ་པར་གླུ་གར་གྱི་མཆོད་པ་ཕུལ། 

གངས་རི་ཡུལ་ཤོག་སྲིད་གཞུང་གི་ངོ་སྦྱོར་བྱས་པ་བརྒྱུད། གསར་འགོད་པས་སྐབས་དེའི་གཞུང་ལམ་གསར་སྐྲུན་གྱི་ལས་ཀར་ཞུགས་མཁན་ཏེ་ད་ལོ་ལོ་68ལ་འསོན་པའི་ཨ་ཁུ་མ་ཚེ་དང་ལྷན་དུ་མཛོ་མོ་དགུ་འཕྲང་ལ་བསྐྱོད་ནས་དེའི་སྐོར་གྱི་གནས་ཚུལ་རྒྱུས་ལོན་བྱས། ཨ་ཁུ་མ་ཚེ་ཡིས་ཕྱིར་དྲན་གྱི་ཚུལ་གྱིས་བཤད་རྒྱུར། དང་ཐོག་ཁོ་རང་གཞུང་ལམ་འཛུགས་སྐྲུན་གྱི་བྱ་བཞག་རླབས་པོ་ཆེ་དེར་ཞུགས་སྐབས་ལོ་ཉི་ཤུ་ཙམ་ཡིན་ལ། ཁོའི་ལས་ཀའི་འགན་འཁྲི་གཙོ་བོ་ནི་མཛོ་མོ་དགུ་འཕྲང་གི་བྲག་གཟར་ལ་འགད་རྫས་བཞག་སྟེ་བྲག་རི་བསྙིལ་རྒྱུ་དེ་ཡིན་ལ། དེ་དུས་ཁོ་ལ་མཆོངས་རྩལ་སྐྱེན་ཞིང་སྟོབས་ཤུགས་ལྡན་པ་མ་གཏོགས། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་དངོས་གནས་སྐྱི་གཡའ་བ་ཞིག་རེད། ནང་སྒོས་སུ་སྐབས་དེར་གཞུང་ལམ་འཛུགས་སྐྲུན་ཁྲོད་ཞུགས་མཁན་གྱི་ཡུལ་མི་བཞི་བཅུ་པོ་དེ་དག་གིས་ཉིན་ལ་མཚན་མཐུད་ནས་སྔ་ཕྱིར་ལོ་ངོ་བདུན་རྒྱུན་བསྐྱངས་ནས་འོངས་པ་ནི་དངོས་ནས་ད་ལྟའི་ན་གཞོན་དག་ལ་བཤད་ན་རྣར་མི་འགྲོ་བའི་ངོ་མཚར་གཏམ་རྒྱུད་ཅིག་རེད་ཟེར། ཁོས་མུ་མཐུད་ནས་བཤད་རྒྱུར། བློ་མཐུན་ཐའོ་ཀྲིན་ཧྭ་ནི་དམངས་ལ་བློ་དཀར་བ། སྙིང་སྟོབས་ལྡན་པ། ཆོད་སེམས་བརྟན་པ། དམིགས་ཡུལ་གསལ་བ། ཐབས་ཤེས་ཟུང་འཛོམས་ཤིག་ཡིན་པར་མ་ཟད། དང་ཐོག་ཁོང་གིས་ང་ཚོ་འབྲོག་མི་རྣམས་ལ་དམར་དམག་གི་འགྲོ་ལུགས་འདུག་སྟངས་སྦྱོང་བརྡར་བྱེད་དུ་བཅུག་པས་ང་ཚོས་དཀའ་ལས་ཁག་པོ་བརྒྱབ་སོང་། ད་དུང་ཁོང་ནི་སྐབས་དེ་དུས་ནས་བཟུང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཤིན་ཏུ་ལྡན་པའི་འགོ་ཁྲིད་བཟང་པོ་ཞིག་ཡིན་ཏེ། གཞུང་ལམ་འཛུགས་སྐྲུན་ཁྲོད་གལ་ཏེ་གཟུར་ཐུབ་ཚེ་ཁོས་ཤིང་སྡོང་རྐང་གཅིག་དང་ཆུ་མགོ་འཁྱིལ་གཅིག་ལའང་རང་དགར་གནོད་མི་བསྐྱལ་ཞེས་ཕྱིར་དྲན་གྱི་ཚུལ་གྱིས་སྨྲས་སོང་། ལོ་རབས་བདུན་ཅུའི་སྐབས་སུ། ད་ལྟའི་གངས་རི་ཡུལ་ཤོག་ནས་རྨ་ཆེན་རྫོང་ཐོག་ལ་འགྲོ་བར་རྟ་ཞོན་གཡག་ཞོན་གྱིས་བསྐྱོད་ན་ཉིན་ལམ་བདུན་བརྒྱད་ལྷག་དགོས་པ་དང་ད་ལྟ་སྤྱི་ལེ་གྱ་དྲུག་གི་ལམ་ལ་ཆུ་ཚོད་གཅིག་ལས་མི་དགོས། 1978ལོའི་ཟླ་10པའི་ཚེས་1ཉིན། དུས་ཡུན་ལོ་ངོ་བཞིའི་གཞུང་ལམ་འཛུགས་སྐྲུན་དང་བསྐྱར་གསོའི་ལོ་ངོ་གསུམ་བཅས་ཀྱི་བྱ་བ་བདེ་བླག་ངང་ཡོངས་སུ་ལེགས་གྲུབ་བྱུང་སོང་། གངས་རི་བའི་ཡུན་རིང་སྨོན་པའི་རྨི་ལམ་གྱི་དར་དཀར་ལྟ་བུའི་གཞུང་ལམ་དངོས་སུ་འགྲུབ་ནས་གངས་རིའི་ལོ་རྒྱུས་ལ་གཞུང་ལམ་གསར་པའི་ཤོག་ལྷེ་གསར་པ་ཞིག་བསྣན་སོང་། སྐབས་དེའི་ཁོ་ཚོའི་ལྷག་བསམ་རྣམ་པར་དག་པའི་འབད་བརྩོན་གྱི་དཔང་དུ། དུས་ད་ལྟ་ད་དུང་ཡང་ཨ་མྱེས་རྨ་ཆེན་གངས་རི་བརྟན་པོར་འགྲེང་ཡོད། སྐབས་དེའི་ཁོ་ཚོའི་ཞུམ་མེད་དཔའ་གདེང་གིས་དཀའ་ཚེགས་གླུ་གར་དུ་བསྒྱུར་བའི་སྙིང་སྟོབས་ཀྱི་རྒྱུན་ལ། དུས་ད་ལྟ་ད་དུང་ཡང་གངས་ཆུ་སྔོན་མོ་ཤང་ཤང་འབབ་བཞིན་ཡོད། སྤྱི་ལོ་2014ལོའི་ཟླ་3པའི་ཚེས་10ཉིན་བློ་མཐུན་ཐའོ་ཀྲིན་ཧྭ་གནའ་མཁར་ཟི་ལིང་ནས་སྐུ་གཤེགས་པ་དང་། སྐུ་མ་གཤེགས་པའི་སྔོན་དུ་ཁོས་ནམ་ཡང་གངས་རི་བརྗེད་མི་འདུག །དེ་བས་ཀྱང་གཞུང་དྲང་ལས་བརྩོན་གྱི་གངས་རིའི་ཡུལ་མི་ཚོ་བརྗེད་མི་འདུག །དེ་བཞིན་དུ་གངས་རིའི་བུ་དང་བུ་མོས་ཀྱང་བློ་མཐུན་ཐའོ་ཀྲིན་ཧྭ་བརྗེད་མི་འདུག །རྣམ་ཀུན་ཁོམ་སྐབས་ཕྲན་ཙམ་བྱུང་ཚེ། ཁོ་རང་དགའ་བའི་འབྲོག་སའི་མར་རྩམ་དང་དགུན་ཤ་ཁྱེར་ནས་ཁོང་ལ་གུས་སེམས་མཚོན་བཞིན། འདས་སོང་གི་དཀའ་ཁག་འཛུམ་མདངས་ཀྱིས་གླེང་བཞིན་བརྩེ་བའི་ཨ་ལོང་གཅིག་ཏུ་བརྒྱུས་ཡོད། །

རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོའི་རྣམ་པ།


རྩོམ་ཡིག་སྔོན་མ།
སྐལ་བཟང་བཀྲ་ཤིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1